གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་རྣམས་ལ་སྤྲིངས་པ་སྙིང་གཏམ་སྙིང་གི་རླབས་འཕྲེང་།
བཛྲ་ཚུལ་ཁྲིམས་རྒྱ་མཚོས།
བརྗིད་ཆགས་ཁྱུང་མགོན་ལྷུན་པོའི་མདུན་རོལ་དང་།།
ཡ་བུག་འབྲུ་དྲུག་ཐང་གི་ཐིག་ལེ་རུ།།
ཁྲ་ཆུང་མིག་གི་བདུད་རྩིར་བཞེངས་པ་ཡི།།
ཤེས་རིག་ནོར་བུའི་སློབ་གླིང་ཨེ་མ་མཚར།།
ལོ་རྒྱུས་མི་རིང་ལོ་ངོ་ཉི་ཤུ་ལྷག།
འོན་ཀྱང་གྲགས་སྙན་ཟླུམ་གཟུགས་གོ་ལར་ཁྱབ།།
ཕྱི་ནང་ནད་གདོན་བར་ཆད་མང་ན་ཡང་།།
དོན་ལྡན་ལང་ཚོའི་གཟི་བརྗིད་དགུང་ལ་བསྙེགས།།
ལ་ལས་ངན་རྒུ་བསྒྲིགས་ནས་སྨོད་ཀྱང་རུང་།།
འགའ་ཞིག་བཟང་དགུ་བཏུས་ནས་བསྟོད་ཀྱང་ཆོག།
གང་ཤེས་རང་གི་གཤིས་རྒྱུད་སྦྱོང་བྱེད་དུ།།
ལྟ་བའི་དགེ་སློབ་མང་བ་བདེན་པ་ཉིད།།
སེམས་ཅན་མོས་པ་མི་འདྲ་སྣ་ཚོགས་ཕྱིར།།
རྒྱལ་བ་ཡིས་ཀྱང་མགུ་བར་མི་ནུས་ན།།
རང་རང་ལྟ་བས་གཞན་ལ་སྨོད་པ་ནི།།
ཞིབ་ཏུ་བསམས་ན་ཡ་མཚན་ཆུང་ངུའང་མེད།།
གལ་ཏེ་ཚུལ་མ་ཤེས་པར་སྨོད་ན་ནི།།
དྲང་བོའི་ལམ་ནས་ལེགས་པར་ངོ་སྤྲད་ཆོག།
འོན་ཀྱང་ཕྲག་དོག་ངན་སེམས་ཅན་རྣམས་ལ།།
གནས་ལུགས་བཤད་ཀྱང་གནས་སུ་མཐོང་བ་དཀའ།།
འཇིགས་མེད་སྙིང་སྟོབས་རྫོགས་པའི་ཆོས་གྲོགས་དེས།།
རང་རིགས་ལ་རྒྱའི་རྒྱལ་མཚན་མཐོར་བསྒྲེངས་པས།།
བོད་ལ་དགའ་བའི་བོད་པ་མང་བོའི་ལྕེ།།
བསྟོད་ལ་བྲེལ་བའང་དོན་དང་མཐུན་པ་ཉིད།།
སྙིང་སྟོབས་ཆེ་ཡང་སྐུ་ཡི་བདེ་ཐང་དགོས།།
ལ་རྒྱ་ཡོད་ཀྱང་གཞན་གྱི་གཡོ་ལ་འཛེམས།།
གླིང་འདིའི་སྲོལ་བཟང་ཡུན་དུ་གནས་དགོས་ན།།
ཁྱེད་ཀྱི་བདེ་ཐང་གཙོ་ཞེས་སྙིང་ནས་ཞུ།།
བཤད་ན་སྨྲ་ལྕེ་བདེ་བས་ཀུན་གྱིས་བསྟོད།།
བྲིས་ན་སྙན་རྩོམ་ལེགས་པས་ཀུན་ཡིད་འགུག།
ཅི་ཞིག་བྱུང་ཡང་དད་པ་མི་འགྱུར་བའི།།
ལྡོང་རིགས་་ཡོན་ཏན་རྒྱ་མཚོ་བདེ་ལགས་སམ།།
དེང་སྐབས་ཁྱོད་ཀྱི་གྲགས་སྙན་ལྷ་ཡི་རྔ།།
འཛམ་གླིང་དབྱིག་འཛིན་སྒེག་མོས་དབྱངས་སུ་གྱེར།།
འོན་ཀྱང་ཡུན་རིང་བསྐྱངས་པའི་ཤེས་རིག་གླིང་།།
ནམ་ཡང་མ་བརྗེད་ནམ་རྒྱུན་བཞུགས་པ་བསྔགས།།
ཁྱོད་ནི་བདག་ཡིད་མགུ་བའི་སློབ་མ་དང་།།
དེ་ལས་ཀྱང་ནི་ཡུན་རིང་འདྲིས་པའི་གྲོགས།།
ཉིད་ཕྱིར་ཁྱོད་ལུས་བདེ་བས་ཕོངས་པ་ཡང་།།
བདག་གི་སེམས་ལ་ངེས་པར་ནད་དུ་ཆེ།།
བུ་སློབ་མང་བོའི་དབུས་ན་བརྗིད་ཀྱང་རུང་།།
ཆེ་ཆེ་མང་བོའི་དབུ་ཡིས་བཀུར་ཀྱང་ཆོག།
བདག་གི་སེམས་ན་ད་དུང་སློབ་མ་དང་།།
ཆོས་ཀྱི་གྲོགས་ཕྱིར་སྙིང་གཏམ་འཛེམས་མེད་ཡིན།།
སྐབས་འགར་སྐྱོན་གྱིས་བཟུང་སྟེ་བསྡིགས་ཀྱང་སྲིད།།
ལ་ལར་ཡོན་ཏན་བརྗོད་ནས་བསྟོད་ཀྱང་སྲིད།།
གང་ལྟར་དུང་ཞེན་ཟབ་མོའི་ཀློང་རིམ་ནས།།
འོངས་པས་ཐུགས་ལ་འགལ་བ་མེད་པར་མཛོད།།
གཞུང་ལ་མཁས་ཀྱང་མཁས་ཉམས་མི་སྟོན་ཞིང་།།
དགེ་བཤེས་ཡིན་ཡང་ང་རྒྱལ་མི་བྱེད་ལ།།
གཞན་སྐྱོན་མི་གླེང་རང་རྒྱུད་གཏན་འབེབས་པའི།།
རྭ་རྒྱ་འོད་ཟེར་བཟང་བོའང་བདེ་ལགས་སམ།།
ཡ་རབས་ཚུལ་འཆང་གཅོད་པ་ཡབ་ཡུམ་དང་།།
ཕན་སེམས་ཆེ་བ་བློ་ཉི་བློ་བདེ་དང་།།
རྩེད་ལ་དགའ་ཡང་བསམ་པ་རྣམ་དག་པའི།།
བྲག་དམར་བཀྲ་ཤིས་རྣམས་ཀྱང་བདེ་ལགས་སམ།།
དཀའ་སྡུག་ཁྱད་དུ་བསད་ནས་སློབ་གྲྭའི་ལས།།
སྣ་ཚོགས་གུས་པས་ལེན་པ་དར་རྒྱས་དང་།།
འཕྲིན་ལས་ཕུན་ཚོགས་རྣམས་ཀྱང་བདེ་ལགས་སམ།།
ཡོན་ཏན་ཡོད་ཀྱང་ངོམ་ལ་མི་དགའ་ཞིང་།།
བྱ་བར་འབད་ཀྱང་བྱས་རྗེས་མི་རྩོད་པའི།།
བཟོད་པ་བཟང་བོ་ཀརྨ་ལམ་བཟང་གཉིས།།
ལས་འཁུར་ལྕི་བས་ངལ་བར་མ་གྱུར་ཏམ།།
རྣམ་དཔྱོད་ལྡན་ཞིང་དེ་ལས་སྨྲ་ལྕེ་ཅན།།
རྐང་ཚ་འཕྲིན་ལས་གཞན་ཡང་གཞུང་དྲང་བའི།།
གཙུག་ཕུད་ཤེས་རབ་སོགས་ཀྱང་བདེ་ལགས་སམ།།
ད་དུང་སློབ་གྲྭའི་དར་རྒུད་སྙིང་དབུས་སུ།།
དམ་དུ་བཅིངས་པ་པད་མ་མཁའ་འགྲོ་དང་།།
པད་མ་དོན་གྲུབ་རྔ་དར་འཕྲིན་རྣམ་དང་།།
ཨ་མཆོག་མགོན་པོ་སྐྱབས་སོགས་བདེ་ལགས་སམ།།
དབྱིན་སྐད་དབྱངས་སུ་འགུགས་ལ་ཐོགས་མེད་པའི།།
བསམ་འཕེལ་རྡོ་རྗེ་རྡོ་སྦིས་བློ་གྲོས་དང་།།
ཙོང་ཁ་རྒྱལ་སྲས་སོགས་ཀྱང་བདེ་ལགས་སམ།།
སེམས་རྩ་དཀར་ཡང་ཁ་ཚིག་རྩུབ་མོ་དང་།།
ནད་ཀྱིས་མནར་ཡང་ནམ་ཡང་མི་ཁོམ་ཞིང་།།
ན་ཚོད་གཞོན་ཡང་གྲགས་པ་ཆེས་འབར་བའི།།
གྱི་ལིང་འཇིགས་མེད་ཉེ་ཆར་ཇི་འདྲ་འདུག
།
རིག་པ་རྒོད་ཀྱང་སྤྱོད་པ་ལྷོད་ལ་བབས།།
ལོ་ན་ཆུང་ཡང་རྒན་པོའི་བརྟུལ་ཞུགས་འཛིན།།
རྩོམ་ལ་དགའ་ཡང་དད་པ་མི་འགྱུར་བའི།།
བླ་ནག་སྐལ་ལྡན་བདེ་བར་ཡོད་ལས་ཆེ།།
ཅི་ལ་ཐུག་ཀྱང་སློབ་གླིང་འདི་ཡི་ཆེད།།
རང་ནུས་འདོན་ལ་དཔའ་བའི་གུ་རུ་དང་།།
གྲངས་རིག་རྩིས་གཞུང་ཐང་མར་བརྡལ་བ་ཡི།།
འབྲུག་རྩེ་རྣམས་ཀྱང་སྔར་བཞིན་ཡོད་ལགས་སམ།།
སྐད་གཉིས་སྨྲ་བར་དབང་འབྱོར་དོན་གྲུབ་རྒྱལ།།
ལས་ལ་བརྩོན་ལྡན་བྱང་ཆུབ་ལམ་བཟང་དང་།།
ངང་རྒྱུད་དྲང་བ་ཀླུ་མཚོ་སྒྲོལ་མ་མཚོ།།
སོགས་ཀྱང་ཤེས་རིག་གླིང་ན་ཡོད་ལགས་སམ།།
དབུས་གཙང་ཆོས་ཀྱི་ཞིང་ནས་སྐྱེས་ན་ཡང་།།
སེམས་པ་དཀར་བོ་ཨ་མདོའི་ཡུལ་ལ་འཁོར།།
ལྷ་སའི་བུ་མོ་ཨ་མདོའི་མགྲོན་པོ་སྟེ།།
བསོད་ནམས་ཆོས་སྒྲོན་ད་དུང་ཡོད་ལགས་སམ།།
འདིས་མཚོན་མིང་ནས་བཟུང་དང་མ་བཟུང་བའི།།
གླིང་འདིའི་དགེ་རྒན་ལས་བཟོ་རྒན་གཞོན་ཀུན།།
སེམས་དང་བསམ་པ་གཙང་མས་སློབ་གླིང་ཆེད།།
རིང་ནས་འབད་པའི་བྱས་རྗེས་སུ་ཡིས་བསུབ།།
གཞན་གྱིས་སྨད་ཀྱང་བདག་གིས་ཁྱེད་རྣམས་བསྟོད།།
གཞན་གྱིས་བརྗེད་ཀྱང་བདག་གིས་བརྗེད་མི་སྲིད།།
རང་གི་མི་ཚེ་རང་རིགས་ལ་རྒྱའི་ཆེད།།
བསྟིམས་ལ་དཔའ་བ་ཁྱེད་རྣམས་སྙིང་ནས་བསྟོད།།
བདག་ལ་བྱས་རྗེས་འདི་ཞེས་མེད་ན་ཡང་།།
གླིང་འདིའི་དར་རྒུད་སེམས་ནས་ཡལ་མ་མྱོང་།།
རྔུལ་ཆུ་བསགས་པ་མིག་གིས་མི་མཐོང་ཡང་།།
བཞག་པའི་རྐང་རྗེས་རྨ་འགྲམ་ས་ལ་འཐིམས།།
ལོ་ངོ་ཉི་ཤུར་ལང་ཚོ་འདི་ནས་ཟད།།
ལུས་ཀྱི་བདེ་ཐང་འདི་ཡི་ཆེད་དུ་བོར།།
ཐོབ་འོས་ཐོབ་ཐང་གླིང་འདིའི་དོན་དུ་བཞག།
གལ་ཏེ་ཆོས་བརྒྱད་མིན་ན་འགྱོད་པ་ཆུང་།།
འབྱུང་བཞིའི་ལུས་འདི་ཅུང་ཟད་མི་བདེ་ཞིང་།།
བྱ་བ་གཞན་ཡང་ཅུང་ཞིག་བསྒྲུབ་དགོས་པས།།
རེ་ཞིག་གདོས་བཅས་ལུས་འདི་་སློབ་གླིང་དུ།།
མ་ཐོན་ན་ཡང་སེམས་པ་སྔར་ནས་འབྱོར།།
གངས་རིའི་གཟི་མདངས་མ་ཉམས་དེ་ན་ཡོད།།
གཞོན་སྐྱེས་མང་བོའི་རེ་བ་དེ་ན་ཡོད།།
དེ་ཕྱིར་དེ་ཡི་བསྟན་པའི་གདུགས་དཀར་ཆེ།།
འདེགས་པའི་དཔུང་བ་མ་ལྷོད་བུ་སློབ་རྣམས།།
ནང་ནས་མཐུན་ན་གཞན་གྱི་དབྱེན་དཀྲུགས་ཀུན།།
རྡོ་རྗེ་བྲག་ལ་ཤིང་གི་ཕུར་བ་བཞིན།།
གནོད་པར་མི་འགྱུར་དེ་ཕྱིར་ཁྱེད་ཅག་རྣམས།།
མཐུན་སྒྲིལ་ཨ་ལོང་མ་ཞིག་བུ་སློབ་རྣམས།།
དགེ་རྒན་རྣམས་ཀྱིས་སློབ་མར་བྱམས་སྐྱོང་བྱོས།།
སློབ་མ་རྣམས་ཀྱིས་དགེ་རྒན་གུས་བས་བཀུར།།
ཀུན་ཀྱང་གངས་རིའི་ལ་རྒྱ་མ་ལྷོད་པར།།
སྐྱེ་འགྲོ་སྤྱི་ཡི་ཕན་བདེ་སྒྲུབ་འཚལ་ལོ།།
དེ་ལྟར་བྱོས་དང་བདག་ཀྱང་མི་རིང་བར།།
འོང་ངོ་འཇོན་ནུས་མེད་ཀྱང་རེ་ལྡན་འགས།།
རེ་བ་མི་གཏོང་ཙམ་དང་སློབ་གསོ་ཡི།།
ལས་དོན་སེམས་ན་ཡོད་པ་མཚོན་བྱེད་ཙམ།།
དེ་ལྟར་སྙིང་གཏམ་སྙིང་གི་འོ་མཚོ་ལས།།
བྱུང་བའི་འཕྲིན་ཡིག་འཕྲལ་མར་བྲིས་པ་འདི།།
བླ་བྲང་བཀྲ་ཤིས་འཁྱིལ་ནས་དགེ་སྦྱོང་བ།།
ཚུལ་ཁྲིམས་རྒྱ་མཚོས་ཤེས་རིག་གླིང་ལ་སྤྲིངས།།
ཞེས་༢༠༡༨ལོའི་ཟླ་༤ཚེས་༦ཉིན།
|