སྟག་མེད་སའི་སྟག་མོ་རྫོང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »སྟག་མེད་སའི་སྟག་མོ་རྫོང་།
སྟག་མེད་སའི་སྟག་མོ་རྫོང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-06-03ལྟ་ཀློག (6477)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྟག་མེད་སའི་སྟག་མོ་རྫོང་།

                                                                     ---དབེན་གནས་སྟག་མོ་རྫོང་དུ་མཇལ་སྐོར་དུ་སོང་བ།

   ངས་སྟག་མོ་རྫོང་ཟེར་བའི་མིང་དེ་སྔ་མོ་ནས་ཐོས་མྱོང་མོད་དུས་དེ་རིང་བར་དུ་ཐེངས་གཅིག་ལ་ཡོང་མ་ཐུབ། རྭ་རྒྱ་དགོན་པ་དང་སྟག་མོ་རྫོང་གཉིས་ཀྱི་བར་ན་སྤྱི་ལེ་བཞི་བཅུ་ཙམ་ཡོད་ཅིང་། ལམ་བར་འདི་ན་མཚམས་ཁང་བརྒྱད་ཅུ་ཡོད་ཟེར་མོད་གང་དག་ཡིན་པ་མི་ཤེས། ཕལ་ཆེར་བལ་ཝོའི་མཚམས་ཁང་དག་དང་། ལབ་རྩེ་དཀར་ལའི་མཚམས་ཁང་། རྒོད་པོ་རྫོང་། བྲག་རྫོང་སོགས་ཀྱི་མཚམས་ཁང་དག་ཡིན་ནམ་སྙམ།  གང་ལྟར་དེ་རིང་གཟའ་ཉི་མའི་གུང་གསེང་ཡིན་པས་ཆེད་དུ་སྟག་རྫོང་ལ་མཇལ་སྐོར་དུ་སོང་བ་ཡིན། འདིར་རྭ་རྒྱའི་གྲྭ་གཞོན་བསྟན་པ་བཟང་བོ་ཟེར་བས་རང་གི་ཕ་མའི་དགེ་རྩར་མ་ཎི་དུང་ཕྱུར་འདོན་ཆེད་གནས་འདིར་ཕེབས་ཏེ་ལོ་གཉིས་ལྷག་འགྲོ་བཞིན་འདུག   ད་དུང་འབའ་ཡུལ་ནས་ཕེབས་པའི་གཅོད་པ་བ་གཉིས་ཀྱང་འདུག  ཉི་མ་རེ་འགའ་དང་ཟླ་བ་གཅིག་ཙམ་ལ་མཚམས་ལ་ཕེབས་མཁན་རྒྱུན་ཆད་མེད་པར་ཡོང་གིན་འདུག་ཟེར།  

   སྟག་མོ་རྫོང་ནི་སྔོན་གྱི་སྐྱེས་ཆེན་མང་བོའི་རྣམ་ཐར་ནང་གསལ་བའི་སྒྲུབ་པ་ཉམས་ལེན་གནང་སའི་གནས་ཁྱད་པར་བ་ཞིག་ཡིན ཡབ་རྗེ་བླ་མ་གསེར་ཁང་བ། ཞབས་དཀར་ཚོགས་དྲུག་རང་གྲོལ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། ད་དུང་གྲུབ་མཐའ་རིས་མེད་ཀྱི་སྒྲུབ་པ་ཉམས་ལེན་གནང་མཁན་མང་བོ་གནས་འདིར་བྱོན་མྱོང་བ་མ་ཟད། དུས་ད་ལྟའང་ཕྱོགས་ཡར་མར་གྱི་མཚམས་པ་བ་མང་བོ་བྱོན་དང་འབྱོན་གྱིན་ཡོད།  གནས་འདིའི་མིང་ཐོགས་ཚུལ་ལ་བཤད་ཚུལ་འདྲ་མིན་འདུགསྟག་མོ་མ་བུ་འགའ་གནས་པས་དེ་ལྟར་ཐོགས་ཟེར་བ་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཕྱོགས་བཞིའི་བྲག་ངོས་སུ་གསལ་ལེར་མཐོང་བས་རྟགས་རྫོང་ཞེས་ཐོགས་པ་ཡིན་ཟེར་བ་སོགས་བཤད་ཚུལ་མང་། ལ་ལས་རྟགས་རྫོང་ལས་སྟག་མོ་རྫོང་མི་ཟེར་ཞེས་ཀྱང་བཤད། ད་དུང་རྟགས་རྫོང་ནོར་བུ་དགའ་འཁྱིལ་ཟེར་བས་སྟག་ཡོད་པས་མིང་དེ་ལྟར་ཐོགས་པ་མིན་ཟེར་མཁན་ཡོད་མོད། རྗེ་གསེར་ཁང་བའི་རྣམ་ཐར་དང་། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་ནང་དུ་སྟག་མོ་རྫོང་ཞེས་བྲིས་འདུག་པས་ཕལ་ཆེར་དེ་ལྟར་ཡིན་པར་སྣང་། སྔོན་ཆད་འདིར་སྟག་མང་བོ་ཡོད་ཟེར་མོད་ད་ལྟ་སྟག་གི་རྗེས་ཙམ་ཡང་མཐོང་རྒྱུ་མེད་པས་སྐྲག་སྣང་སྐྱེ་མི་དགོས།  འོན་ཀྱང་མཚམས་པ་བ་ཚོས་བཤད་ན་དགོང་མོར་སྒྲུབ་འཐུང་དུ་ཡོང་བའི་སེམས་ཅན་ཁྱད་དུ་འཕགས་ཞིག་གི་རྗེས་ཡོད་མོད་མིག་གིས་མ་མཐོང་ཟེར།  ད་དུང་འདིར་གླ་བ་དང་ཤ་བ་སོགས་རི་དྭགས་མང་བོ་ཡོད་པར་མ་ཟད། གསའ་ཟེར་བའི་གཅན་གཟན་དེའང་མཚམས་རེར་མཐོང་རྒྱུ་འདུག་ཟེར། གནས་འདི་ནི་སྔོན་བྱོན་བླ་མ་དམ་པ་དག་གིས་བྱིན་གྱིས་བརླབས་པའི་གནས་ཡིན་པས་སྟོབས་ཀྱིས་ཡིན་ནམ། འདིར་ཐོན་པ་ན་སེམས་ངོས་སུ་གཡའ་དག་པའི་སྣང་བ་ཞིག་འགོག་མེད་དུ་འཆར་ཞིང་ད་བར་དུ་གནས་འདིར་མ་ཐོན་པར་འགྱོད་པའང་སྐྱེ་རུ་འཇུག

   རིག་གསར་གྱི་རྙིང་བཞི་རྩ་གཏོར་ཟེར་བའི་རླུང་འཚུབ་ཀྱང་སྟག་མོ་རྫོང་དུ་ལྡང་བས་ཡོད་ཚད་ལྷག་མེད་ལྟ་བུར་བྱས་པའི་ཤུལ་རྗེས་ཀྱིས་སེམས་ལ་རྨ་ཁ་གསར་བ་ཞིག་བཏོད་སྲིད། ད་དུང་ལོ་འགའི་སྔོན་གྱི་གནའ་རྫས་སློག་མཁན་རྐུན་མ་དག་ཀྱང་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་འདིར་ཐོན་ཏེ་ཡར་སློག་ནར་སློག་བཅོ་བརྒྱད་བྱས་འདུག ད་སྐབས་འདིར་ཡོད་པ་ནི་སྔོན་གྱི་མཚམས་ཁང་གི་མཆོད་ཁང་ཡིན་ནམ་སྙམ་པ་ཞིག་དང་། སྔོན་གྱི་སྒོམ་གནས་ཡིན་ནམ་སྙམ་པ་ཞིག མཚམས་ཁང་འགའི་ཤུལ། ད་དུང་སྒྲུབ་ཆུ་ངོ་མཚར་བ་བཏུང་ན་རོ་ཞིམ་ཞིང་བསིལ་བ་ཞིག་ལས་ཅི་ཡང་མེད། འདིར་རིག་གསར་སྐབས་མེ་རྒྱབ་ཀྱང་འབར་མ་ཐུབ་པ་དང་རྟ་རེས་བརྒྱབ་ཀྱང་མ་ཆོད་པའི་བླ་སྡོང་ངོ་མཚར་བ་ཞིག་རི་ཁུགས་དེར་དྲོང་ངེར་ལངས་འདུག  འོན་ཀྱང་བླ་རྡོ་ཡིན་ཟེར་བའི་ཕ་བོང་ཞིག་འགད་རྫས་ཀྱིས་གཏོར་བའི་དུམ་བུ་དག་བླ་སྡོང་དེའི་འགམ་དུ་མཆི་མ་གཏོར་བའི་བྱིས་པ་འགའ་དང་མཚུངས་པར་རང་སར་འཐོར་འདུག  གོ་ཐོས་ལྟར་ན་བླ་སྡོང་དེ་ཚན་རིག་པས་བཏགས་དཔྱད་བྱས་པ་ལྟར་ན་ལོ་སུམ་སྟོང་འགོར་འདུག་ཟེར། ངའི་ཕ་ཡུལ་ན་ཤུག་སྡོང་ཧ་ཅང་མང་ཡང་འདི་ལྟ་བུའི་ཤུག་སྡོང་ཞིག་མཐོང་མ་མྱོང་། ང་ཚོ་མི་གསུམ་གྱིས་ལག་སྦྲེལ་བྱས་ན་ད་གཟོད་ཤུག་སྡོང་འདིའི་མཐའ་ཚད་འཇལ་ཐུབ་པ་ཙམ་རེད།

   ངོ་མཚར་བ་ཞིག་ནི་བྲག་རྐེད་ཀྱི་མཚམས་ཁང་ཞིག་གི་སྒེའུ་ཁུང་འགྲན་ནས་ལངས་ཏེ་བལྟས་ན་བར་སྣང་ཁམས་ནས་གླང་ཆེན་ཞིག་གི་སྣང་བརྙན་གསལ་ལེར་འཆར་བས་འདི་ལ་བསམ་བློ་ཡང་ཡང་བཏང་བ་ཡིན། ཕལ་ཆེར་མཚམས་ཁང་དེའང་ཆེད་དུ་དེར་ལས་པ་འདྲ། རྒྱུ་མཚན་སེམས་འདུལ་བ་ནི་གླང་ཆེན་སྨྱོན་པ་ཞིག་འདུལ་བ་དང་མཚུངས་པར་སྔོན་གྱི་བླ་མ་དག་གི་བློ་སྦྱོང་སྐོར་ན་ཤིན་ཏུ་མང་བོ་གསུངས་ཡོད། ལྷག་པར་ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་ནི་སེམས་འདུལ་ཚུལ་དཔེ་དང་སྦྱར་ནས་སྟོན་པའི་གཞུང་ཞིག་རེད། འདི་དག་ལ་བསམ་ན་ཕལ་ཆེར་མཚམས་ཁང་དེ་ནི་རང་སེམས་འདུལ་སའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པར་སེམས། འོན་ཀྱང་ངས་རང་སེམས་ལ་ག་ལེར་བསམ་ན་ངའི་སེམས་ནི་གླང་སྨྱོན་ཞིག་གམ་སྟག་སྨྱོན་ཞིག་དང་མཚུངས་པས་ཡང་ཡང་བསམ་མི་ཕོད་པར་གྱུར། ང་རང་ནི་སེམས་འདུལ་རྒྱུ་ཕར་ཞོག་སེམས་ཀྱི་གཞན་དབང་དུ་ཤོར་བའི་གཡོགས་པོ་གཡོགས་ནག་ཞིག་ཡིན་པས་ཅི་ཞིག་བྱ།

   ངས་བསམ་བློ་གཏོང་ཞོར་དུ་རི་གཤམ་དུ་བབས་པ་ཡིན། ཕྱི་མིག་ཅིག་བལྟས་པ་ན་བཀྲ་ཤིས་རྟགས་བརྒྱད་ཚང་བའི་རི་ངོགས་འདིར་ཁྱོད་རང་ཕྱིར་ཡོང་ངམ་ཞེས་པའི་དྲི་བ་ཞིག་གིས་གཡབ་མོ་བྱེད་ཀྱིན་པའི་སྣང་བ་ཞིག་ཤར་ཡང་། རང་སེམས་ལ་ཞིབ་འདང་ཞིག་བྱས་ན་ང་རང་མགྲོན་པོ་ཞིག་གི་ཚབ་ཏུ་འདིར་ཡང་ཡང་ཡོང་སྲིད་ནའང་གནས་བདག་ཅིག་ནམ་ཡང་བྱེད་མི་སྲིད་པའི་དྲན་པ་རབ་ཞིག་ཞིག་དང་ལྷན་ཏུ་རི་གཤམ་ལ་བབས་པ་ཡིན།

2018.5.20ཉིན་རྭ་རྒྱ་བཟོད་པས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ebm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྟག་མེད་སའི་སྟག་མོ་རྫོང་།   སྤེལ་མཁན།: ཞལ་ལྕེ་བ། སྤེལ་དུས:2018/6/3
རྒན་ལགས་བདེ་མོ།ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་གྱི་དཔེ་ཆ་དེ་ཁྱེད་ལ་ཨེ་ཡོད།དེ་གང་ན་བླུ་རྒྱུ་ཡོད་དམ།ངས་དེར་མཇལ་བསམས་ནས་ལོ་དུ་མ་འགོར་སོང་།འདིའི་སྐོར་གྱི་དཔེ་ཁུངས་ཤིག་མཁོ་སྤྲོད་བྱ་རོགས།བཀའ་དྲིན་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23496671
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།