ཨེ་ཛིའི་གསར་འགྱུར་དང་གོ་ལྡོག་གི་ནག་ཉེས་གླེང་བ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »ཨེ་ཛིའི་གསར་འགྱུར་དང་གོ་ལྡོག་གི་ནག་ཉེས་གླེང་བ།
ཨེ་ཛིའི་གསར་འགྱུར་དང་གོ་ལྡོག་གི་ནག་ཉེས་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-05-19ལྟ་ཀློག (4087)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤང་ཀང་ནས་ཨེ་ཛིའི་ནད་ཀྱི་སྨན་སྦྱོར་ཞིག་ལེགས་འགྲུབ་བྱུང་

འདུག་ཅེས་པའི་དྲྭ་ངོས་གསར་འགྱུར་ཞིག་དང་འབྲེལ་ནས་

རང་གི་ལྟ་ཚུལ་ཕྲན་ཙམ་གླེང་བ།


[གནད་བསྡུས།]ཨེ་ཛིའི་ནད་ནི་བཅོས་ཐབས་དཀའ་བ་ཞིག་ཡིན་པས་གསར་འགྱུར་གང་ཡོད་ལ་ཡིད་རྟོན་མི་རུང་བ་དང་བདེན་མིན་བདར་ཤ་གཅོད་དགོས་པའི་སྐོར་རྩལ་འདོན་བྱས་ཡོད།

སྨན་པ་འབུམ་རམས་གཞོན་པ་ཧྲོང་བོ་ཚེ་བརྟན་རྒྱལ།

      ཤང་ཀང་ནས་ཨེ་ཛིའི་སྨན་ཞིག་ཞིབ་འཇུག་ལེགས་འགྲུབ་བྱུང་འདུག་ཅེས་པའི་བོད་ཡིག་དྲྭ་ངོས་གསར་འགྱུར་ཞིག་བོད་ཁུལ་གྱི་དྲྭ་ཚོམ་ཚོགས་པ་གང་མང་གིས་བརྒྱུད་བསྐུར་བྱེད་བཞིན་འདུག་པ་མ་ཟད། མང་ཆེ་ཤོས་ཀྱིས་ཁ་བྱང་ཙམ་ལ་བལྟས་ནས། ད་ནི་ཨེ་ཛིའི་ནད་འགོག་བཅོས་བྱེད་ཐུབ་པའི་སྨན་མཆོག་ཅིག་གཞི་ནས་ལེགས་འགྲུབ་བྱུང་བར་ངོས་བཟུང་ནས་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་པ་ངང་ངམ་ཤུགས་ཀྱིས་ཚོར་ཡོང་། དེ་བས་རང་ཉིད་ཀྱིས་ཀྱང་ཆེད་དུ་བརྒྱུད་བསྐུར་གྱི་ཚ་རླབས་འཕྱུར་དང་འཕྱུར་བཞིན་པའི་བོད་ཡིག་གི་དྲྭ་ངོས་གསར་འགྱུར་དེར་བལྟས་པ་མ་ཟད། དེའི་མ་ཡིག་གི་རྒྱ་ཡིག་གསར་འགྱུར་ཡང་ཐེངས་ཤིག་བཀླགས་པ་ཡིན།

     དེའི་ནང་དོན་ལ་རྒྱུས་ལོན་ཙམ་བྱས་རྗེས་བསམ་གཞིགས་མི་བྱེད་ཀ་མེད་བྱུང་སོང་། གསར་འགྱུར་བརྒྱུད་བསྐུར་བྱེད་སའི་བོད་ཁུལ་གྱི་རིག་གནས་མཁའ་དབུགས་གཉོམ་པོ་དང་། དེ་བརྒྱུད་བསྐུར་བྱེད་སའི་རོང་འབྲོག་གི་ཚོགས་པ་སྣ་ཚོགས། དྲྭ་ཚོམ་སོ་སོའི་ཚོགས་གཙོ་སོགས་ལ་ཞིབ་འདང་རེ་བརྒྱབ་ཚེ། དེ་དག་གིས་གསར་འགྱུར་འདི་ལྟ་བུ་ལ་གོ་བ་ཅི་ལྟར་ལེན་པ་དང་། དྲིལ་བསྒྲགས་ག་འདྲ་བྱེད་མིན། དེའི་མཇུག་འབྲས་སུ་རོང་འབྲོག་མི་མང་ལ་ཕན་གནོད་ཀྱི་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་པ་བཅས་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ག་ལ་མིན།

     དེང་དུས་ཀྱི་དྲྭ་ཚོམ་ཚོགས་པ་འདི་ལའང་རབ་དང་རིམ་པ་ཞིག་ཡོད་དེ། གླུ་གཞས་ཚོགས་པ། མ་ཎི་དུང་སྒྲུབ་ཚོགས་པ། སྒྲོན་མ་དུང་སྒྲུབ་ཚོགས་པ། ན་ཆུང་གཞས་ར། སེམས་སྐྱིད་གླིང་། གཞས་ར་ཁྲ་མོ། བེེ་སྔོན་གླིང་། ཤ་ཉེ་གླིང་། སྤུན་མཆེད་གླིང་། རང་ཁྱིམ་གླིང་སོགས། བོད་མདོ་དབུས་ཁམས་གསུམ་གྱི་ག་ས་གང་དུ་ས་ཁྱབ་རྡོ་ཁྱབ་ཏུ་མཆིས་ཤིང་། དེའང་མདོར་དྲིལ་ན་གྲྭ་སྔགས་བོན་གསུམ་དང་། དགེ་རྒན། སློབ་མ། སྨན་པ། ལས་བྱེད་སོགས་ཡོན་ཏན་ཤེས་ཡོན་ཅན་གྱི་སྡེ་ཁག་ཅིག་དང་། རོང་འབྲོག་ཁུལ་གྱི་ཕུ་ནུ་སྤུན་ཟླ། ཚོང་བ། མགྲོན་ཁང་དང་ཟ་ཁང་གི་ཞབས་ཞུ་བ་སོགས་མདོར་ན་སློབ་གྲྭ་བརྒྱུད་མ་མྱོང་ཞིང་དགོན་པར་བསྐྱལ་མ་མྱོང་བའི་ཡིག་རྨོངས་པའི་སྡེ་གཉིས་སུ་གཙོ་ཆེར་འདུ་ཞིང་། གཞན་ཡང་རོང་འབྲོག་མི་མང་གི་ཁྲོད་ནའང་སྔར་སློབ་གྲྭར་ཅུང་སོང་མྱོང་བས་ཡི་གེར་དག་ཆ་དང་དོན་ལ་གོ་བ་ཆེར་མེད་ཀྱང་ཀ་ངོ་ཡིག་ངོ་ཙམ་ཆོད་པའང་མང་ལ། ཡང་སྔོན་དུས་གྲྭ་ས་འགྲིམ་མྱོང་ཞིང་མདོ་གདུགས་སྒྲོལ་གསུམ་ཙམ་འདོན་ཤེས་པའང་ཤིན་ཏུ་མང་།

 གསལ་བོར་བཤད་ན་རོང་འབྲོག་མི་མང་གི་ཚོགས་པ་ཞིག་ལ་མཚོན་ན་དེའི་དྲྭ་ཚོམ་འཛུགས་མཁན་གྱི་ཚོགས་གཙོ་ནི་ཡང་ན་སྔོན་དུས་སློབ་གྲྭར་ཅུང་སོང་མྱོང་བ་ཞིག་ཡིན་ལ། ཡང་ན་དགོན་པ་བརྒྱུད་མྱོང་མཁན་ཞིག་ཡིན་པ་ཕལ་ཆེར་ཡིད་རྟོན་བྱས་ཆོག་པ་སྟེ། རྒྱུ་མཚན་ནི་རོང་འབྲོག་ཁུལ་གྱི་ཡོན་ཏན་པའི་སྡེ་ནི་ཁོ་ཚོ་ལས་སུ་ཞིག་མཆིས་སམ། གཞན་བརྒྱ་ཆའི་བརྒྱད་ཅུ་ཙམ་གྱིས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་པ་ཀུན་གྱིས་ཤེས་གསལ་ལྟར་ལགས། དེས་ན་ཁོ་བོས་བཤད་འདོད་པའི་སྐད་ཆ་ནི། གོང་གི་གསར་འགྱུར་འདི་ལྟ་བུ་ཞིག་ལ་གོ་བ་བླངས་ནའང་། ཡོན་ཏན་གྱི་ཆུ་ཚད་ལེགས་པའི་སྡེ་ཁག་ལ་མཚོན་ན། དེ་ཡི་བོད་ཡིག་གི་དོན་གསལ་བོར་རྟོགས་ཐུབ་པ་མ་ཟད། ད་དུང་རྒྱ་ཡིག་དང་དབྱིན་ཡིག་གི་དྲྭ་ཚོམ་ནས་ཀྱང་ཤང་ཀང་གི་ཨེ་ཛིའི་སྨན་དེའི་རྒྱུ་མཚན་ཐ་དག་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ལྟར་རྟོགས་ངེས་ལ། གསར་འགྱུར་གྱི་ཁ་བྱང་ཙམ་ལ་བལྟས་ནས་ཤང་ཀང་གི་སྨན་དེ་མིའི་ལུས་སྟེང་ནས་འབྲས་བུ་ཐོན་པར་མི་བརྩི་བར་ནང་དོན་དངོས་ལ་གཞིགས་ནས། ཞིབ་འཇུག་བྱེད་ཡུལ་ནི་མི་དངོས་མ་ཡིན་པར་གནས་སྐབས་སུ་བྱི་བ་ཙམ་ཡིན་པའི་རྒྱུ་མཚན་བདེ་བླག་ཏུ་གོ་ཐུབ་པས་ལྡོག་ཕྱོགས་ནས་གནད་དོན་འདྲ་ཅི་ཡང་འབྱུང་མི་སྲིད་མོད། ཡིན་ན་ཡང་། ཀ་ངོ་ཡིག་ངོ་ཙམ་ཆོད་ཀྱང་དོན་གྱི་གོ་བ་ཞན་པའི་དྲྭ་ཚོམ་ཞིག་ཏུ་བརྒྱུད་བསྐུར་མང་དུ་བྱེད་བཞིན་པ་ཁ་ཐོག་མིག་ཐོག་ཏུ་འདུག་པས།

     དེས་ན་ཚོགས་པ་དེའི་ཚོགས་གཙོ་སོགས་ཀྱིས་ཤང་ཀང་སློབ་ཆེན་གསོ་རིག་སློབ་གླིང་གི་སྐྱེ་དངོས་རིག་པའི་སྡེ་ཁག་གི་ཨེ་ཛིའི་ཞིབ་འཇུག་ཁང་གི་འགོ་གཙོ་ཁྲིན་ཀྲི་བེ(陈志伟)ཡིས། ཇི་སྐད་དུ། ཞིབ་འཇུག་འདིའི་དུས་ཡུན་ལོ་ངོ་བརྒྱད་ཙམ་འགོར་བ་ཡིན།

      ཐེངས་འདིར་གསལ་བསྒྲགས་བྱས་པའི་ཞིབ་འཇུག་འབྲས་བུའང་སྲོག་ཆགས་བྱི་བའི་ལུས་སྟེང་ནས་མངོན་པ་ཡིན་ཞིང་། གེགས་མེད་བདེ་བླག་བྱུང་ཚེ་ད་དུང་ལོ་ངོ་གསུམ་ནས་ལྔ་ཙམ་ན་མིའི་ལུས་ཕུང་ལས་ཞིབ་འཇུག་ཚོད་ལྟ་བྱེད་སྲིད། ཅེས་པར་གོ་བ་མ་ལོན་པར་གོ་ལོག་གོ་སྟེ། ད་ལྟ་བྱི་བའི་ལུས་ལས་ཞིབ་འཇུག་གི་འབྲས་བུ་ཅུང་ཐོབ་པའང་མིའི་ལུས་ལས་ཉམས་མྱོང་དངོས་སུ་ཐོན་པར་བརྩིས་ནས། གསར་འགོད་པས་ནང་དོན་དངོས་ལས། ཞིབ་འཇུག་བྱེད་ཡུལ་བྱི་བ་ཡིན། ཞེས་པར་མ་བལྟས་པར། ཁ་བྱང་། ཤང་ཀང་ནས་ཨེ་ཛིའི་ནད་དུག་འགོག་བཅོས་ཐུབ་པའི་སྨན་གསར་ཞིག་ལེགས་འགྲུབ་བྱུང་འདུག་ཅེས་པ་རགས་ཙམ་བཀླགས་ནས་རང་རང་དང་འབྲེལ་ཡོད་ཀྱི་ཚོགས་པ་སོ་སོར་ལོ་སར་གྱི་ལེགས་སྐྱེས་སྐུར་སྐུར་བྱེད་སྲིད་པ་མ་ཟད། ད་དུང་རང་གི་དྲྭ་ཚོམ་དུ་འཁོད་པའི་དྲྭ་གྲོགས་ཐམས་ཅད་ལའང་ཤང་ཀང་ནས་ཨེ་ཛིའི་སྨན་མཆོག་ཅིག་གསར་བཟོ་བྱུང་འདུག་ཅེས་སྤོ་ལ་དར་འཕྱར་གྱི་ཚུལ་དུ་སྒྲོག་སྲིད་ལ། ཚོགས་མི་རྣམས་ཀྱིས་ཀྱང་དེང་དུས་ཀྱི་ཨེ་འགོག་དང་བླངས་པ་དང་ས་གནས་ཀྱི་རྫོང་རིམས་འགོག་ཚོད་འཛིན་ལྟེ་གནས་དང་། གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་བཅས་ཀྱི་ཆེད་ལས་སྨན་པས་སྤེལ་བའི་ནད་ངན་ཨེ་ཛིའི་སྔོན་འགོག་གི་དྲིལ་བསྒྲགས་འཇིགས་ཡེར་བ་འདྲེ་བྱ་ཁྭ་ཏའི་ཨག་འགྱུར་རྣར་གཟན་པ་ལྟ་བུ་ལས། དེ་རིང་གི་ཚོགས་གཙོའི་ཨེ་ཛིའི་སྨན་མཆོག་ཅིག་འདུག་ཟེར་བའི་ལྷ་བྱ་ཁུ་བྱུག་གི་གསུང་སྐད་སྙན་མོ་འདི་ལྟ་བུ་ནི་ཐག་ཉེ་མིག་གིས་ལྟ་ཞོག་ཐག་རིང་རྣ་བས་ཀྱང་ཐོས་མ་མྱོང་བས། བྱ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་དགའ་སྤྲོའི་ཐལ་མོ་བྲག་ཅར་འཁོར་བ་རྡེབ་མི་སྲིད་པ་ག་ལ་སྲིད།

      དེ་བས་ཚོགས་མི་དེ་རེ་རེས་ཀྱང་གསར་འགྱུར་དངོས་ཀྱི་ནང་དོན་ལ་རྒྱུས་ལོན་མི་བྱེད་པར་ཅི་ཞིག་གོ་སོང་བ་དང་གང་ཞིག་ཤེས་སོང་བ་ལྟར་དུ་གོ་གོ་ཐུག་ཐུག་ལ་ཨེ་ཛིར་སྨན་མཆོག་ཅིག་བཟོས་ཡོད་ཚུལ་གྱི་གཏམ་ལབ་སྲིད། ཉན་མཁན་དག་གིས་ཀྱང་གནས་ཚུལ་དངོས་ལ་ཁུངས་ལུང་དང་རྒྱུ་མཚན་ཡོད་མེད་མི་དཔྱད་པར་རི་བོང་ཅལ་འདྲོགས་ཀྱིས་གཏམ་དེ་ཐག་རིང་ཐུང་གཉིས་གར་དུང་འབུད་འབུད་བྱེད་སྲིད་ལ།  དེ་ལས་མཐའ་འཁོབ་རི་ཀླུང་དང་རྫ་སྒང་ལུང་ཀྱོག་ཏུ་གནས་པའི་རོང་འབྲོག་མི་མང་གིས་ཀྱང་གཏམ་སྙན་དེ་གཅིག་གིས་བཅུ་དང་། བཅུ་ཡིས་བརྒྱ། བརྒྱ་ཡིས་སྟོང་། སྟོང་གིས་ཁྲི། ཁྲི་ཡིས་འབུམ་བཅས་ལ་མི་ལབ་པའི་ངེས་པ་མེད་ལ། དེ་ལྟར་ན་བོད་པ་ཐམས་ཅད་ནད་ངན་ཨེ་ཛི་ལ་མི་སྐྲག་པར་སེམས་ཇེ་དཔའ་ལ་འགྲོ་ཞིང་། ནད་དེ་བྱུང་ནའང་སྐྱོབ་པའི་སྨན་མཆོག་ཅིག་འདུག་སྙམ་ནས། ཨེ་ཛིའི་སྔོན་འགོག་གི་འདུ་ཤེས་འགྱུར་ནས་ཨེ་ཛིའི་དང་བླངས་པ་དང་རྫོང་རིམ་པའི་ནད་རིམས་ཚོད་འཛིན་ལྟེ་གནས། ཆེད་ལས་སྨན་པ་སོགས་ཀྱི་ཞལ་ཏ་རྣ་རྒྱབ་རླུང་དུ་མི་སྤུར་བའི་ངེས་པ་ཅི། དེ་ལྟར་བྱུང་ཚེ་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་བོར་བའི་དཔེ་ལྟར་དུ། གསར་འགྱུར་ཞིག་ལ་གོ་ལོག་གོ་ནས། བྱི་བའི་ལུས་ལས་ཞིབ་འཇུག་བྱེད་བཞིན་པའི་ཨེ་ཛིའི་སྨན་དེ་ལོ་གསུམ་ནས་ལྔ་ཙམ་ན་མིའི་ལུས་ལས་ཞིབ་འཇུག་ཚོད་ལྟ་བྱེད་རག་བར་དུ་རང་ཉིད་ཀྱིས་ཨེ་ཛིའི་སྔོན་འགོག་ལ་དོ་སྣང་མི་བྱེད་པར་སྨྱོན་པས་ཐོ་ཅོ་དང་། གཡུལ་དུ་གཅེར་བུར་རལ་ཁ་འགྲན་པའི་སྐྱོ་གར་འཁྲབ་པ་ལ་བརྟེན་ནས་རིན་ཆེན་ལུས་ལ་གདུག་པའི་ནད་ངན་ཨེ་ཛི་མི་འགོ་བའི་ངེས་པ་ཅི། གལ་ཏེ་དེ་ལྟར་ཨེ་ཛིའི་སྔོན་འགོག་ལ་མཐོང་ཆུང་ངང་དོགས་ཟོན་མེད་པར་རང་རང་ལ་འགོས་པའི་དབང་དུ་བཏང་ཚེ། ཤང་ཀང་གི་སྨན་གསར་དེས་སྐབས་དེར་ཁྱོད་ལ་ཕན་ཐོགས་ངེས་ཅན་འབྱུང་བའི་ངེས་པ་མཆིས་སམ། གདེང་ཚོད་ཡོད་དམ། དེང་དུས་སྒྲོག་བཞིན་པའང་བྱི་བའི་ལུས་ལས་ཚོད་ལྟ་བྱས་པ་ཙམ་གྱི་སྐད་ཆ་ཞིག་ཡིན་པ་ལས། མིའི་ལུས་ལས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ད་དུང་མེད་པས་ན། འུ་ཅག་ལ་དེ་ལྟ་བུའི་གདེང་ཚོད་ཆེན་པོ་ཞིག་ག་ནས་འབྱུང་ཐུབ་བམ། དེ་བས་ཞིབ་འཇུག་བྱེད་བཞིན་པའི་སྨན་གསར་ཞིག་སྟེ། ད་ལྟ་ད་དུང་སྲོག་ཆགས་བྱི་བའམ་ཙི་གུར་ཚོད་ལྟ་བྱེད་པ་ལས། མིའི་ལུས་སུ་ལོ་གསུམ་ནས་ལྔ་ལ་སྤྱོད་མི་ཐུབ་པ་ཞིག་ལ་ང་ཚོས་ཁམ་བུ་ཟ་མ་མྱོང་བར་ཁམ་བུའི་བྲོ་བ་བརྗོད་ན་ག་ལ་འགྲིགས་ཏེ་འུ་ཅག་གིས་སྨན་གསར་དེ་ལ་ཡིད་རྟོན་རི་རབ་འདྲ་ཞིག་བཅངས་ཡོད་ཀྱང་། ལོ་གསུམ་ནས་ལྔ་ཡི་དུས་སུ་སྨན་དེ་མིར་བཀོལ་བས་ཕན་ཐོགས་ཏིལ་ཙམ་མ་བྱུང་ན་ཅི་བྱ། དེ་བས་རང་ཉིད་ལ་རེ་བ་ཞིག་མཆིས་པ་ནི་གསར་འགྱུར་གྱི་སྤྱི་ཁོག་མ་ལོན་པར། གསར་འགྱུར་གྱི་ཁ་བྱང་ཙམ་ལ་ལྟ་བ་དང་། གཞན་གྱི་ཟེར་སྒྲོས་ཙམ་ལ་གཡམ་རྒྱུགས་མི་བྱེད་པར། ཆུ་མ་ཡོང་གི་རགས་ཀྱི་དཔེ་བཞིན་དུ། ནད་ངན་ཨེ་ཛིའི་སྔོན་འགོག་ལ་རིག་པ་ལྕགས་སྐད་ལྟར་དུ་སྒྲིམ་རྒྱུ་ནི་གལ་ཆེའོ།།

      པེ་ཅིན་ཏིས་ཐན་སྨན་ཁང་གི་རེད་ནད་རང་བཞིན་ན་ཚའི་གསོ་བཅོས་དཀྱིལ་སྙིང་གི་ཆེད་མཁས་སྨན་པའི་ལོ་ལེའུ་ཧོ་ཡིས་གསར་འགོད་པར་བཤད་པ་ལྟར། ལོ་འདི་འགར་ཨེ་ཛིའི་ནད་དུག་གསོ་བཅོས་བྱེད་པའི་སྨན་གསར་མང་པོ་འཕྲོ་རིམ་འཕྲོར་སྦྱོར་བཞིན་འདུག་པ་དང་། གསོ་རིག་ཁྱབ་ཁོངས་སུ་ནམ་ཡང་ཨེ་ཛིའི་འགོག་སྨན་མང་པོ་གསར་བཟོ་བྱེད་བཞིན་འདུག་མོད། ཡིན་ནའང་། གསར་སྦྱོར་ཨེ་ཛིའི་འགོག་སྨན་སོགས་ལ་ནུས་པ་དེ་འདྲའི་ལེགས་པོ་མི་འདུག་པ་རེད། མང་ཆེ་ཤོས་ནད་ཐོག་ཚོད་ལྟའི་འགག་སྒོ་ལས་ཐར་ཐབས་མི་འདུག་ཅེས་པའི་སྐྱོ་གར་བསྐྱར་འཁྲབ་བྱུང་ན་ཅི་བྱ། གཞན་དུ་གསར་འགོད་པ་དང་། བོད་ཡིག་ཚད་ལྡན་དྲྭ་བ་ཁག་གི་གཙོ་གཉེར་བ་དང་། པར་ངོས་གཙོ་སྒྲིག་པ། ལག་བསྟར་རྩོམ་སྒྲིག་པ་བཅས་ལ་རེ་བ་ཞིག་ཞུ་རྒྱུ་མཆིས་པ་ནི། ཁྱེད་རྣམ་པས་ཀྱང་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས། རྒྱལ་ཁབ་ག་གེ་མོ་ཞིག་ནས་ཨེ་ཛིའི་ནད་ལ་ཞིབ་འཇུག་བྱེད་པར་གྲུབ་འབྲས་ཅུང་ཙམ་ཐོབ་སོང་ཟེར་བའམ། ཡང་ན་འཛམ་གླིང་གི་གསོ་རིག་ཆེད་མཁས་ཆེ་གེ་མོ་ཡིས་ཨེ་ཛིར་གསར་དུ་སྨན་ཞིག་སྦྱོར་བཞིན་འདུག་ཅེའམ། ཡང་ན་ཞིབ་འཇུག་པ་ཅིག་ཅིག་ཅིག་གིས་ཙི་གུ་ལྟ་བུའི་སྲོག་ཆགས་ཀྱི་ལུས་སུ་ཨེ་ཛིའི་སྨན་ཞིག་ཚོད་ལྟ་བྱེད་བཞིན་འདུག་པ་དེ་མ་འོངས་པར་མིའི་ལུས་སུ་སྤྱད་ན་ཕན་ཐོགས་རྒྱུ་རེད་སྙམ། ཟེར་བ་ལྟ་བུའི་གསར་འགྱུར་བོད་ཡིག་གི་ལམ་ནས་རྩོམ་པའམ། བོད་སྐད་ཀྱི་ལམ་ནས་བསྒྲགས་པའམ། དྲྭ་ལམ་གསར་འགྱུར་དུ་སྤེལ་བ་སོགས་ཀྱི་ལས་མི་བགྱི་བར་མཁྱེན། རྒྱུ་མཚན་ནི། ཁྱེད་ཅག་གིས་ཀྱང་མཁྱེན་གསལ་ལྟར་དུ། བོད་སྤྱི་ཚོགས་ཞེས་ན་བརྒྱ་ཆའི་བརྒྱད་ཅུ་རོང་འབྲོག་མི་མང་ཡིན་པ་དང་། རོང་འབྲོག་མི་མང་གི་བརྒྱ་ཆའི་དགུ་བཅུ་ཡིག་རྨོངས་ཡིན་པ། རོང་འབྲོག་ཁུལ་གྱི་དྲྭ་ཚོམ་ནམ་མཁའི་རྒྱུ་སྐར་ལྟ་བུ་དག་གི་ཚོགས་གཙོ་རྣམས་ཀྱང་རྩོམ་གྱི་ཁ་བྱང་ཀློག་ཤེས་མི་ཤེས་ཙམ་ལས། གསར་འགྱུར་གྱི་སྤྱི་ཁོག་ལ་གོ་བ་ཆེན་པོ་མི་ལོན་མཁན་མང་ཆེ་ཤོས་ཡིན་པས། དེ་དག་གིས་འཛམ་གླིང་གི་སྨན་པ་ཆེ་ཁག་ཉིག་ཉིག་ཉིག་གིས་ཨེ་ཛིའི་ནད་ལ་ཞིབ་འཇུག་བྱེད་པར་སྨན་ཞིག་སྡེབ་ཀྱིན་འདུག་ཅེས་པ་ཙམ་ཐོས་ནའང་། སྨན་དེ་ནད་ཐོག་ནས་ལེགས་འགྲུབ་བྱུང་འདུག་ཅེས་པ་སོགས་སུ་གོ་བ་སྐོར་ལོག་ལེན་ངེས་ལ། རང་རང་གི་དྲྭ་ཚོམ་གྱི་མི་མང་ལའང་དེ་ལྟར་བསྒྲགས་ངེས། དེ་ལྟར་གོ་ནོར་ཐེབས་ན་ལྡོག་ཕྱོགས་ནས་ཨེ་ཛིའི་སྔོན་འགོག་གི་བྱ་སྤྱོད་ལ་སྣང་དོགས་མི་བྱེད་པར་ངེས་ལ། ཨེ་ཛི་ལ་དོ་ཁུར་མ་བྱས་པས་རྒྱ་ཡན་གྱི་བྱ་སྤྱོད་གང་འདོད་དུ་འཆལ་སྲིད་པ་དང་། འཆལ་སྤྱོད་དང་ཧོན་རྒྱུགས་ལས་མི་འདོད་པའི་ན་ཚ་གདུག་ཅན་ཨེ་ཛིའང་འགོ་ཉེན་ཆེ་བས་སོ།།

སྤྱི་ལོ2018ལོའི་ཟླ4བའི་ཚེས30ཡི་མཚན་མོར།



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཨེ་ཛིའི་གསར་འགྱུར་དང་གོ་ལྡོག་གི་ནག་ཉེས་གླེང་བ།   སྤེལ་མཁན།: དཔལ་མགོན་སྐྱབས། སྤེལ་དུས:2018/5/20
མང་ཚོགས་ལ་མྱུར་དུ་བསྒྲགས་དགོས་པའི་གསར་འགྱུར་རེད།ངོ་མ་ཁྱེད་ལ་བཀའ་དྲིན་སྙིང་ནས་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5784705
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号