ལྷ་ཆབ་སྦྱིན་པའི་པིར་རྩེ་ལས་བཞེངས་པའི་རྭ་རྒྱ་འཇིགས་མེད་རྒྱལ་མཚན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ལྷ་ཆབ་སྦྱིན་པའི་པིར་རྩེ་ལས་བཞེངས་པའི་རྭ་རྒྱ་འཇིགས་མེད་རྒྱལ་མ
ལྷ་ཆབ་སྦྱིན་པའི་པིར་རྩེ་ལས་བཞེངས་པའི་རྭ་རྒྱ་འཇིགས་མེད་རྒྱལ་མཚན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-05-25ལྟ་ཀློག (3605)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ངེས་དོན་གྱི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན།


ལྷ་ཆབ་སྦྱིན་པ།

ཟས་གོས་གནས་མལ་ཐོབ་དང་གོ་གནས་སོགས།།

གཏམ་སྙན་གྲགས་པའི་རྗེས་སུ་མི་འཇུག་ཀྱང་།།

གངས་ལྗོངས་དགེ་བའི་སློབ་གསོ་མི་གཏོང་བའི།།

རྭ་རྒྱའི་དགེ་སྦྱོང་དེ་ལ་ཕྱག་འཚལ་ལོ།།


ཁྱེད་ནི་སྲིད་པའི་རྫོང་ཆེན་ལ་གནས་པའི།།

འགྲོ་བ་གཅིག་ནི་ཅིས་ཀྱང་ཡིན་འོས་ཏེ།།

ཐམས་ཅད་ཉིད་དང་གཏན་ཏུ་མ་འདྲ་བས།།

བསྟོད་དང་བསྔགས་དང་དད་གུས་འདི་ལྟར་ཤོར།།


གོང་མ་ལྷ་ཡི་ལུང་བསྟན་མ་གནང་ཞིང་།།

མཁའ་འགྲོ་སྡེ་ལྔས་དབྱིངས་ནས་མ་སྐུལ་བར།།

སྔ་སོར་རི་དྭགས་རྭ་རྒྱའི་རྩེད་ར་དེ།།

དབྱངས་གསལ་སོ་བཞིའི་ཕོ་བྲང་ཉིད་དུ་བསྒྱུར།།


ཁྱེད་ལ་བདེ་བའི་བསླུ་བྲིད་མ་ཐེབས་པར།།

མི་ཚེ་ངལ་བ་ཆེན་པོའི་རྗེས་སུ་ཕྱོགས།།

གཞན་དོན་ཁོ་ནས་གར་ཡང་ཁྲིད་ནུས་པའི།།

སེམས་དཔའ་མགོ་སེ་ཁྱོད་ལ་སྙིང་ནས་འདུད།།


མ་དག་མི་སེམས་བྱི་དོར་བྱེད་ནུས་པའི།།

ཤེས་རབ་ཐབས་རྩལ་རྫོགས་པའི་འཇིག་རྟེན་མིག།

ཁྱེད་ཀྱི་ལྷག་བསམ་གངས་ཀྱི་རི་བོ་བཞིན།།

ས་ཆེན་མཛེས་པར་བྱེད་པའི་རྒྱན་གཅིག་ཉིད།།


ཁྱེད་ཀྱི་བྱམས་བརྩེ་ཙན་དན་དྲི་བསུང་གིས།།

གངས་ཀྱི་དཀྱིལ་འཁོར་བདག་ཏུ་གཟུང་གྱུར་ཏེ།།

མ་འོངས་སོན་རྩ་བུང་བའི་ཚོགས་རྣམས་ནི།།

མ་སྐུལ་ངང་གིས་འདུ་བའི་ཚུལ་ལ་བསྟོད།།


དམ་པ་དམ་པའི་དྲུང་དུ་མཛེས་པའི་གཏམ།།

ཤིན་ཏུ་བདེན་ནོ་ཁྱེད་ཀྱི་ཕྱག་ཟུང་ལྟའི།།

སློབ་དཔོན་བཛྲ་ཞབས་དང་ལྡོང་གི་མཚན།།

ཁྱེད་ཅག་དེང་གི་མཁན་སློབ་ཆོས་གསུམ་ཉིད།།


རྒྱུ་དང་འབྱོར་བའི་རྫོང་ལ་མི་ཆགས་པའི།།

༜བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།

ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ནི།།

བསྐྱངས་པའི་སློབ་བུ་ནམ་ལངས་སྐར་ཆེན་མང་།།


ཁྱེད་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྟེ།།

གཞན་དོན་ཁོ་ནར་གཞོལ་ལ་མི་ངལ་ཡང་།།

སྨྲ་བསམ་བརྗོད་ལས་འདས་པའི་མཛད་རྗེས་དག།

དྲན་པ་ཙམ་གྱིས་བདག་ནི་ངལ་བས་འཆི།།


འཇོར་དང་ལྕགས་ཁེམ་འཁུར་བའི་དགེ་སློང་ཁྱོད།།

རྨ་ཀླུང་དལ་གྱིས་འབབ་པའི་འགྲམ་ལ་འབྱོར།།

ཕྱིར་མི་ལྡོག་པའི་དམ་བཅའ་དེ་ཡི་སླད།།

ས་རྡོའི་གསེང་ནས་གངས་རིའི་ལས་དབང་བཙལ།།


ཨེ་མ་ངོ་མཚར་ཆེའོ་གྲྭ་རྐྱང་ཁྱེད།།

བྱ་དཀའི་མཛད་པ་རེ་རེའི་ཐུགས་བསྐྱེད་ཀྱིས།།

མཐིང་སྨུག་སྦྲ་གནག་རེ་རེའི་ཕུག་པ་ལ།།

དབྱངས་གསལ་སྒྲོན་མེ་སྦར་བའི་རྣམ་ཐར་རྨད།།


བོད་ཡུལ་སྟོད་སྨད་ཞིང་འབྲོག་ཐམས་ཅད་ནས།།

ཁྱེད་ཉིད་སྐྱབས་སུ་འཚོལ་བའི་གཞོན་སྐྱེས་དག།

གནའ་དེང་རིག་པའི་འདབ་གཤོག་གཉིས་ལྡན་ལྟར།།

རང་དབང་གར་གྱིས་འཕུར་བའི་བཀའ་དྲིན་ལྕི།།


བསམ་ཞིང་བསམ་ན་སྙིང་སྟོབས་མཆོག་བརྙེས་ཤིང་།།

རྒྱ་བོད་ཡིག་རིགས་གཉིས་ལ་མཁྱེན་པ་རྒྱས།།

ཁྱེད་ནི་གྲོང་ཁྱེར་སྐྱིད་པོའི་ཁང་བཟང་དུ།།

བག་ཉལ་ཉིན་མཚན་འདའ་ཡང་ཅིས་མ་ཆོག།


འོན་ཏང་མེས་པོའི་སྲོག་གི་གཟུངས་ཐག་དེ།།

སྙིང་ནས་གཅོད་པར་དཀའ་བའི་ཁྲེལ་གཞུང་དེས།།

ཁངས་ཆར་རླུང་འཚུབ་དྲག་པོའི་འབྲོག་ཐང་དུ།།

དཀའ་སྤྱད་རྐང་རྗེས་སྤར་འདི་ཨེ་མ་རྨད།།


དགེ་བཤེས་མཁན་པོའི་མིང་གི་གདན་ཐོབ་དག།

མ་བཞེས་གྲྭ་རྐྱང་ཁོ་ནའི་ཚུལ་བཟུང་སྟེ།།

སྐབས་འགར་ས་རྡོ་འཁུར་བའི་དཀའ་ཐུབ་དེ།།

ཐོས་ཚེ་མིག་མཐར་མཆི་ཞགས་ཡང་ཡང་འཁོར།།


སྔོན་ཚེ་རྣལ་འབྱོར་སྤྱོད་པའི་དྲང་སྲོང་དག།

བྲག་ཕུག་སྐམ་པོར་མངོན་སངས་རྒྱས་པ་ཡོད།།

ཁྱེད་ཀྱིས་གཞན་དོན་འབའ་ཞིག་གཉེར་བ་འདི།།

དོན་དུ་སངས་རྒྱས་ཁོ་ནའི་རྟགས་སུ་ངེས།།


ཁྱེད་ཡོན་ཉི་ཟླ་འབར་བའི་འོད་རླབས་ཀྱིས།།

གངས་རིའི་ལྗོངས་ཀྱི་མུན་པའི་སྣང་བ་བསལ།།

ཁྱེད་སྐུ་རྟག་བརྟན་མི་ཤིགས་ཐིག་ལེ་རུ།།

སྨིན་པར་སྐྱབས་གསུམ་ལྷ་ཡིས་གྲོགས་བྱེད་ཤོག།


ཚིག་སྤྱི་ཙམ་གྱིས་སློབ་གསོ་གླེང་མཁན་དང་།།

སྦམ་བཤད་ཁོ་ནས་རིག་གཞུང་འཆད་མཁན་མང་།།

ཁྱོད་ནི་དེ་ལྟ་མ་ཡིན་ལག་ལེན་དངོས།།

གཙོ་བོར་འཛིན་པའི་ངེས་དོན་སློབ་དཔོན་ཞིག།


འདི་ཙམ་དྲན་དང་ཐོས་དང་སྤེལ་བས་ཀྱང་།།

དུས་ཀྱི་མཐའ་འདིར་རིན་ཐང་ཤིན་ཏུ་ཆེ།།

མདོར་ན་སློབ་དཔོན་ཁྱེད་ཀྱི་མཚན་ཙམ་ཡང་།།

སྨྲ་བའི་སྟེགས་བུར་བབ་འདི་བསོད་ནམས་ཉིད།།


མཆན། ༜ ཚིག་འདི་མདོ་སྡེ་རྒྱན་ལས་དྲངས།


       ཅེས་པ་ནི་བཤེས་གཉེན་གནམ་གྱིས་ས་བཀབ་པ་ལྟ་བུ་མང་བོའི་ཞལ་གསུང་དྲོན་མོར་མྱངས་མྱོང་ཡང་། དྲེད་མོས་ས་བརྐོས་པའི་དཔེ་རུ་སོང་ཞིང་། ཀ་ངོ་ཡིག་ངོ་ཙམ་ཆོད་པ་འདི་ཡང་བཀོལ་སའི་གཞི་མ་རྙེད་པར་ལུས་པའི་སྤྲང་འཁྱམས་པ་ལྷ་ཆབ་སྦྱིན་པ་རུ་འབོད་པས། གྲོགས་པོའི་ངག་དང་དྲ་བའི་ཟ་ཟུར་ནས་དམ་པ་འདི་བའི་ལྷག་བསམ་དང་སྙིང་སྟོབས། མཛད་རྗེས་ཀྱི་ཆ་གང་མང་མཇལ་བས་དད་སེམས་དང་ཡི་རངས་དཔག་མེད་སྐྱེས་མྱོང་ནའང་། ད་བར་དུ་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཤོར་ནས་བསྟོད་པ་དང་བསྔགས་པ། མདོར་ན་དད་པའི་སེམས་འདུན་ཙམ་ཡང་་སྟོན་མ་ཐུབ། དེ་རིང་གུང་གསེང་དང་སྟབས་བསྟུན་ནས་རང་སེམས་མཚོན་པའི་ཡི་གེ་འགའ་བྲིས་པའི་དགེ་བ་ལ་བརྟེན་ནས། དམ་པ་ཁོང་དང་ཕྱག་རོགས་དགེ་རྒན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་བསམ་དོན་ལྷུན་གྱིས་འགྲུབ་པར་གྱུར་ཅིག་གུ

༢༠༡༨ ༥ ༢༥ ལ་གུས་པས་སྦྱར།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལྷ་ཆབ་སྦྱིན་པའི་པིར་རྩེ་ལས་བཞེངས་པའི་རྭ་རྒྱ་འཇིགས་མེད་རྒྱལ་མཚན།   སྤེལ་མཁན།: ས་སུ་ག་བ། སྤེལ་དུས:2018/6/3
མྱི་ལྡིང་ལོ་ལོན་ཁ་སླ་ཐལ་། ཧུ་ཧུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5865560
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号