ང་ནི་རང་ཉིད་ཀྱི་སྒྱུ་རྩལ་ལ་དགའ།
ལྷ་རིས་པ་ཚེ་རིང་ཀུན་ཁྱབ་ཀྱི་ངོ་སྤྲོད།
ཚེ་རིང་ཀུན་ཁྱབ་ནི། སྤྱི་ལོ་1983ལོར་ཁམས་ཡུལ་ཤུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཕ་རུས་འདན་ཤུལ་དང་མ་རུས་རུ་སར་ཡིན། ལོ་ངོ་བདུན་ལ་སོན་སྐབས་ཕ་ཀརྨ་ཀླུ་དབང་དྲུང་ནས་ཡི་གེའི་སྦྱོར་ཀློག་ལ་སྦྱང་མགོ་བཙུགས། ཀློག་ལེགས་པར་བྱང་རྗེས་ཀྱི་རང་ལོ་བཅུ་གཅིག་སྐབས་དགོན་པའི་འཚོགས་གྲྭལ་དུ་ཞུགས།
སྤྱི་ལོ་1995ལོར་རང་ལོ་བཅུ་གཉིས་ཐོག་ཀརྨའི་སྒར་བྲིས་པ་ཆེན་མོ་ཁུ་བོ་ནོར་བཀྲའི་དྲུང་ནས་ལྷ་རིས་སྤྱི་དང་ཁྱད་པར་ཀརྨའི་སྒར་བྲིས་ལ་སྦྱང་འགོ་བཙུགས། ལོ་གསུམ་ནང་ཐིག་རྩ་དང་། སྐྱ་རིས། སྣག་རིས། སྐྱ་ཐང་། ཚོན་སྡེབ། པིར་བཟོ། རས་གཞི་དབུར་བ། ཚོན་འདེབས་པ་སོགས་ལྷ་རིས་ཀྱི་རྨང་གཞི་ལེགས་པོ་སྦྱངས།
སྤྱི་ལོ་1998ལོར་མདོ་ཁམས་སྨད་ཀྱི་གདན་ས་ཆེན་མོ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བསྐྱོད་ནས་སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་མདོ་དང་སྔགས་ཀྱི་དབང་ཁྲིད་མན་ངག་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་རྙེད། དུས་མཚུངས་སུ་གཙང་རིག་སྐལ་བཟང་རྣམ་འདྲེན་མདུན་ནས་ཐ་སྙད་རིག་གནས་ལ་ཡང་སྦྱངས་པ་བྱས།
དེ་རྗེས་སླར་ཡང་སློབ་དཔོན་ནོར་བཀྲའི་དྲུང་ནས་སྒར་བྲིས་ཀྱི་ཞལ་ཐང་དངོས་འབྲི་བའི་མན་ངག་དང་ལག་ལེན་གྱི་དངོས་སྦྱོང་ནན་ཏན་བྱས་ནས་མཐར་ཕྱིན།
སྤྱི་ལོ་2003ལོར་རང་ཉིད་ཀྱི་ངོས་ནས་སྒར་ལུགས་ཆོས་ལོངས་སྤྲུལ་གསུམ་གྱི་ཞལ་ཐང་ཐོག་མ་བྱས་ཏེ་ལྷ་རིས་འབྲི་འགོ་བཙུགས། ཞོར་དུ་ལྷ་བྲིས་པ་གཞན་དག་གི་ཟུར་ནས་ཀྱང་སྨན་ལུགས་དང་བྱེའུ་སྒང་པའི་ལུགས་སོགས་ཀྱི་འབྲི་རྩལ་ལ་ཡང་སྦྱོང་བ་ཐོན་པར་བྱས་པས། ད་ལྟའི་ཆར་སྒར་སྨན་བྱེའུ་གསུམ་གྱི་ཚོན་ཐང་། མཚལ་ཐང་། ནག་ཐང་། གསེར་ཐང་སོགས་འབྲི་ཚུལ་སྣ་ཚོགས་ཀྱི་ནུས་རྩལ་ཡོངས་སུ་རྫོགས་ཡོད།
སྔ་རྗེས་སུ་དགོན་པ་ཁག་དུ་མའི་ཚོགས་ཆེན་འདུ་ཁང་གི་ཚོན་རིས་དང་ལྡེབ་རིས་བྲིས་པ་དང་། ཟངས་སྐུ་དང་འཇིམ་སྐུ་ཆེ་ཆུང་སྣ་ཚོགས་པའི་སྤྱན་འབྱེད་དང་། གྲང་གསེར་གསོལ་བ། གསེར་ཤོག་གླན་པ་སོགས་ལ་ཡང་ལག་ལེན་རྒྱུན་དུ་བྱས།
ཁྱད་པར་སྦྱིན་བདག་སྒེར་གྱི་བདེ་ཆེན་ཞིང་ཐང་བཅུ་ཕྲག་དུ་མ་དང་། གུ་རུ་མཚན་བརྒྱད། ཐུབ་དབང་། གནས་བརྟན་བཅུ་དྲུག། སྒྲོལ་མ་ཉེར་གཅིག། རྒྱལ་བ་རིགས་ལྔ། ལྟུང་བཤགས། ཕྱག་སྟོང་སྤྱན་སྟོང་། གཡུ་ལོ་བཀོད་པའི་ཞིང་ཁམས། མཁན་སློབ་ཆོས་གསུམ། རྡོར་སེམས། གུ་རུ་དྲག་པོ། ཉེ་སྲས་བརྒྱད། ཛམ་བྷ་ལ། གྲུབ་ཆེན་བརྒྱད་ཅུ། གནས་བརྟན་བཅུ་དྲུག་ཞལ་ཐང་ཉེར་གསུམ་པ། བཀའ་བརྒྱུད་གསེར་འཕྲེང་ཞལ་ཐང་བཞི་བཅུ་མ། ཕྱག་བཞི་པ། ཨ་ཕྱི་བཅས་སྒར་ལུགས་སུ་བཞེང་བ་དང་།
ཚེ་དཔག་མེད། ཁྲོ་བོ་མི་གཡོ་བ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་སོགས་བྱེའུ་སྒང་པའི་ལུགས་སུ་བཞེང་བ།
སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས། དར་ཧན་ཇིང་གིར་རྒྱལ་པོ་སོགས་སྨན་ལུགས་སུ་བཞེང་བ་བཅས་ཞི་བ་དང་ཁྲོ་བོ་ཕོ་རྒྱུད་དང་མོ་རྒྱུད་ཀྱི་རྩ་བ་གསུམ་དང་ཆོས་སྐྱོང་སོགས་ཀྱི་ཞང་ཐང་བརྒྱ་ཕྲག་ལྷག་འབྲི་བཞེང་བྱས་ཟིན།
ཁོང་གིས་བྲིས་པའི་ཞལ་ཐང་རྣམས་ནི་ཁོར་ཡུག་མཛེས་ཤིང་བརྗིད་པ། ལྟ་ན་སྡུག་པ། ཡིད་དུ་འོང་བ། ལྷ་ཚོགས་དང་མི་སྣ་རྣམས་གཟི་བྱིན་འབར་བ། དང་བ་འདྲེན་པ། ལྷུན་ཆགས་པ། གསོན་ཉམས་ལྡན་པ་སོགས་སྒྱུ་རྩལ་གྱི་དཔལ་ཤིན་ཏུ་ཕུན་སུམ་ཚོགས་པས་དགོན་སྡེ་དང་སྦྱིན་བདག་སོགས་གཟིགས་མོ་བ་རྣམས་ཀྱིས་དགའ་བསུ་དང་ཡིད་རང་ཆེན་པོ་གནང་།
སྤྱི་ལོ་2017ལོར་ཁམས་ཡུལ་ཤུལ་ཁུལ་ནས་“གཟུགས་མེད་རིག་གནས་ཤུལ་བཞག་ཀརྨའི་སྒར་བྲིས་ཞལ་ཐང་འགྲེམ་སྟོན་ཐེངས་དང་པོ་”བྱེད་སྐབས་བརྩམས་ཆོས་ཞལ་ཐང་དུ་མ་དེར་བདམས་ཐོན་བྱུང་ནས་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་། ཁུལ་རིག་གནས་ཅུའུ་གཉིས་ཀྱིས་གཟི་བརྗིད་དཔང་ཡིག་སྤྲད།
ད་ལྟའི་ཆར་ཡང་རྒྱུན་མཐུད་ནས་ཞལ་ཐང་སྣ་ཚོགས་འབྲི་བཞེང་དང་། སློབ་མ་ལྷ་རིས་པ་གསོ་སྐྱོང་། བདེ་ཆེན་འོད་གསལ་གླིང་གི་ལྷ་རིས་ཀྱི་དགེ་རྒན་སོགས་བྱེད་ཀྱིན་སྒར་ལུགས་གཙོ་བོ་དང་སྨན་བྱེའུ་ལུགས་ཞོར་དུ་བྱས་ཏེ་བོད་ཀྱི་རི་མོའི་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གནང་བ་ལ་བརྩོན་བཞིན་ཡོད་དོ། །
གུ་རུ་མཚན་བརྒྱད།
གུ་རུ་སྣང་སྲིད་ཟིལ་གནོན།
བདེན་ཆེན་ཞིང་བཀོད།
རྒྱལ་བ་རིགས་ལྔ།
རྫོགས་ཆེན་བླ་རྒྱུད།
གནས་བརྟན་ཆེན་པོ་ལམ་བསྟན།
མཉམ་མེད་དྭགས་པོ་ལྷ་རྗེ།
ཀརྨ་པ་བཞི་བ་རོལ་པའི་རྡོ་རྗེ།
ཁོང་གིས་གསེར་ཤོག་གླན་ཅིང་སྤྱན་འབྱེད་བྱས་པའི་ཐང་སྟོང་རྒྱལ་པོའི་ཟངས་སྐུ་ཆེན་པོ་ཞིག
ལྷ་རིས་པ་ཚེ་རིང་ཀུན་ཁྱབ་ཀྱི་འཕྲིན་ཕྲན་བཤེར་རིས། འོས་སྦྱོར་ཡི་གེ་འབྲི་མཁན། ཡུལ་ཤུལ་ཚེ་དབང་བཀྲ་ཤིས།
རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། གླིང་རུ་བ།
|