ཕ་མ་བཟའ་འཐོར་བྱུང་བའི་བུ་ཕྲུག་གི་ལུས་སེམས་ལ་བདེ་ཐང་དཀོན་པའི་སྐོར་ལ་དཔྱད་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »ཕ་མ་བཟའ་འཐོར་བྱུང་བའི་བུ་ཕྲུག་གི་ལུས་སེམས་ལ་བདེ་ཐང་དཀོན་པའི་
ཕ་མ་བཟའ་འཐོར་བྱུང་བའི་བུ་ཕྲུག་གི་ལུས་སེམས་ལ་བདེ་ཐང་དཀོན་པའི་སྐོར་ལ་དཔྱད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-02-23ལྟ་ཀློག (8636)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །ཕ་མ་བཟའ་འཐོར་བྱུང་བའི་བུ་ཕྲུག་གི་ལུས་སེམས་ལ་བདེ་ཐང་དཀོན་པའི་སྐོར་ལ་དཔྱད་པ།


སྨན་པ་འབུམ་རམས་གཞོན་པ། ཧྲོང་བོ་ཚེ་བརྟན་རྒྱལ།

འགོ་བརྗོད།

      ང་རང་ཉིད་སྨན་པ་ཞིག་ཡིན་པ་དང་། ཆེད་ལས་གསོ་རིག་ཡིན་པའི་ཐད་ནས་ནམ་ཡང་རང་གི་ཁོར་ཡུག་དང་ཁད་ཉེ་བའི་མི་རྣམས་ལུས་སེམས་ཀྱི་བདེ་ཐང་ལ་ངང་ངམ་ཤུགས་ཀྱིས་བསམ་བློ་རེ་མི་གཏོང་ག་མེད་རེད། དེ་ཡང་གཞན་གྱིས་ཁྱེད་ཀྱིས་དེ་ལྟར་བྱོས་ཞེས་ནན་གྱིས་བསྐུལ་བ་མ་ཡིན་ཡང་། འདོད་སྲེད་ཅན་ལ་ཅི་ཡང་ནོར།  སྙན་ངག་མཁན་ལ་ཅི་ཡང་རྒྱན། ཞེས་པའི་དཔེ་ལྟར་གསོ་བ་རིག་པ་སྦྱངས་པའི་སྨན་པ་ཞིག་ལ་མཚོན་ན། སོང་ས་བསྡད་ས་ནས་གོ་ཐོས་མྱོང་གསུམ་དང་། ལྟོ་གོས་གཏམ་གསུམ་ཐམས་ཅད་ཀྱང་བདེ་ཐང་དང་འདྲེས་པར་བསམ་གཞིགས་བྱེད་པ་དང་དེ་ལ་དེ་ལུགས་ཀྱི་གོ་བ་ཕྲ་མོ་རེ་རང་དབང་མེད་པར་ལེན་པ་ཞིག་རེད།  དེ་བས་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ནས་མི་སྣ་ཚོགས་ཀྱིས་ཁ་བརྡ་འདྲ་མིན་ལས་ས་ཆ་ག་གེ་མོ་རུ་དྭ་ཕྲུག་མང་ཚུལ་དང་དྭ་ཕྲུག་གི་སློབ་གྲྭར་གྱོན་གོས་བྱིན་ཚུལ། དྭ་ཕྲུག་གི་སློབ་གྲྭར་ཅ་ལག་སྦྱིན་ཚུལ་བཅས་ཀྱི་གཏམ་ཐོས་པ་དེ་དང་འབྲེལ་ཡོད་ཀྱི་བརྙན་རིས་མཐོང་ཐུབ་པ།  བུད་མེད་ཆེ་གེ་མོ་བཟའ་འཐོར་བྱུང་བས་བུ་ཕྲུག་གི་སློབ་སྦྱོང་ལ་གནོད་པ་ཐེབས་ཚུལ། སྐྱེས་པ་ཅིག་ཅིག་ཅིག་གིས་བཟའ་ཟླ་དང་བུ་ཕྲུག་རྣམས་བསྐྱུར་ཏེ་མག་པར་སོང་བས་དེ་ཚང་གི་ཁྱིམ་ཚང་དབུལ་ཕོངས་སུ་གྱུར་ཏེ་བྱིས་པ་རྣམས་ཀྱིས་སྡུག་མྱང་ཚུལ།  སྡེ་བ་འདི་འདི་འདི་དང་།  སློབ་གྲྭ་ག་གེ་མོ་ཡི་སྤྱོད་ཁང་ཉིག་ཉིག་ཉིག

 སྡོང་ར་གན་གན་གན་ཞིག་ན་བྱིས་པ་དམར་འབྱར་སྐྱེས་མ་ཐག་གད་སྙིགས་ལྟར་གཡུགས་པས་ཤི་ཡོད་ཚུལ། སྐད་འཕྲིན་དང་ཁ་པར་སོགས་ལས་དེ་དག་གི་འདྲ་པར་དང་བརྙན་མཐོང་བ་དང་།  རང་ཉིད་ཀྱིས་ཀྱང་དངོས་སུ་དེ་འདྲ་མཐོང་མྱོང་བ་བཅས་ལས།     ཡ་ཆུང་གངས་དཀར་སེམས་སུ་རང་རེའི་བོད་ཁུལ་གྱི་བྱིས་པ་ཉམ་ཐག་མི་ཉུང་བ་ཞིག་གི་ལུས་སེམས་ལ་བདེ་ཐང་ལར་ནས་མི་འདུག་སྙམ་པའི་སྐྱོ་སྣང་ཞིག་སེམས་ལ་སྐྱེ་ཞིང་ཀླད་ཁམས་སུ་འཕྱུར་བར་བྱེད། དེས་ན་བྱིས་པ་དེ་དག་གི་ལུས་སེམས་ལ་བདེ་ཐང་འབྱུང་དཀའ་བའི་རྒྱུ་གཙོ་བོ་ནི་ཁོ་ཚོའི་ཕ་མ་བཟའ་འཐོར་བྱུང་བ་དང་། གཞན་ཡང་སྤྱི་ཚོགས་སྟེང་གི་གསར་བུ་གསར་མོ་མི་རྐྱང་རྣམས་ཀྱི་དགའ་རོགས་ཀྱི་འབྲེལ་ཐག་ཆད་པ་བཅས་ལས་མ་འདས་པ་དང་། དེ་ལྟར་བཟའ་འཐོར་འབྱུང་ཚུལ་ཇེ་ཆེ་དང་བྱིས་པ་དམར་འབྱར་གཡུགས་མཁན་ཇེ་མང་དུ་འགྲོ་བའི་གཞི་རྩ་གང་ཡིན་པ་དང་། གནས་བབ་ཇི་འདྲ་འདུག་པ། ཕྱིས་སུ་དེ་འདྲ་མི་འབྱུང་བར་བྱིས་པ་མེ་ཏོག་འདྲ་བ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཐབས་དང་རེ་བ་གང་དག་ལྡན་པ་བཅས་རང་གི་སེམས་ལ་ཤར་ཚུལ་ཙམ་འབྲི་འདོད་ཀྱི་སེམས་ཚོར་ཞིག་གིས་རྩོམ་ཡིག་འདི་ཤོག་ངོས་སུ་ཕབ་པ་ཡིན་ཞིང་། འདི་ལས་མ་འོངས་པའི་བདག་པོ།  མི་རིགས་ཀྱི་ཤུལ་འཛིན།ཕ་མའི་རེ་ལྟོས་བྱེད་ས། མེས་རྒྱལ་གྱི་གཟི་བརྗིད་དུ་བརྩི་འོས་པའི་གཅེས་ཕྲུག་ཚོ་ཕ་མའི་འཕྲོད་སྦྱོར་ལས་མངལ་དུ་སྦྲུམ་པ་ནས་བཙའ་བའི་བར་དང་། བཙས་ནས་ཀྱང་ན་ཚོད་སྨིན་ཏེ་གསར་བུ་གསར་མོར་གྱུར་བའི་བར་དུ་ལུས་སེམས་བདེ་ཐང་འབྱུང་རྒྱུ་ནི་ཕྲན་གྱི་རེ་འདུན་ཉག་གཅིག་ལས་མ་འདས་པ་དང་།  དེས་ན་བྱིས་པའི་ལུས་སེམས་ལ་བདེ་ཐང་འབྱུང་མིན་དང་ཐ་ན་ཚེ་སྲོག་ཆུང་ཆུང་ལ་སྲུང་སྐྱོབས་ཐོབ་མིན་གྱི་རྩ་བ་སྟེ། གཅེས་ཕྲུག་དེ་དག་གི་ཕ་མ་མི་གླེང་ཐབས་མེད་ཡིན་ལ། ཕ་མ་རྣམས་བཟའ་འཐོར་འབྱུང་མང་བ་དང་།  བརྩེ་དུང་གི་ཁྲེལ་ཐག་ལྷོད་པ། དགའ་རོགས་ལ་ཁྲེལ་གཞུང་མེད་པ།  ལས་རྒྱུ་འབྲས་ཞན་པ། ཕ་མས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་དམན་པ།  ཕ་ལ་ཕ་ཡི་འགན་ཁུར་གྱི་འདུ་ཤེས་བྲལ་ཞིང་། མ་ལ་བུ་ཕྲུག་གཉོར་སྐྱོང་གི་ནུས་པ་དམན་པ་བཅས་ལས་འདས་པས། བྱ་བཞག་འདི་དཀྱུས་སུ་བཟུང་ནས་གནས་བབ་འདི་རྣག་ཐོག་གཙག་འཁེལ་གྱིས་གླེང་བར་བྱའོ།།     

དང་པོ། དེང་དུས་བྱིས་པ་རྣམས་ཀྱི་ཕ་མ་བཟའ་འཐོར་མང་བའི་རྒྱུ་མཚན་གླེང་བ།

    དེང་དུས་བོད་ཀྱི་སྤྱི་ཚོགས་ལ་མཚོན་ནས་བཤད་ན། ལྟོ་རྒྱབ་གཉིས་ལ་འདང་རྒྱག་མེད་པ་ལྟ་བུའི་གནས་ཚུལ་ཞིག་ཆགས་ཡོད་པའི་སྟབས་ཀྱིས་ཐམས་ཅད་པོ་སྣང་བ་མཐོན་པོ་དང་། སྐད་ཆ་སྦོམ་པོ། ང་ཆེ་ང་བཙན། ཁ་ཕོ་ཆེན་པོ།   ཁ་རྒྱལ་མགོ་རྒྱལ། ཟོག་པོ་རྐྱལ་སྟོང་གི་སྣང་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་མངོན་འོང་བ་རེད། དེ་ལོས་ཡིན་ཏེ་སྔོན་ཆད་ཁོ་བོ་སྤྱི་ལོ1988ལོར་དཔལ་ཁ་བཅའ་སྡོད་སློབ་གྲྭར་ཞུགས་དུས་སློབ་གྲྭ་དེ་འདྲའི་ཆེན་པོ་ཞིག་ལ་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར(解放车)རྙིང་བ་ཞིག་མ་གཏོགས་རླངས་འཁོར་མེད་པ་དང་།དགེ་རྒན་སྤྱིའི་གཞུང་ལས་ཁང་དུ་བརྙན་འཕྲིན་གཅིག་ལས་མི་འདུག   ད་དུང་དཔལ་ཁའི་སྲིད་གཞུང་ལའང་བརྙན་འཕྲིན་གཅིག་རླངས་འཁོར(占汽车)གཅིག་མ་གཏོགས་མི་འདུག་པ་རེད། འོ་ན་ད་ལྟ་ཕ་ཡུལ་དཔལ་ཁ་ལ་མཚོན་ནས་བཤད་ནའང་། ཕལ་ཆེར་རོང་འབྲོག་གི་ཁྱིམ་ཚང་བརྒྱ་ཆའི་བརྒྱད་ཅུ་ལ་རླངས་འཁོར་དང་བརྙན་འཕྲིན་ཡོད་པ་སོགས་སྔོན་དུས་ཀྱི་དཔལ་ཁའི་སྲིད་གཞུང་གི་ཆ་རྐྱེན་དང་འདྲ་བའམ། ཡང་ན་དེ་ལས་བརྒལ་ཡོད་པའང་མང་ཤོས་ཡིན་སྲིད་རྒྱུ་རེད། དེ་དུས་སྡེ་བའི་ནང་ན་འཕྲུལ་རྟ(摩托车)རེ་གཉིས་ལས་མེད་པ་དང་། དེའང་ཕྱུགས་པོ་ཚོ་དང་སྡེ་དཔོན་དག་གིས་མ་གཏོགས་ཉོ་མི་ཐུབ།  འོ་ན་ད་ལྟ་ཕྱུགས་པོ་ཚོས་རླངས་འཁོར་གོང་ཆེན་ཁྲི་བརྒྱད་ཅུ། ལྔ་བཅུ། སུམ་ཅུ། ཉི་ཤུ་ཅན་སོགས་བསྐོར་ཡོད་པ་དང་། སྔོན་ཆད་ཕྱུག་པོ་ཚོའི་འཕྲུལ་རྟ་ནི་ད་ལྟ་མེད་པོ་ཡིན་ཟེར་བ་ཐམས་ཅད་ཀྱིས་བཞོན་རྟ་དང་ཆུ་ལེན་སྤྱད་ཨོང་བ་འགེལ་ས་རེད།  སྔོན་ཆད་ང་ཚོ་ཕ་ཡུལ་ནས་སློབ་གྲྭར་འགྲོ་དུས་ཕལ་ཆེར་རྐང་ཐང་ཡིན་མོད།  ད་ལྟ་ཁྱིམ་ཚང་དབུལ་བོ་ཡིན་ཟེར་བ་ཐམས་ཅད་ཀྱིས་ཀྱང་བྱིས་པ་སློབ་གྲྭར་སྐྱེལ་བྱེད་ནི་རླངས་འཁོར་དང་འཕྲུལ་རྟ་སོགས་ཡིན་པ་ལས་བྱིས་པ་རྐང་ཐང་དུ་འགྲོ་བ་གཅིག་ཀྱང་མཐོང་དཀོན་པ་ཉིན་མོའི་རྒྱུ་སྐར་བཞིན་ནོ།།

    འདི་ཐམས་ཅད་ལས་སྤྱི་ཚོགས་འཚོ་བ་ཡར་རྒྱས་གོང་འཕེལ་དུ་སོང་ཡོད་པ་ཁ་ཐོག་མིག་ཐོག་ཡིན་པ་རེད། ད་དུང་འབྲོག་ཁུལ་མང་ཆེ་ཤོས་སུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་བཟང་པས་རླངས་འཁོར་གོང་ཆེན།  བཟའ་བཏུང་གང་ཞིམ།   གྱོན་པ་གང་ཡག  རྒྱན་ཆ་གང་བརྗིད་བཅས་ཀྱི་ལོངས་སྤྱོད་ལ་རོལ་བཞིན་ཡོད་པ་ནི་ཤིན་ཏུ་ལེགས་མོད། ཡིན་ན་ཡང་།   དེའི་ཞོར་དུ་མིའི་རིགས་སྤྱི་ལ་བྱུང་བཞིན་པའི་ཆམ་རིམས་ཚབས་ཆེན་ཞིག་ཡོད་པ་ནི་བོད་ལའང་བྱུང་ཡོད་དེ།  དེ་ནི་ཉིན་མཚན་གཉིས་ཀའི་འགྲོ་རོགས་འདུག་རོགས།  སྐྱིད་པའི་སྐྱ་ག་ཁྲ་མཉམ་དང་སྡུག་གི་ཕོ་རོག་ནག་མཉམ།   སྐྱིད་ན་ཇ་ཆང་མཚར་གླུ་ལེན་ཞིང་སྡུག་ན་རང་སེམས་གསོ་རོགས་བྱེད་པའི་ཁ་པར་རེད།   སྐད་འཕྲིན་རེད།   སྤྱིར་སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་གཞན་གྱིས་ཁ་པར་དང་སྐད་འཕྲིན་བརྒྱུད་ནས་ལས་དགེ་བ་དང་རང་གཞན་གཉིས་ལ་ཕན་པའི་བྱ་གཞག་སྒྲུབ་པར་བྱེད།  བྱ་བའི་ནང་དོན་དང་མི་ལ་ལེགས་ཉེས་བླངས་དོར་ཕྱེས་ནས་མཉམ་འཇོག་དང་དོགས་ཟོན་བྱེད།  ཕན་པ་མེད་པ་ཐམས་ཅད་ཐལ་དོང་དུ་རྫོང་པར་བྱེད། ཡིན་ནའང་།  རང་ཅག་བོད་པ་ཚང་གི་སྐྱེས་ཕོ་མོ་གཉིས་ཀས་སྐད་འཕྲིན་གྱི་ནང་དོན་ཉག་ཉོག་ཉར་ཚགས་དང་བེད་སྤྱོད་བྱེད།འཕྲིན་ལམ་གྱི་མིའི་ཀུན་སྤྱོད་རིན་ཐང་ལ་མཉམ་འཇོག་དང་རྒྱུས་ལོན་མེད་པར་ཐམས་ཅད་སྙིང་གྲོགས་སུ་བརྩི། དེ་ལས་མི་ངན་སྤྱོད་ངན་ཅན་མང་པོའི་རྗེས་སུ་གཡམ་རྒྱུགས་བྱས་ནས།འགོ་མེད་མཇུག་རྡུམ་གྱི་ཉོག་གཏམ་དང་འཆལ་སྤྱོད་མང་པོ་སྐད་འཕྲིན་ལས་བསླབས་སྟེ་མཐར་རང་ཉིད་ཀྱང་འགོ་རྔ་མེད་པ།  ཁ་ཕྱོགས་མེད་པ། རང་ཚུགས་མེད་པ་ཞིག་ཏུ་འགྱུར། དེ་ལས་ལ་གཞས་དང་ཆགས་གཏམ།  རྩེད་མཚར།   ཁ་རྩོག་བཤད་པ།   ཁ་ཡག་ལབ་པ།  བསླུ་བྲིད་བྱེད་པ།  སེམས་གཏམ་ལབ་པ། ཁུག་དམར་སློང་བ།   སྡུག་སྨྲེ་འདོན་པ་སོགས་ཀྱི་བརྒྱུད་རིམ་མང་པོ་ཞིག་ལས་མི་རྐྱང་ཕོ་མོ་དང་གཉེན་སྒྲིག་ཟིན་པའི་བཟའ་ཚང་གང་རུང་གི་བར་དགའ་རོགས་སྒྲིག་པ། ཡང་ན་གཉེན་བསྒྲིགས་ཟིན་པའི་བཟའ་ཟླ་གཉིས་ཀས་གཞན་གྱི་བཟའ་ཟླ་གང་རུང་ལ་དགའ་རོགས་སྒྲིག་པ་སོགས་ཀྱི་ཐལ་ཆེས་པའི་འཇིག་རྟེན་འདོད་པའི་དབང་དུ་སོང་བ་ཧ་ཅང་མང་བ་རེད།དེ་ལས་དཔའ་བོ་མཛེས་མའི་འགག་སྒོ་ལས་ཐར་དཀའ།  ཞེས་པའི་དཔེ་བཞིན་དགའ་རོགས་དང་འགྲོགས་ཡུན་རིང་བས་བརྩེ་དུང་གཏིང་ཟབ་པ་ཆགས་ནས་མཐའ་མཇུག་རང་གི་ཁྱིམ་ཚང་འཐོར་ཞིང་གཞན་གྱི་བཟའ་ཚང་གཏོར་བའི་གནས་ཚུལ་ཆར་རྗེས་ཀྱི་ཤ་མོ་བཞིན་བོད་རོང་འབྲོག་ཁུལ་དུ་བརྡོལ་དང་རྡོལ་བཞིན་པའི་གནས་ཚུལ་དངོས་རེད། འདི་གནས་ཚུལ་དངོས་ཡིན་པས་འདི་དང་འབྲེལ་ཡོད་ཀྱི་སྙན་རྩོམ་མི་ཉུང་བ་ཞིག་དེང་དུས་བྲིས་འདུག་པ་ལས་ཀྱང་ཤེས་ནུས་ཏེ། སྨིན་བསོད་འཕྲིན་གྱི་དྲྭ་ངོས་སུ་སྙན་རྩོམ་ཁ་བྱང་ལ། ཇེ་སྡུག་རེད། ཟེར་བ་ཞིག་ལས།  གཉེན་སྒྲིག་རང་དབང་ཇེ་ཡོད་ཇེ་བཟང་རེད།།བཟའ་འཁོན་བཟའ་འཐོར་ཇེ་མང་ཇེ་སྡུག་རེད།།ཅེས་པ་ལྟ་བུའོ།།མཁས་དབང་དགེ་ཆོས་ཀྱིས་གསུངས་པ་བཞིན། སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད།།བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད།།ཕྱི་རོལ་རྫུ་ཡི་ཁྱད་པར་མ་གཏོགས་པ།།ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས།།ཞེས་པ་ཤིན་ཏུ་བདེན་མོད།ཡིན་ན་ཡང་། ཧ་ཅང་མང་ན་ཧམ་པར་འགྱུར་བའི་དཔེ་བཞིན་དུ། བུ་ཕྲུག་དང་བཟའ་ཟླ་བརྗེད་ནས་བརྩེ་དུང་གི་ཆེད་དུ་ཐང་གི་རྡོ་བླངས་ཏེ་རུམ་གྱི་བྲོ་བོར་ན་ག་ལ་རུང་། དེས་ན་མི་རིགས་གཞན་དང་སྔོན་ཐོན་གྱི་རྒྱལ་ཁབ་དག་ཏུ་མཆེད་པའི་སྐར་འཕྲིན་དང་ཁ་པར་དེ་ཆམ་རིམས་ཤིག་ཡིན་པའི་དབང་དུ་བཏང་ཚེ། རང་རེ་བོད་པ་ཚང་ལ་བྱུང་བའི་སྐར་འཕྲིན་དང་ཁ་པར་གྱི་ཉེས་པ་དེ་ཆམ་རིམས་ཙམ་མ་ཡིན་པར་གཉན་རིམས་ཤིག་རེད་ཅེས་ནའང་མི་ཆོག་རྒྱུ་མེད་པར་སྙམ། དེས་བསྐྱེད་པའི་གནོད་འཚེའི་རང་བཞིན་དང་ངོ་བོ་ལ་གཞིགས་ན་གཉན་ནག་པོ་སུམ་སྒྲིལ་ལམ། ཡང་ན་འབྲས་བུ་སྲོག་གཅོད་ཀྱི་ནད་དགུའི་རྗེས་སུ་འགྲོ་བར་འདུག་ཅེས་ནའང་ཧ་ཅང་ཐལ་མི་དྲགས་པར་སེམས།  ཨ་ལ་ཀུ་རེ་ཡིན། དེ་འདྲ་ཐལ་དྲགས་སོང་མོད། གང་ལྟར་ཚབས་ཆེ་བར་འདུག འདི་ཐམས་ཅད་ཀྱང་མདོར་གྲིལ་ན།  བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བསྲུབས་འོ་མའི་མར་ལོ་ནི། འཚོ་བ་བདེ་ཞིང་སྐྱིད་པས་བོད་པ་ཚང་གི་ལྟོ་རྒྱབ་གཉིས་ཀར་འདང་རྒྱག་མེད་པ་དང་། དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་ཁུངས་བཟང་བས་སྒོར་མོའི་དཀའ་ཁག་མི་འབྱུང་བའི་ཡོང་འབབ་སོགས་ཀྱིས་བསྐྱེད་པའི་ལོངས་སྤྱོད་ཀྱི་འབྲས་བུ་ཁོ་ན་རེད། གསལ་བོར་བཤད་ན། འཚོ་བ་སྐྱིད་ཅིང་ཡོང་འབབ་མང་བ་དེས་གཉེན་སྒྲིག་ཟིན་པ་ཐམས་ཅད་ཀྱང་སྐྱིད་ཐལ་བ་དང་། ཁོམ་དྲགས་ནས་བརྩེ་དུང་ལབ་པ་དང་དགའ་རོགས་བཙལ་བའི་སྐར་འཕྲིན་དང་ཁ་པར་གྱི་ལོག་ལམ་དུ་ཞུགས་པ་རེད།དེ་ལས་ཆུང་མའི་འཛུམ་གྱིས་སྐྱེས་པ་རྒྱུས་མེད་བསུས་པ་དང་ཁྱོ་གའི་སྒོར་མོས་བུ་མོ་མདོ་མེད་གསོས་པའི་མཇུག་འབྲས་རེད།ད་དུང་བཟའ་ཟླ་ལ་བརྩི་འཇོག་ཆུང་བ། ཁྱིམ་ཚང་ལ་འགན་ཁུར་དམན་པ།བུ་ཕྲུག་ལ་སེམས་ཁྲལ་མེད་པ། རྒྱུ་ནོར་ལ་གསོག་འཇོག་ཞན་པ།རང་གཤིས་ལ་བརྟན་བརླིང་མེད་པ།བརྩེ་དུང་ལ་རྒྱ་ཡན་ཆེ་བ་བཅས་ཀྱི་སྡོམ་རྩིས་ཀྱང་རེད།དེ་མ་གཏོགས་རང་གི་ཕ་མ་དང་གནའ་མི་རྒན་རྒོན་ཚོར་དྲིས་དང་གནའ་དུས་འཚོ་བར་དཀའ་ཁག་མོད་པའི་སྤྱི་ཚོགས་སུ་དེང་དུས་བཞིན་བཟའ་འཐོར་གྱི་ཚ་རླབས་འཕྱུར་བའི་ལོ་རྒྱུས་ཤིག་དར་ལུང་རྣ་བས་ཀྱང་ཐོས་དཀའ་འོ།།

གཉིས་པ། བྱིས་པ་ཞེས་པའི་ངོ་སྤྲོད་རགས་རིམ་ཙམ།

    བྱིས་པ་ནི་ཕ་མའི་གཅེས་ཕྲུག་དང་།   དེ་ཡང་ཆུང་དུས་ཨ་མས་གཅེས་བྱེད་དུས་ནམ་རྒྱུན་སྨྲ་བའི་ཚིག་སྟེ།  ཚེ་འདི་ནས་འདུག་པའི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་། གནམ་གྱིས་སྲུང་རྒྱུ་བོ།ཚེ་ཐག་རིང་རྒྱུ་བོ། བླ་མས་སྐྱོབས་རྒྱུ་བོ།ཞེས་པ་དེ་ཡིན་པ་དང་།   མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གམ། ཡང་ན་མིའི་རིགས་ལ་མཚོན་ན་ཡང་།  འབྱུང་འགྱུར་མ་འོངས་པའི་བདག་པོ་དང་རེ་བ་བཅོལ་ས་ནི་བྱིས་པ་ལས་མ་འདས་པས།  བྱིས་པ་ནི་ཇི་འདྲའི་གལ་ཆེ་ཞིང་གཅེས་པར་སྐྱོང་དགོས་པ་ཞིག་མ་ཡིན་ནམ།  དེ་ཡང་བྱིས་པ་ཞེས་པའི་ལོ་ཚད་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན།  དེ་ཡང་གསོ་རིག་རྒྱུད་བཞི་ལས།  ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ།།ཞེས་གསུངས་པ་དང་།  བེེ་སྔོན་དང་མེས་ཞལ་ལས་ཀྱང་།  སྐྱེས་པ་ནས་ལོ་བཅུ་དྲུག་གི་བར་ནི་བྱིས་པའམ་ཁྱེའུ་ཕྲུ་གུ་ཞེས་གསུངས་ཡོད་པ་དང་། སྐྱེམ་པ་ཚེ་དབང་གི་རྒྱུད་བཞིའི་རྣམ་བཤད་དུ། སྐྱེས་ནས་ལོ་བཅུ་དྲུག་ཏུ་མ་སླེབས་པའི་བར་ནི་ལུས་སེམས་ཀྱི་སྟོབས་མ་རྫོགས་པས་བྱིས་པའོ།། ཞེས་ལོ་བཅུ་དྲུག་བར་བྱིས་པ་ཞེས་པའི་རྒྱུ་མཚན་དང་བཅས་གསུངས་འདུག  གང་ལྟར་འགྲེལ་བ་འདི་གསུམ་གྱིས་རྒྱུད་ཀྱི་དགོངས་དོན་འགྲེལ་བ་ལས་འདའ་མི་འདུག་པ་རེད། བོད་རྒྱ་ཚིག་མཛོད་ཆེན་མོ་རུ། ལོ་གཅིག་ནས་བརྒྱད་བར་གྱི་ཕྲུ་གུ་ཤེད་མ་ཕྱེ་བ།མིང་གི་རྣམ་གྲངས་ལ་ནུ་འཐུང་དང་།  ཕྲུ་གུ  ཞོ་འཐུང་བཅས་སོ།། ཞེས་བྱིས་པ་ཞེས་པ་ལོ་གཅིག་ནས་བརྒྱད་ཀྱི་བར་ཡིན་པར་ངོས་བཟུང་འདུག དགེ་བཤེས་ཆོས་གྲགས་སུ། བུ་ཆུང་ཆུང་དང་སོ་སོ་སྐྱེ་བོ་དང་སྐྱེས་ནས་འགྲོ་མི་ནུས་པར་བྱིས་པ་ཞེས་མཚོ་ཏྰི་ཀ་གསུངས། ཞེས་བུ་ཆུང་ཆུང་(小孩)དང་སྐྱེས་ནས་འགྲོ་མི་ནུས་པའི(婴儿)  ཞེས་ངོས་འཛིན་རང་ལུགས་ཅན་རྒྱ་ཡིག་གིས་ཀྱང་བསྒྱུར་བ་ཅན་བཀོད་འདུག གོང་གི་རྒྱུད་དང་རྒྱུད་འགྲེལ་གྲགས་ཅན། ཚིག་མཛོད་གལ་ཆེན་བཅས་ལས་བཤད་པ་མདོར་བསྡུས་ན། སྐྱེས་པ་ནས་ལོ་བཅུ་དྲུག་གི་བར་དུ་བྱིས་པར་ངོས་འཛིན་པ་ཞིག་དང་། སྐྱེས་ནས་ལོ་བརྒྱད་ཀྱི་བར་ངོས་འཛིན་པ་ཞིག  བུ་ཆུང་ཆུང་དང་སྐྱེས་ནས་འགྲོ་མི་ནུས་པ་བྱིས་པར་ངོས་འཛིན་པ་བཅས་ལས་མི་འདའ་བ་རེད། ཨ་མདོ་འབྲོག་པའི་ཁ་དཔེ་ལྟར་ན། ཕོ་ལོ་ལྔ་གསུམ་བཅོ་ལྔ་ལོན་ན་བློ་ཕར་མི་འདྲི། མོ་ལོ་ལྔ་གསུམ་བཅོ་ལྔ་ལོན་ཚེ་ཟས་མར་མི་སློང་། ཞེས་པར་དཔྱད་ཚེ་སྔོན་དུས་བྱིས་པ་ཚོ་ལོ་ན་བཅོ་ལྔ་ལོན་པ་ན་ནར་སོན་པའི་རྟགས་སུ་ཕ་མ་ལ་མི་བརྟེན་པར་རང་རང་གི་འཚོ་བ་རོལ་ནས་རང་ཁ་རང་གསོ་བྱེད་པའི་འགོ་བརྩམས་པར་འདོད་དེ། དེ་ཡང་བུ་ཡིན་ན་ཇག་ལ་འགྲོ་བ་དང་བུ་མོ་ཡིན་ན་གནས་ཡུལ་འགྲིམས་པ་རེད། ད་ལྟའི་རང་རེ་ས་ཁུལ་གྱི་ལོ་ན་དྲུག་ཅུར་སོན་པའི་རྒན་རྒོན་དག་གི་ནང་དུའང་ལ་ལ་ཞིག་ལོ་བཅོ་ལྔར་བུད་པ་ན་གཉེན་སྒྲིག་པ་ཡིན་ཟེར་མཁན་མང་པོ་འདུག ད་དུང་གསོ་རིག་རྒྱུད་བཞི་ལས།བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར།།དངས་མ་ལས་འབྱུང་ཟླ་རེར་བསགས་པའི་ཁྲག།རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ།།རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག།ཅེས་པར་དཔྱད་ནའང་།བུ་མོ་ལོ་བཅུ་གཉིས་ནས་ཟླ་མཚན་ལྡན་པ་ཡིན་ཚེ་དེ་ནི་ལུས་ཟུངས་རྒྱས་ཤིང་ལང་ཚོ་སྨིན་པའི་རྟགས་མཚན་ཡིན་པ་ནི། ཡང་རྒྱུད་ལས། ཟླ་མཚན་ལྡན་སྐྱེས་པ་འདོད་པའི་རྟགས།། ཞེས་གསུངས་པ་ལས་ཀྱང་རྟོགས་ཐུབ་སྙམ་མོད། གང་ལྟར་སྐྱེས་པ་ནས་ལོ་ན་བཅུ་དྲུག་གི་བར་བྱིས་པ་ཡིན་ཞེས་པའི་འདོད་ཚུལ་ནི་སྤྱི་ལོ་དུས་རབས་བརྒྱད་པར་རྩོམ་སྒྲིག་མཛད་པའི་རྗེ་གཡུ་ཐོག་རྙིང་མའི་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ཡིན་པས་ཁུངས་བཙུན་པ་དང་།  དེང་དུས་རང་རྒྱལ་གྱི་ཁྲིམས་ལུགས་ལྟར་ནའང་ལོ་ན་བཅོ་བརྒྱད་མ་ལོན་ན་ནར་མ་སོན་པའི་བྱིས་པར་བགྲངས་ཀྱིན་ཡོད་པས་བྱིས་པ་ཞེས་པའི་ན་ཚོད་གང་འདྲ་ཞིག་ལ་ཟེར་བ་གོ་སླའོ།།

གསུམ་པ། སྔོན་དུས་བོད་ཁུལ་དུ་བྱིས་པར་མཐོང་ཆེན་ཇི་ལྟར་བྱས་པ་སོགས་ལས་འཕྲོས་པ།

    སྔོན་དུས་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུའམ་ཡང་ན་དེ་ལས་ཀྱང་སྔ་བའི་དུས་རབས་ནས་བཟུང་བྱིས་པའི་བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་ནི་སྐབས་དེའི་གསོ་རིག་ཡིག་ཆ་རྩ་ཆེན་དཔལ་ལྡན་རྒྱུད་བཞི་ལས་ཀྱང་ཤེས་ཐུབ་སྟེ། བྱིས་པ་ཉེར་སྤྱོད་ལས། སྐྱེས་མ་ཐག་ཏུ་བཀྲ་ཤིས་ཚིག་འདི་བརྗོད།།བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན།།ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག།ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་།།མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས།།ཞེས་བྱིས་པ་སྐྱེས་མ་ཐག་ནས་ཕ་མས་བཀྲ་ཤིས་པའི་ཚིག་བརྗོད་པ་ཡིན་འདུག    ང་རང་གི་བུ་ཆུང་སྐྱེས་དུས་ཁོ་བོས་སྔ་མོ་ནས་གྲ་སྒྲིག་བྱས་ཏེ་རྟེན་འབྲེལ་གྱི་ཆོ་ག་འདི་རྒྱུད་བཞིན་སྤེལ་བ་ཡིན།དེ་ནས་ཡང་།སྤོས་ཆུ་དྲོ་འཇམ་ལུས་ཀུན་དག་པར་བཀྲུ།།ལྕེ་ཡི་ཐོག་ཏུ་གུར་ཀུམ་ཧྲྰིཿཡིག་བྲི།།གླ་རྩིའི་ཆུ་བླུད་སྦྲང་མར་སྦྱར་བ་བྱིན།།ཞེས་སྤོས་ཆུས་ལུས་གཙང་དག་བྱེད་པ་དང་།ལྕེ་ཐོག་ཏུ་སྨྲ་བརྗོད་བདེ་ཞིང་ངག་ལྐུག་མི་འབྱུང་བ་བློ་གསལ་བར་འགྱུར་བའི་རྟེན་འབྲེལ་དུ་གསུང་གི་ཡི་གེ་ཧྲྰིཿགུར་ཀུམ་གྱིས་འབྲི་བ།གླ་རྩིའི་ཆུ་བླུད་ནས་ས་བདག་འགོག་ཅིང་ཕྱིས་ཀྱི་རྒྱུ་རིམས་བསྲུང་ཞིང་སྦྲང་མར་གྱིས་བད་ཀན་ཆུ་སེར་སེལ་ཞིང་ལུས་ཟུངས་གསོ་བར་བྱེད།དེ་རྗེས་ནུ་མ་སྣུན་པའི་སྐབས་སུའང་།དེ་ནས་མ་ཡི་ནུ་ཞོ་བསྣུན་པར་བྱ།།ནུ་ཞོ་སྐམས་ན་རིགས་བཟང་ནད་མེད་ཅིང་།།སྲོག་སྐྱོབ་བུ་མ་ཤི་བའི་ནུ་མ་བླུད།།ཅེས་བྱིས་པར་ནུ་མ་ལྡུད་སྐབས་ཀྱང་ཨང་དང་པོ་བྱིས་པའི་ཨ་མའི་ནུ་ཞོ་སྣུན་དགོས་པ་ཡིན་ཞིང་གལ་ཏེ་ཨ་མ་དངོས་ལ་ནུ་ཞོ་སྣུན་རྒྱུ་མེད་པ་ཡིན་ན།རང་གི་ཤ་ཉེ་འབྲེལ་གྱི་བུད་མེད་རིགས་རུས་ཀྱི་རྒྱུད་པ་བཟང་ཞིང་ནད་མེད་ཐ་མལ་ཞིག་གི་འོ་མ་ནུ་རུ་འཇུག་དགོས་པ་བསྟན་པ་རེད།དེ་ཡང་ལོས་ཡིན་ཏེ་དེང་དུས་འགོས་ནད་ཨེ་ཙི་དང་རེག་དུག་མཆིན་ཚད་ཀ་བ།མཆིན་ཚད་ཁ་བ་གློ་གཅོང་བཅས་ཀྱི་ནད་ཡོད་ཚེ་ཨ་མ་དེའི་ནུ་ཞོ་བྱིས་པར་སྣུན་མི་རུང་བར་ནུ་ཞོ་དང་བྱིས་པ་ཁ་བྲལ་བའི་གནས་ལུགས་ཀྱང་སྐབས་དེ་དུས་ཤིག་ནས་བསྟན་འདུག་སྙམ། ང་རང་ལ་མཚོན་ན་ཡང་། སྐྱེས་མ་ཐག་ཏུ་ཨ་མར་ནུ་ཞོ་མྱུར་བར་མ་བབས་པས་ཨ་མའི་ཨ་ཅེ་སྟེ་ང་རང་གི་ཨ་ནེ་ཡི་ནུ་མ་བསྣུན་པ་ཡིན་ཟེར། ཡང་རྒྱུད་ལས། དང་པོ་འགོ་ཞིང་བསྟེན་ནམ་བསྒྲུབས་པ་ཡི།། ལྷ་ལ་གསོལ་མཆོད་བྱ་ཞིང་ལྟ་རྟེན་གཟུགས།།ཞེས་མི་སྐྱ་ཡིན་ན་འགོ་ཞིང་བསྟེན་པའི་སྐྱེས་ལྷ་དང་། བན་བོན་ཡིན་ན་བསྒྲུབ་པའི་ལྷ་གང་ཡིན་པ་དེའི་ཕྱག་མཚན་ནམ་རྟེན་རྫས་སམ་སྐུ་རྟེན་འཛུད་པ། སློབ་དཔོན་སྤྱན་དྲངས་སྲོག་མདའ་སྲོག་འཕང་བཅའ།།གནམ་གཏའ་བར་གཏའ་ས་གཏའ་སྒོ་གཏའ་གཟུག།ཅེས་ཕོ་སྲོག་མདའ་དང་མོ་སྲོག་འཕང་ལ་གནས་པའི་དོན་གྱིས་སློབ་དཔོན་ཞེས་གཞི་གཏད་པའི་བན་སྔགས་གང་རུང་ཞུས་ནས་སྲོག་མདའ་སྲོག་འཕངས་གཟུགས་པ། གནམ་གཏའ་སྟེང་ཐོག་ལ་གཟུགས། བར་གཏའ་བར་ཐོག་ལ་གཟུགས། ས་གཏའ་རྨང་ལ་གཟུགས། སྒོ་གཏའ་སྒོ་ལ་གཟུགས་བཅས་བསྐྲུན་པ་སོགས་ལས་ཀྱང་བྱིས་པའི་ཚེ་སྲོག་བརྟན་ཞིང་གདོན་རྒྱལ་འགོང་སོགས་ཤི་གཤེད་ཀྱི་གནོད་འཚེ་སྲུང་ཆེད་འགོ་བའི་ལྷ་ལ་གསོལ་མཆོད་སྐྱབས་བཅོལ་དང་། སྲོག་གནས་ཀྱི་རྟེན་བཅའ་བ། ཆུང་གསོའི་གཏོ་མཆོག་འདོན་པ་སོགས་ཀྱི་ཆོ་ག་ཕྲ་ཞིང་ཞིབ་པ་སོང་འདུག ཨ་མདོའི་ས་ཁུལ་རེ་གཉིས་ཀྱང་བྱིས་པ་བུ་ཞིག་སྐྱེས་པ་ན་བསང་གཏོང་བའི་ཡུལ་སྲོལ་དེང་སྐབས་འདུག་པ་ལས་ཀྱང་ཤེས་ནུས། གོ་ཐོས་སུ་རེབ་ཀོང་ནས་བུ་ཞིག་སྐྱེས་ན་བསང་གཏོང་བ་དང་།  བླ་བྲང་ནས་བུ་མོ་ཞིག་བཙས་པ་ན་བསང་གཏོང་ཞེས་པའི་ངག་རྒྱུན་ཡང་འདུག ཡང་གཙང་མའི་གོས་ལ་ཤུ་དག་གུ་གུལ་དང་།།ཡུངས་ཀར་དུ་བས་བདུགས་ལ་བུ་ལ་དཀོན།  ལག་པ་གཉིས་དང་མགུལ་དུ་ཤུ་དག་གདགས།། ཞེས་བསྲུང་བའི་ཆོ་གར་གཙང་མའི་གོས་ལ་ཤུ་དག་དང་གུ་གུལ་དང་ཡུངས་ཀར་སོགས་གདོན་འཇོམས་པའི་དུ་བས་བདུགས་ཤིང་བུ་ལ་དཀོན་པར་འདུག སྔ་མོ་ང་རང་གི་ཕ་ཡུལ་དཔལ་ཁའི་ཧྲོང་བོ་སྡེ་བར་མཚོན་ན་བྱིས་པ་སྐྱེས་ནས་ཉིན་བདུན་ལོན་པ་ན་བང་ཞག་ཚང་སོང་ཞེས་བྱིས་པ་དེ་ལ་བལྟ་རུ་འགྲོ་བ་རེད། འགྲོ་དུས་བྱིས་པའི་ལག་སྦྱིབས་ཞེས་རས་དཀར་པོ་གྲུ་བཞི་ཁ་གང་མ་ཞིག་རྟེན་འབྲེལ་གྱི་སྐྱེས་སུ་འབུལ་བ་རེད།     དེ་བས་རྒྱུན་དུ་གཙང་མའི་གོས་ཞེས་པའང་ཕལ་ཆེར་རས་དཀར་གྱི་བཟོས་པའི་གོས་ཨེ་ཡིན་ནམ་སྙམ།  རྒྱལ་སྤྱིའི་གཅིག་འགྱུར་གྱི་སྨན་པའི་ལྭ་བའང་ཁ་དོག་དཀར་པོ་ཡིན་པའི་ཆ་ནས་དཔྱད་ན།  གོས་དཀར་པོ་འདི་ནད་ཡམས་ལ་ཕན་པའི་དགོས་ཆེད་ཅིག་ཡོད་པའང་གོར་མ་ཆག་སྙམ།  གནའ་བོའི་ཨེ་ཅེབ་རྒྱལ་ཁབ་ནས་ཀྱང་བྱིས་པ་སྐྱེས་མ་ཐག་སོ་མའི་སེང་རས་དཀར་པོས་གཅུད་པ་ཡིན་ཞེས་ཨེ་ཅེབ་གསོ་རིག་ཏུ་བཤད་འདུག ཡང་།  ལག་པ་གཉིས་དང་མགུལ་དུ་ཤུ་དག་གདགས།།ཞེས་པ་འདིའི་རྒྱུ་མཚན་ཡང་། ཟླ་ཟེར་ལས། མཆོག་ཏུ་རྟག་པར་ཤུ་དག་ནི།།ལག་གཉིས་མགུལ་དང་སྤྱི་བོར་གདགས།།དེས་ནི་ཚེ་དང་ཡིད་གཞུངས་དྲན།།བདེ་བ་སྐྱེད་བྱེད་གདོན་ལས་བསྲུང་།།ཞེས་པ་ལྟར་རོ།།ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར།། བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན།།ཞེས་ཤེས་རབ་ཆེ་ཞིང་བློ་རིག་གསལ་བའི་རྟེན་འབྲེལ་དུ་ཨ་རུ་ར་སོགས་ཁྱད་པར་དུ་ར་མ་དཀར་མོའི་འོ་མར་བསྐོལ་བ་བླུད་ན་བྱིས་པ་དེ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ན་ཚངས་པའི་བུ་མོ་ཚེ་དང་ཚིག་སྙན་སྩོལ་ནུས་པའི་ལྷ་མོ་དབྱངས་ཅན་མ་ཞེས་པ་ཞིག་ཡོད་པ་དེ་དང་འདྲ་བར་ཤེས་རབ་དང་བློ་འཕེལ་ཞིང་དྲན་གསལ་ངག་ཚིག་སྙན་པར་འབྱུང་བར་བསྟན་པ་དང་།  དེའང་ལྷོ་ཕྱོགས་ཀྱི་བུ་མོ་ཕ་མ་འཛོམ་ཞིང་རིགས་བཟང་བ་བརྒྱུད་ནས་བྱིས་པར་སྟེར་བ་རེད།  ང་རང་གི་ཕ་ཡུལ་དུ་བྱིས་པས་ཤ་མ་ཟོས་པའི་སྔོན་དུ་རི་སྐྱེས་རི་བོང་གི་སྙིང་ངམ་ཨ་མདོའི་ཡུལ་སྐད་དུ་སྙགས་མ་ཟེར་བ་དེ་ཅུང་ཙམ་ཟ་རུ་འཇུག་པ་དང་།  དེའང་རི་བོང་འདི་ཤིན་ཏུ་བློ་ལྡན་ཡིན་པས་དེའི་སྙིང་ཟོས་ན་བྱིས་པ་དེ་ཕྱིས་སུ་ཤེས་རབ་ཆེ་ཞིང་བློ་རིག་གསལ་ཞེས་བཤད་པ་རེད།  རི་བོང་འདི་བློ་དང་ལྡན་ཚུལ་བོད་ཀྱི་སྲོལ་རྒྱུན་གནའ་གཏམ་ཁྲོད་ཤིན་ཏུ་མང་བ་དང་།གཞན་ས་སྐྱ་ལེགས་བཤད་ལས་ཀྱང་།བློ་དང་ལྡན་ན་ཉམ་ཆུང་ཡང་།།སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད།།རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང་།།རི་བོང་བློ་དང་ལྡན་པས་བསད།།ཅེས་བཀོད་ཡོད་པ་སོགས་ལས།རྒྱས་ཝ་མོར་གཡོ་སྒྱུ་ཆེ་ཚུལ་ལབ་པ་བཞིན་བོད་པས་རི་བོང་ལ་བློ་རིག་རྒོད་པར་ངོས་འཛིན་པ་ཤེས་ཐུབ་པར་འདུག་གོ།ཡང་ང་རང་གིས་འབྲོག་ཁུལ་གཞན་གྱི་ཨ་མ་རྒན་མོ་ཞིག་ལས་ཐོས་པ་ལྟར་ན་ཁོ་ཚོས་བྱིས་པར་ཤ་ཡི་ཐོག་མ་ར་མའི་ལྕེ་ཞིག་ཁར་ཟ་རུ་འཇུག་པ་དང་།  ར་མའི་ལྕེ་ཤ་ཡི་ཐོག་མར་བསྟེན་པ་དེས་ཀྱང་བྱིས་པ་དེ་སྨྲ་བརྗོད་བདེ་ཞིང་བློ་རིག་བཀྲ་བར་འོང་བ་རེད།  ཅེས་ཀྱང་བཤད་རྒྱུན་འདུག་ལ། འདི་དང་རྒྱུད་ཀྱི་ར་དཀར་གྱི་འོ་མ་ལྡུད་པ་གཉིས་ཤ་དང་འོ་མའི་ཁྱད་པར་ལས་ར་མའི་ཡིན་པ་ཅུང་འདྲ་བོ་འདུག་སྙམ།ཡང་རྒྱུད་ལས།སྤྱོད་ལམ་མིག་ལ་ཉི་མའི་ཟེར་མི་བཏང་།།རྐང་མཐིལ་མཚོགས་མ་མི་བསྲེག་གྲངས་མི་གཞུག།ཡོན་པོར་མི་བཟུང་བསླང་བ་སྔས་པ་མིན།།ཞེས་སྤྱོད་ལམ་གྱི་སྒོ་ནས་བྱིས་པ་ཇི་ལྟར་གཉོར་དགོས་པའང་བསྟན་འདུག་སྟེ།མིག་ལ་ཉི་མའི་ཟེར་བྱུང་ན་ཤེལ་པོར་འགྲོ་ཞེས་དང་དེང་སང་གི་ཤེལ་མིག(近视眼)ཏུ་འགྱུར་བ་དང་།རྐང་མཐིལ་དང་མཚོག་མ་མེ་ཉིས་བསྲེགས་ན་མིག་མི་གསལ་བས་དེ་གཉིས་མི་བསྲེག་ཅིང་རྣ་བ་འགགས་པས་གྲངས་སུའང་མི་གཞུག་པ་དང་།འདིར་བྱིས་པའི་མཚོགས་མ་གྲངས་པ་དེས་རྣ་བ་འགག་ནས་རྣ་བའི་ནུས་པར་གནོད་ཅེ་ན། དེ་ལ་གོ་བ་གཏན་ནས་ལེན་དཀའ་བ་ཞིག་རེད། རྒྱུ་མཚན་ནི། བྱིས་པ་ཆུང་ཆུང་རྣམས་ཀྱི་ཀླད་པའམ་མཚོགས་མ་འཁྱགས་ཚེ་སྣ་འཚུབ་པ་དང་། སྣ་ཆུ་མང་དུ་བཞུར་བ་གཅིག་མིན་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བས་ཀླད་པ་དང་མཚོགས་མ་གྲངས་ན་སྣ་འཚུབ་པ་དང་སྣ་ཆུ་མང་དུ་འབྱུང་བ་ལས།  རྣ་བ་འགག་འགྲོ་ཞེས་ན་ཧ་མི་གོ་བ་ཞིག་རེད། སྣ་དང་ཀླད་པའི་འབྲེལ་ཚུལ་ནི་རྒྱུད་ལས་ཀྱང་མང་དུ་གསུངས་ཡོད་དེ། ཕྱི་མ་རྒྱུད་ལས།  ལས་ལྔའི་སྣ་སྨན་ཞི་བྱེད་ཕན་ཡོན་སྐབས་སུ།  ཕན་ཡོན་སྣ་ཉིད་ཀླད་པའི་སྒོ་ཡིན་ཕྱིར།།ཞེས་སྣ་ནི་ཀླད་པའི་སྒོ་ཡིན་པ་གསལ་པོར་བསྟན་པ་དང་།  ཡང་མན་ངག་རྒྱུད་ཀྱི་གག་ལྷོག་གི་སྐབས་སུ།  ནད་ལོག་ཡར་རྫོང་ཀླད་ལ་ཤོར་བ་ན།།སྣ་ནས་ཆུ་སེར་འཛག་ཅིང་བླ་འཆོལ་སྨྲ།།དེ་ལ་སྣ་བཤལ་བཏང་ལ་ཆུ་སེར་སྦྱང་།།ཞེས་གསུངས་པ་ཅི་རིགས་ལས།  སྣ་དང་ཀླད་པའི་འབྲེལ་བ་ཁ་གསལ་དུ་མང་པོ་བསྟན་ཡོད་པ་དང་།  དེ་ལས་སྣ་ནི་ཀླད་པའི་སྒོ་ཡིན་པ་ཡང་ཞིབ་མོར་སྨྲས་འདུག་པ་རེད། ཡིན་ན་ཡང་།  རྒྱུད་ཀྱི་རྐང་མཐིལ་མཚོགས་མ་གྲངས་མི་གཞུག་ཅེས་པའི་འགྲེལ་བར། བེེ་སྔོན་སོགས་སུ་མཚོགས་མ་གྲངས་ན་རྣ་བ་འགགས་ཞེས་པ་དེ།  པཎ་ཊི་ཏས་ཐུགས་མཉམ་མ་བཞག་པའམ་ཡང་ན་པར་སྐྱོན་ཡིན་མིན་གང་ཡིན་མ་ངེས་མོད།  དེ་ནི་དོན་དུ་རྣ་བ་འགགས་པ་མ་ཡིན་པར་སྣ་འགགས་པ་ལོས་ཡིན་འདོད་དོ།།ཡོན་པོར་མི་བཟུང་བ་དང་བསླང་བ་སྔས་པས་ཀྱང་མཆིན་པ་བབས་ཏེ་སྒུར་པོར་འགྲོ་བས་སྔས་པ་མིན་ཞིང་།  མེ་དང་བྱ་གཅན་གཟན་དང་འགོ་ནད་སོགས་དང་འཇིགས་སྐྲག་གི་རིགས་གདོན་འཇུག་པས་བསྲུང་བར་བསྟན་འདུག་གོ།   

བཞི་བ། བཟའ་འཐོར་བྱུང་བའི་བུ་ཕྲུག་གི་ལུས་སེམས་ལ་བདེ་ཐང་དཀོན་ཚུལ་གླེང་བ།

    འཇིག་རྟེན་གྱི་ཁ་དཔེར། སྔ་དྲོ་ཕ་མའི་རེས་དང་ཕྱི་དྲོ་བུ་ཕྲུག་གི་རེས་ཡིན།  ཞེས་པ་ལྟར་གཉེན་སྒྲིག་ཟིན་པའི་ཕ་མ་དག་ལ་མཚོན་ན་རང་རང་གི་བུ་ཕྲུག་དག་ཤ་རྒྱ་མ་གང་གསོས་ནས་རྒྱ་མ་བརྒྱ་རུ་གཏོང་བ་དང་།  འབུ་ཞིག་གསོས་ནས་མྱི་ཞིག་ཏུ་བཏང་བ་སྨྲས་མ་དགོས་ལ།  རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཅེས་ན་དཔེ་འཇོག་ས་དཀོན་པའི་ཆེས་སྙིང་རྗེ་ཞིང་ཤ་ཚ་ས།  དུང་ཞེན་ཆེ་ཞིང་སྲོག་བཞིན་གཅེས་པ་ཞིག་ཡིན་པས།ཁ་དཔེར་ཡང་།  རྒྱུ་རྫས་གཞན་གྱི་རྒྱུ་རྫས་ལེགས།   བྱིས་པ་རང་གི་བྱིས་པ་བཟང་།  ཞེས་སྤྱི་སྡོམ་ཡང་དག་མཛད་པ་མ་ཡིན་ནམ།  བྱིས་པ་རང་རང་ལ་མཚོན་ན་ཡང་།   ཕ་མ་གཉིས་ཀ་བཟའ་འཐོར་མེད་པར་ཁྱིམ་ཚང་བཀྲ་ཤིས་བདེ་ལེགས་ཡིན་ན།  ཕ་མ་དེ་མཐོ་རྒྱལ་བོ་དང་གོང་དཔོན་པོ།   ཕྱུག་པོ་འབྱོར་ལྡན། ཡོན་ཏན་མཁས་ཅན་སོགས་ཡིན་ན་སྨོས་ཅི།  ཐ་ན་ཉིན་རེའི་ཁ་ཟས་སློང་མོ་བྱེད་པའི་དམའ་སྤྲང་བོ་ཞིག་ཡིན་ནའང་།  བྱིས་པ་རྣམས་ལ་མཚོན་ན་ཕ་འཛོམས་མ་འཛོམས་ཡིན་པས།  ཕ་མ་ངན་ཡང་སེམས་དྲོ།   ལྷམ་ཧྲལ་ངན་ཡང་ཉྭ་དྲོ།  ཞེས་པའི་དཔེ་བཞིན་སེམས་ཁམས་དྭངས་ཤིང་སྣང་བ་སྤྲོ་བའི་འཚོ་བ་སྐྱིད་པོ་ཞིག་ཡིན་པ་གོར་མ་ཆག་གོ །ཡིན་ན་ཡང་དེང་དུས་ཁྱད་པར་དུ་བོད་འབྲོག་ཁུལ་སོགས་སུ་ཕ་མ་གཉེན་འཐོར་འབྱུང་བའི་ཚད་ཧ་ཅང་མཐོ་བས་བཟའ་འཐོར་བྱུང་བའི་ཁྱིམ་ཚང་གི་བྱིས་པ་རྣམས་ལ་མཚོན་ན་ཕ་འཛོམས་མ་འཛོམས་ཀྱི་བྱིས་པ་རྣམས་དང་འདྲ་བར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བཞིན་ཡོད་ཟེར་རྒྱུ་ཧ་ཅང་ཁག་པོ་རེད།  བྱིས་པ་དེ་རྣམས་ལ་ལུས་ཀྱི་བདེ་ཐང་གི་ཕྱོགས་ནས་བཤད་ནའང་འདྲ།  སེམས་ཀྱི་བདེ་ཐང་གི་ཐད་ནས་སྨྲས་ནའང་རུང་།  གང་ལྟར་ཡང་ཧ་ཅང་ཆག་སྒོ་ཞིག་ཡིན་པ་སྨོས་ཅི་དགོས། དེས་ན་སྐབས་བབས་ཀྱི་བདེ་ཐང་ཞེས་པ་ག་འདྲ་ཞིག་རེད་དམ་ཞེ་ན། དེ་ལ་འགྲེལ་སྟབས་བདེ་ཞིག་རྒྱག་པར་བྱ་སྟེ།   སྤྱི་ལོ1948ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བར་བསྟན་པ་ནི།   བདེ་ཐང་ཞེས་པ་ནི་ནད་མེད་པ་དང་ཟུག་གཟེར་མེད་པ།  ལུས་སྟོབས་བཟང་བ་ཙམ་མ་ཡིན་པར།  ལུས་ཁམས་དང་སེམས་ཁམས་དང་སྤྱི་ཚོགས་འཚམ་བསྟུན་བཅས་སྐྱོན་མེད་འཐུས་ཚང་གི་རྣམ་པ་ཞིག་ལ་ཟེར།  ཞེས་བཤད་ཡོད་པ་དང་།  ད་དུང་གོམ་གང་མདུན་སྤོས་སྒོས།  ལུས་ཁམས་ཀྱི་སྐྱོན་མེད་འཐུས་ཚང་གི་རྣམ་པ་ནི་ཕུང་བོའི་མ་ལག་ཡོངས་ལ་ནད་མེད་པ་ལ་ཟེར་ཞིང་།  སེམས་ཁམས་དང་སྤྱི་ཚོགས་ཐད་ཀྱི་སྐྱོན་མེད་འཐུས་ཚང་གི་ངང་ཚད་ཟེར་བ་ནི་རྒྱུན་མཐུད་ཅན་དང་དགེ་མཚན་ལྡན་པའི་ནང་སེམས་ཀྱི་མྱོང་བྱ་ཞིག་དང་།  སྤྱི་ཚོགས་དང་འཚམ་སྟུན་ལེགས་པ།   དགེ་མཚན་ལྡན་པའི་སྒོ་ནས་མི་རང་ཉིད་ཀྱི་ལུས་སེམས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་དང་།  སྤྱི་ཚོགས་ལ་ཐོན་པའི་ཕན་ནུས་བཅས་ལ་བྱ།  ཞེས་སྨྲས་པ་བཞིན་ནོ།།བོད་ཡིག་གི་ཡིག་ཆ་གང་དག་གི་ནང་ན་བདེ་ཐང་ཞེས་པའི་མིང་ཚིག་འདི་འདུག་གམ་ཞེ་ན།  བོད་རྒྱ་ཚིག་མཛོད་ཆེན་མོ་རུ་འདུག་སྟེ།   བདེ་ཐང་།  གཟུགས་པོ་ནད་མེད་པ།   ཞེས་འཁོད་པ་དང་།  དག་ཡིག་གསར་བསྒྲིགས་ཞུ་དག་མ་རུ།   བདེ།   ནད་ཞི་བའམ་མེད་པ་སྟེ།  ལུས་བདེ།   ཁམས་བདེ།  ཞེས་འགྲེལ་འདུག་པ་རེད།  དོན་དུ་བདེ་ཐང་ཞེས་པ་དེང་དུས་རྒྱ་ཡིག་གིས(健康)ཟེར་བ་བོད་ཡིག་ཏུ་བསྒྱུར་བའི་མིང་ཚིག་གསར་བ་ཞིག་ཡིན་པས། བོད་གསོ་རིག་གི་ཁྱབ་ཁོངས་སུ་སྔོན་དུས་ཡིན་ན་ཐ་མལ་ནད་མེད་ཀྱི་གོ་དོན་ཡིན་ཏེ།  སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།  མྱ་ངན་མ་གདུངས་སེམས་བདེ་དང་།།ནད་ཀྱིས་མ་བཏབ་ལུས་བདེ་དང་།། ཞེས་པའི་བོད་ལུགས་གསོ་རིག་ཏུ་འཁོད་པའི་ཚིག་རྐང་འདི་གཉིས་ཀྱིས་བདེ་ཐང་ཞེས་པ་ལུས་སེམས་གཉིས་ཀྱི་བདེ་ཐང་ཡིན་པ་སྔར་ནས་གསལ་བར་གསུངས་འདུག་གོ།བདེ་ཐང་ཞེས་པར་གོ་བ་ཨེན་ཙམ་བླངས་རྗེས་མུ་མཐུད་དུ་སྐབས་སུ་བབ་པའི་བརྗོད་གཞི་གླེང་བར་བྱ་སྟེ།  དེས་ན་ཕ་མ་བཟའ་འཐོར་བྱུང་བའི་བུ་ཕྲུག་གི་ལུས་ལ་བདེ་ཐང་འབྱུང་རྒྱུའང་ཧ་ཅང་ཁག་པོ་ཡིན་ཏེ། དཔེར་ན། ཕ་མ་གཉིས་ཀ་བཟའ་འཐོར་བྱུང་ནས་བྱིས་པ་དག་ཨ་མའི་གམ་ནས་བཞག་སྟེ་ཕ་རྒན་གྱིས་ཆུང་མ་གསར་བ་ཞིག་བསུས་པའམ་ཡང་ན་ཕར་གཞན་གྱི་ཁྱིམ་ལ་མག་པར་སོང་བའི་དབང་དུ་བཏང་ཚེ།ཕས་ཤུལ་དུ་དོར་བའི་བྱིས་པ་དག་ལ་ཨ་མ་མ་གཏོགས་ཕ་མེད་པས། མགོ་རྨི་ལམ་འཁྲུག་ན་ཞུ་ས་དང་།  རྐང་ཚེར་མ་ཟུག་ན་སྟོན་ས་ནི་ཨ་མ་ཁོ་ན་ལས་མ་འདས། ཡིན་ན་ཡང་། ཨ་མ་ནི་བུད་མེད་ཅིག་ཡིན་པའི་སྟེང་དུ། ཕྱི་ནས་རྒད་པོ་ཞིག་གི་ཚབ་ཏུ་ལས་ཀ་སྒྲུབ་དགོས་ཤིང་ཁྱིམ་ནས་ཁྱིམ་བདག་མ་བུད་མེད་ཚང་གི་བྱ་བ་ཙག་ཙིག་ཡོད་ཚད་སྒྲུབ་དགོས་པའི་ཁར་ད་དུང་བྱིས་པ་རྣམས་ལ་གཉོར་སྐྱོང་བྱེད་དགོས།  དངོས་གནས་བུད་མེད་དེས་དཀའ་ཚེགས་འོ་བརྒྱལ་མང་པོ་མྱང་དགོས་པ་མ་ཟད། གལ་ཏེ་ཨ་མ་དེ་བུད་མེད་གཉོམ་ཆུང་ནུས་མེད་ཅིག་ཡིན་པས་བྱིས་པ་རྣམས་ཀྱི་ལྟོ་རྒྱབ་གཉིས་ཀར་དཀའ་ཁག་བྱུང་ན་ཅི་བྱ། བྱིས་པ་དག་གི་ཕོ་བ་མ་འགྲངས་པར་འཚོ་བཅུད་ཞན་ནས་ནད་པར་གྱུར་པ་ཡིན་ན་ལུས་ལ་བདེ་ཐང་ཞིག་གང་ན་ཡོད།  གྱོན་པ་མེད་པར་དགུན་གྲང་ལྷགས་ཀྱིས་རྐང་ལག་ཕྱིད་སོང་ན་ཅི་བྱ། མཐའ་མཇུག་བྱིས་པ་དེ་དག་རྐང་ཆད་ཞ་འཐེང་དུ་སོང་བ་ཡིན་ན་ལུས་ལ་བདེ་ཐང་ཞིག་འབྱུང་རྒྱུ་ཨེ་རེད་དམ།  ཡང་ན་ཁྱིམ་ཚང་དབུལ་བོར་གྱུར་ནས་ཁང་ཁྱིམ་ངན་ངོན་དུ་བསྡད་པར་ཆར་རླུང་གིས་བརྡིབས་ནས་བྱིས་པ་ཚོ་མནན་ནས་གཅུར་སོང་ན་ཅི་བྱ། བྱིས་པ་དེ་རྣམས་ཀྱི་ལུས་ལ་བདེ་ཐང་ཞིག་ཡོད་སྲིད་དམ།  ཡང་ན་ཕ་མེད་པའི་སྟེང་དུ་ཨ་མ་རྗེ་བཙུན་སྒྲོལ་མ་འདྲ་བ་དེ་ལ་ནད་ཚབས་ཆེན་ཞིག་ཕོག་སོང་ན་བྱིས་པ་རྣམས་ཀྱིས་ཅི་བྱ། གལ་ཏེ་ཨ་མ་དེ་སྒྲུང་གཏམ་པ་ཚེ་རིང་དོན་གྲུབ་ཀྱི་ར་ལོ་ཞེས་པའི་སྒྲུང་གཏམ་གྱི་ནང་གི་མི་སྣ་གཙོ་བོ་ར་ལོ་ཡི་འཇིག་རྟེན་སྟེང་གི་གཉེན་ཉེ་གཅིག་པོ་སྟེ། ཁོ་ཡི་ཨ་མ་ཡང་འཆི་བདག་ལ་སྙིང་རྗེ་མེད་པས་ཚེ་ལས་འདས་སོང་བ་ལྟར། ནད་དམ་ཡང་ན་རྐྱེན་ངན་བར་ཆད་གང་རུང་གིས་ཤི་སོང་ན་ཅི་བྱ། ཨ་མ་ཤི་བའི་བྱིས་པ་དག་ལོ་ན་གསུམ་བཞི་ལྔ་དྲུག་ཅན་ཡིན་ན་ཅི་བྱ། དེ་དག་གི་ལུས་ལ་བདེ་ཐང་ཞིག་ཡོད་སྲིད་དམ། ཡང་ན་བྱིས་པ་དེ་དག་གི་ཨ་མ་དེ་འཚོ་བའི་དཀའ་སྡུག་གང་མང་མྱང་རྗེས་ཐབས་ཟད་འུ་ཐུག་ནས། ཁྱོ་ག་ཞིག་བཙལ་བའི་དབང་དུ་བཏང་བ་ཡིན་ན། གཅིག་ཏུ་ན་ཁྱོ་ག་དེ་མི་གཤིས་དྲང་སེམས་བཟང་ཞིག་ཡིན་ན་མ་གཏོགས།  སྐྱེས་པ་དེ་ཁོའི་རུས་རྒྱུད་མིན་པའི་བྱིས་པ་དེ་དག་ལ་ཕོ་སེང་སེང་ཁྱུ་གཞན་དུ་སོང་ནས་རང་གི་ཕྲུ་གུ་མིན་པ་རྣམས་གསོད་པ་བཞིན་དུ་ཚིག་གིས་གཤེ་ཞིང་སྡིགས་པ་དང་གཅར་རྡུང་ཡ་ང་བ་བྱས་ན་ཅི་བྱ། ཕ་མེད་བྱིས་པ་དེ་དག་ལ་རྡུང་རྡེག་བྱས་ནས་དབང་པོ་སྐྱོན་ཅན་དུ་བཏང་ཚེ་གང་བྱ། བྱིས་པ་དེ་དག་གི་ལུས་ལ་བདེ་ཐང་ཞིག་འབྱུང་རྒྱུ་ཨེ་རེད་དམ། ཕ་མེད་ལ་ཨ་ཁུར་རེ་ན།།གཏམ་སྙན་མོ་རྣ་བས་མི་ཐོས།།ཞེས་པའི་བྲོ་བའང་མྱང་དགོས་པ་ཡིན། ཉེ་བའི་དུས་ཤིག་ལ་ང་ཕ་ཡུལ་དུ་སོང་ནས་ཕ་རྒན་དང་དེ་ལས་གཞན་དུ་གཉེན་འཐོར་བྱུང་ནས་ཡུལ་ཁྱིམ་གཞི་འཛིན་དུ་ཡོད་པའི་སྲིང་མོ་བཅས་ངེད་གསུམ་གྱིས་ཕྱོགས་ཡར་མར་གྱི་ཁ་བརྡ་མང་པོ་བྱས་པ་ཡིན།  མཚམས་ཤིག་ནས་སྲིང་མོས་བཤད་རྒྱུར།  བུ་མོས་ཁེ་ཉིན་ངའི་ལས་བཟང་གི་ཡ་བསམ་བློ་བཏང་ཚེ་ང་སྐྱིད་ཀི་འདོད་ཀི    ང་ཚོའི་སློབ་གྲོགས་བུ་མོ་ཞིག་གི་སྐར་འཕྲིན་དུ་བཤད་ཚུལ་ལ་མགོ་ལོག་ནས་རེད་ཟེར་བའི་སྐྱེས་པ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ལ་གཅར་རྡུང་མིག་གིས་མི་བཟོད་པ་བྱས་ཏེ། གཅེར་བུར་ཕུད་ནས་དྲན་པ་ཤོར་བའི་སྐབས་དང་བསྟུན་ནས་བུ་མོའི་སྟེང་དུ་གྲང་ལྷགས་ཁྲོད་ཆུ་འཁྱགས་མང་པོ་བླུགས་ཏེ་བསད་སོང་བའི་བརྙན་ཞིག་འདུག   བརྙན་དེ་ལ་འཇིགས་སྐྲག་གིས་བལྟ་མི་ཐུབ་པ་རེད།  གོ་ཚུལ་ལ་བུ་མོ་དེ་སྐྱེས་པ་དེས་བླངས་པའི་བུད་མེད་ཀྱི་གཞུག་ཁྲིད་དེ་སྐྱེས་པ་དེའི་བུ་མོ་དངོས་མིན་པ་དང་།  བྱ་བ་ནག་པོ་དེ་འབྱུང་རྐྱེན་ནི་བུ་མོ་དེས་སྒོར་ལྔ་བཅུ་བརྐུས་སོང་བ་རེད་ཟེར།  ཞེས་བཤད་བྱུང་ཟེར།  འདི་བཤད་མཁན་ནི་ངའི་སྲིང་མོ་གཉེན་འཐོར་བྱུང་རྗེས་བགོས་སྐལ་དུ་ཐོབ་པའི་བུ་མོ་ལོ་ཉི་ཤུ་ཅན་གྱི་སློབ་མ་ཞིག་ཡོད་པ་དེ་ཡིན་ཞིང་།  བརྙན་འདི་དོན་དངོས་ཡིན་མིན་མ་ཤེས་མོད།  དེ་འདྲའི་འཇིགས་ཡེར་བའི་བརྙན་ཐུང་ཞིག་གང་སར་འཁྱར་བཞིན་ཡོད་པ་ཁོ་ཐག་རེད་ལ།  ངའི་ཚ་མོ་དེའི་སྐད་ཆའི་ནང་ནའང་ཨ་མ་གཉེན་འཐོར་བྱུང་ཡང་ཁྱོ་ག་མ་བཙལ་བས།  མོ་རང་གིས་བུ་མོ་ལས་ངན་དེའི་སྐྱོ་གར་འཁྲབ་མ་དགོས་པ་རེད། དེ་བས་མོ་སྐྱིད་ཀི་ཞེས་བཤད་པ་མ་ཡིན་ནམ།  ཡང་ན་ཨ་མས་ཁྱོ་ག་མ་བཙལ་ཡང་།  ཨ་མ་གཉོམ་ཆུང་དང་བྱིས་པ་ཉམ་ཐག་རྣམས་ལ་མི་ངན་གྱིས་བརྙས་བཅོས་བྱས་ནས་རྡུང་རྡེག་དང་ཐུབ་ཚོད་བྱས་ན་ཅི་བྱ།  སྔོན་དུས་ང་རང་སྨན་ཁང་དུ་བྱ་བ་བསྒྲུབ་དུས་ཤིག་ལ་རྒད་མོ་ལོ60ཅན་ཞིག་ནད་ལ་བརྟག་ཏུ་སླེབས་བྱུང་།   མོའི་བྱ་སྤྱོད་དང་སྐད་ཆ་སོགས་དེ་འདྲའི་རྒྱུན་ལྡན་ཞིག་མིན་པར་འདུག   ནད་པ་དེ་ཕྱིར་སོང་བ་ན་ངའི་གམ་དུ་སློབ་མ་བུ་མོ་ཞིག་ཡོད་པ་དེས།  ང་ལ་དགེ་རྒན།   རྒད་མོ་གན་ཁྱོ་ག་མེད་པའི་རྒན་ཚང་ཞིག་ཡིན་པས། ལོ་འགའི་སྔོན་དུ་ས་ལས་པ་འགས་མཚན་མོ་ཞིག་ལ་མོའི་ཁྱིམ་དུ་བཙན་གྱིས་འཛུལ་ནས་བརྙས་བཅོསབཙན་གཡེམ་བྱས་ཚོད་རེདཚད་མེད་བྱས་པ་ནས་བཟུང་མོ་སྨྱ་སེ་སྨྱོ་སེ་ཞིག་དུ་གྱུར་སོང་བ་རེད་ཟེར།  དེ་ལྟར་ཨ་མ་གཉོམ་ཆུང་དེ་དག་ལ་ཐུབ་ཚོད་བྱས་ནས་སེམས་ཤེས་འཆོལ་འཆོལ་ཞིག་ཏུ་བཏང་སོང་ན་ཅི་བྱ། བྱིས་པ་རྣམས་ལ་གཉོར་སྐྱོང་སུས་བྱེད།  རྐུན་མས་ཨ་མའི་ལག་ནས་བྱིས་པ་འཕྲོག་སྟེ་ལྐོག་ཏུ་དམར་གསོད་བྱས་ཏེ་མཁལ་མ་སོགས་གཞན་ལ་ནག་ཚོང་བྱས་སོང་ན་ཅི་བྱ།   ཡང་ན་ཨ་མ་གཉོམ་ཆུང་ལ་བུ་མོ་ཆུང་ཆུང་ཡོད་པའི་དབང་དུ་བཏང་ཚེ་སྤྱི་ཚོགས་སྟེང་གི་ཁྲམ་པ་སྙིང་རྗེ་མེད་པ་དག་ཡོང་ནས་ཨ་མར་གཅར་རྡུང་དང་འཇིགས་བསྐུལ་གྱིས་བུ་མོ་ཆུང་ཆུང་ལ་བཙན་གཡེམ་བྱས་སོང་ན་ཅི་བྱ། དེ་བས་ཨ་མ་མ་གཏོགས་ཨ་ཕ་མེད་པའི་བྱིས་པ་ཆུང་ཆུང་དག་གི་ལུས་ལ་བདེ་ཐང་འབྱུང་རྒྱུ་ནི་ཧ་ཅང་དཀའ་འོ།།བོད་རོང་འབྲོག་ཁུལ་གྱི་བུད་མེད་རྣམས་ལ་མཚོན་ན།   ཁ་དཔེ་ལ། རྒད་པོས་རྒན་མོ་སོས་དགོས། རྒད་མོས་ཐབ་ཀ་སོས་དགོས། ཞེས་པ་ལྟར་ཁྱིམ་ལས་དང་བྱིས་པ་གཉོར་སྐྱོང་གི་བྱ་བ་བུད་མེད་རྣམས་གནའ་ནས་ད་ལྟའི་བར་དུ་འཇོན་ཐང་ངོམ་ཆོག་པ་ཞིག་བཞག་ནས་ཡོང་བ་ཡིན་མོད།ཡིན་ནའང་ཁྱོ་ག་མེད་པར་ཕྱིའི་དཔལ་འབྱོར་མཁོ་སྒྲུབ་ཀྱིས་ཁྱིམ་ཚང་དང་བྱིས་པ་དག་གསོ་དགོས་པ་བྱུང་ཚེ་དངོས་ནས་ཧ་ཅང་དཀའ་ཚེགས་ཆེ་བ་མ་ཟད།   ཡིག་རྡོག་གཅིག་ཀྱང་མི་ཤེས་པ་དང་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་པའི་རོང་འབྲོག་ཁུལ་གྱི་བུད་མེད་ཅིག་གིས་ཕྱི་ནས་སྐྱེས་པ་ཞིག་གི་གོ་ཆོད་ཐབས་མེད་ལ་ཕ་རོལ་པོར་འབྲེལ་བ་འཛིན་རྒྱུའང་སྟབས་མི་བདེ་ཞིང་གཞན་གྱིས་བསླུ་བྲིད་དང་བརྙས་བཅོས་འཇིགས་སྐུལ། འཕྲོག་བཅོམ། ཐ་ན་གཅར་རྡུང་ཡང་བྱེད་པ་སོགས་ཐབས་རྡུགས་པའི་གནད་དོན་མང་བ་རེད།དཀའ་ཚེགས་ཆེ་བའི་བྱ་གཞག་དེ་དག་གིས་བུད་མེད་རྒན་ཚང་དེ་གའི་ཁྱིམ་ཚང་གི་ཆ་རྐྱེན་ལ་ཕྱོགས་ཡོངས་ནས་གནོད་འཚེ་བཟོ་བས་ཁྱིམ་ཚང་འབྱོར་ལྡན་དུ་འགྲོ་དཀའ་ལ། ཁྱིམ་ཚང་གི་གནས་ཚུལ་སྐྱོ་པོ་བྱུང་བ་ན།བྱིས་པ་རྣམས་ལ་ན་ཚ་ཞིག་བྱུང་ནའང་སྨན་ཁང་དུ་སོང་ནས་སྨན་གསོ་བྱེད་པར་ཡང་སྒོར་མོའི་དཀའ་ཁག་འབྱུང་ངེས་པ་དང་།སྒོར་མོའི་མཐུན་རྐྱེན་བྲལ་ན་སྨན་ཁང་དུ་སྨན་པ་བསྟེན་མི་ཐུབ་པས་བྱིས་པའི་ནད་གསོ་མི་ཐུབ་ལ།ནད་བཅོས་མ་ཐུབ་པས་གཅེས་ཕྲུག་གི་ལུས་ལ་བདེ་ཐང་འབྱུང་སྲིད་དམ།དེ་བས་ཅི་ལྟར་བསམ་ཡང་གང་ལྟར་སྨྲས་ཀྱང་ཁྱོ་ག་བཟའ་འཐོར་བྱུང་བའི་བུད་མེད་ཅིག་གིས་བྱིས་པ་འགའ་གཉོར་སྐྱོང་བྱ་རྒྱུ་ཧ་ཅང་དཀའ་ཞིང་དེ་བས་ཀྱང་ཕ་མེད་བྱིས་པ་དེ་དག་གི་ལུས་ལ་བདེ་ཐང་འབྱུང་རྒྱུ་ནི་བསམ་ཞིང་བསམ་ན་སེམས་སྐྱོ་བའི་རྒྱུ་ཞིག་གོ། ཡང་ན་བཟའ་ཚང་གཉེན་འཐོར་བྱུང་རྗེས་ཁྱོ་གས་ཆུང་མ་ཞིག་ཁྱིམ་ལས་བསྐྲད་དེ་བྱིས་པ་རྣམས་རང་གིས་གསོ་བའི་དབང་དུ་བཏང་ནའང་།སྐྱེས་པ་དེས་ཕལ་ཆེར་ཡང་བསྐྱར་ཆུང་མ་ཞིག་བསུ་བ་ཤ་སྟག་ཡིན་ཞིང་།ཆུང་མ་རྗེས་མ་མ་མེད་བྱིས་པ་རྣམས་ཀྱི་མ་ཡར་ཏེ་བུད་མེད་བཟང་མོ་མཛངས་མ་ཀུན་སྤྱོད་ལེགས་པོ་ཅན་ཞིག་ཡིན་ན་མ་གཏོགས།རང་གི་ཤ་ལས་ཆད་པའི་བུ་ཕྲུག་བཞིན་བྱིས་པ་དེ་རྣམས་ལ་སྙིང་ནས་གཅེས་རྒྱུ་ནི་ཤིན་ཏུ་དཀའ་སྙམ།ཁྱད་པར་དུ་བུད་མེད་ཚང་གི་ལག་ན་ཐོམ་བུ་ཡོད་ཅེས་བཟའ་བཏུང་ཐམས་ཅད་མ་ཡར་བརྒྱུད་ནས་བྱིས་པ་དེ་དག་གིས་བཟའ་དགོས་པས། མ་ཡར་མི་སེམས་ཅན་ཞིག་ཡིན་ན་བྱིས་པ་དེ་ཚོས་བཟའ་བཏུང་གང་ཞིམ་གང་ལེགས་སྤྱད་ནས་འཚོ་བ་སྐྱིད་པོ་ཞིག་རོལ་ངེས་མོད། འོན་ཀྱང་མ་ཡར་དེ་མི་སེམས་མེད་པའི་བུད་མེད་ཐ་ཤལ་ཞིག་ཡིན་ཚེ་བྱིས་པ་དེ་རྣམས་ཀྱི་མཆུ་ཐོག་ནས་བཙོག་པའམ་བསྡད་དེ་བཟའ་བཏུང་ངན་ངོན་དང་ཟངས་རྡུགས་ཐོམ་རྡུགས་བྱས་པ་ཡིན་ན་བྱིས་པ་རྣམས་ཀྱི་ལྟོ་འགྲངས་དཀའ་བ་སོགས་ཀྱི་གནས་ཚུལ་ཡང་མི་འབྱུང་བའི་ངེས་པ་མེད་པ་དང་། བཟའ་བཏུང་ངན་ངོན་གྱིས་བྱིས་པ་རྣམས་ལ་འཚོ་བཅུད་ཞན་པའམ་ཡང་ན་དེ་ལས་འབྲེལ་ཡོད་ཀྱི་ན་ཚ་ལྟོ་བ་བཤལ་སྐྱུགས་སོགས་བྱུང་ནས་ལུས་ལ་བདེ་ཐང་ལེགས་པོ་ཞིག་འབྱུང་རྒྱུ་ནི་ཧ་ཅང་དཀའ་སྙམ། ཡང་ན་མ་ཡར་ལ་བྱིས་པ་སྐྱེས་པའི་དབང་དུ་བཏང་ཚེ་མོ་རང་གི་གཅེས་ཕྲུག་གིས་འོ་མ་བཏུང་དུས་མ་མེད་བྱིས་པ་རྣམས་ལ་ཆུ་ནག་འཐུང་དུ་འཇུག་པ་དང་། མོ་རང་གི་སེམས་པའི་ཁྲ་རིལ་གྱིས་ཤ་བཟའ་དུས་མ་མེད་རྣམས་ཀྱིས་རུས་པ་མུར་བ།མོ་རང་གི་དམར་ཆུང་སེམས་གྱིས་མར་རྩམ་བཟའ་དུས་མ་མེད་བྱིས་པ་དེ་ཚོར་ཞག་རྩམ་མི་སྟེར་བའི་ངེས་པ་མེད་ལ།དེ་ལྟ་བུའི་གནས་ཚུལ་ང་ཚོ་ཚང་མར་གོ་ཐོས་མཐོང་གསུམ་ཡོད་ཚོད་ཡིན།ཡང་གྱོན་པའི་ཆ་ནས་བཤད་ན་ཡང་།མ་ཡར་གྱི་གཅེས་ཕྲུག་གིས་གོས་ཚར་གྱོན་དུས་མ་མེད་དེ་ཚོར་རས་རྐྱང་སྐོན་པའམ།མ་ཡར་གྱི་སེམས་པས་སློག་པ་གྱོན་དུས་མ་མེད་རྣམས་ལ་བེའུ་སློག་བསྐོན་པ།ཡང་ན་མ་ཡར་གྱི་གཅེས་ཕྲུག་གིས་རྐང་འབོལ་གྱོན་དུས།མ་མེད་བྱིས་པ་རྣམས་རྐང་རྗེན་དུ་མི་འགྲོ་བའི་ངེས་པའང་མེད།མ་ཡར་གྱི་གཅེས་ཕྲུག་གིས་སློབ་གྲྭ་རུ་དབྱངས་གསལ་ལ་སྐྱོར་སྦྱོང་བྱེད་དུས།མ་མེད་བྱིས་པ་རྣམས་ཀྱིས་རྫ་སྒང་ནས་ནོར་ལུག་འཚོ་བའམ།ཡང་ན་ཞིང་ཁུག་ན་ཡེར་མ་ཡེར་བཞིན་ཡོད་ནའང་ཐང་།དཔེ་འཇོག་འདི་དག་ནི་དཔེ་འཇོག་ཡིན་པས་ཅུང་ཐལ་དྲགས་སོང་ན་ཐང་མོད།འོན་ཀྱང་དོན་གྱི་གནས་ལུགས་ཕལ་ཆེར་འདི་འདྲ་འབྱུང་ངེས་པ་ཀུན་གྱིས་ཤེས་ཚོད་ལྟར་མ་ཡིན་ནམ།

     སྤྱིར་བོད་ཁུལ་ནས་གནའ་དུས་ཡིན་ན་ཕོ་མཆོག་མོ་དམན་གྱི་བལྟ་ཚུལ་དེ་ཧ་ཅང་མངོན་གསལ་ཡིན་མོད། ཡིན་ན་ཡང་། དེའི་དུས་སུའང་། སྐྱ་བརྒྱད་བརྒྱ་ཐུབ་པའི་དཔའ་རྒོད།  ཁྱོས་མི་ཐུབ་མི་ཞིག་ཡུལ་ན་ཡོད། ཅེས་པའི་གནས་ཚུལ་ཡང་བྱུང་མྱོང་བས། ད་ལྟའི་དུས་སུ་འབྲོག་ཁུལ་དུའང་ཕོ་མོ་འདྲ་མཉམ་གྱི་སྣང་ཚུལ་སྔར་ལས་ཇེ་གསལ་ཡིན་པས། འདི་འདྲའི་སྐབས་ཤིག་ལ་ཆུང་མ་མེད་པའི་སྐྱེས་པ་ཞིག་གིས་བྱིས་པ་རྣམས་ལ་མ་ཡར་ཞིག་བསུས་པ་ཡིན་ན། སྐྱེས་པ་དེས་ཉིན་གཅིག་གི་ཇ་ཁ་བཞི་རུ་མ་ཡར་དེས་བྱིས་པ་ཚོར་ཟ་མ་ཇི་འདྲ་སྟེར་བ་སོགས་ལ་ལྟ་རྟོགས་བྱ་རྒྱུ་ཧ་ཅང་དཀའ།  ཁ་དཔེར།  མ་མེད་པར་ཨ་ནེར་རེ་ན། ཟས་ཞིམ་པོ་མིག་གིས་མི་རིག། ཅེས་པའི་གནས་ཚུལ་ཡང་མངོན་སུམ་དུ་འབྱུང་ངེས་པ་དང་། ཉི་མ་སུམ་བརྒྱ་དྲུག་ཅུར་མ་ཡར་དེར་ཁྱོད་ཀྱིས་མ་མེད་བྱིས་པ་འདི་དག་ལ་རྣམ་འགྱུར་ལེགས་པོ་སྟོན། བྱམས་པས་སྙིང་ནས་སྐྱོངས། གཅར་རྡུང་བྱ་མི་རུང་ཟེར་རྒྱུའང་ཤིན་ཏུ་ཐང་འཆད་པའི་བྱ་བ་ཞིག་གོ།དེ་བས་མ་མེད་བྱིས་པ་ཚོར་ཕ་ཡིས་མ་ཡར་ཞིག་བསུས་པའི་དབང་དུ་བཏང་ནའང་དེས་དེ་དག་ལ་བདེ་ཐང་བསྐྲུན་ཐུབ་ཟེར་རྒྱུ་ཧ་ཅང་དཀའ་འོ།། ཡང་ན་བཟའ་འཐོར་བྱུང་ནས་ཕ་དེ་མག་པར་སོང་བའམ་ཆུང་མ་བླངས་ཏེ་ཁོའི་བྱིས་པ་ཅི་ཙམ་ཡོད་པ་དེ་འཐོར་ཟིན་པའི་ཆུང་མའི་འགན་དུ་བཀལ་བའི་དབང་དུ་བཏང་ཚེ།   བྱིས་པ་རྣམས་ཀྱི་ཨ་མ་དེས་མི་ཚེ་གང་བོར་བྱིས་པ་བསམ་ནས་རྒན་ཚང་དུ་བསྡད་ན་ལེགས་མོད།   ཡིན་ན་ཡང་།  ཨ་མ་དེ་ལོ་ན་གཞོན་པ་དང་། བུ་གསུམ་ཨ་མར་བློ་མ་གཏོད་ཅེས་པའི་དཔེ་བཞིན་གནས་ཡུལ་འགྲིམ་རྒྱུའི་བློ་དྲན་ནས་ཕོ་གཞོན་མི་རྐྱང་མི་སྡོམ་ཞིག་གི་ཆུང་མར་བུད་སོང་ན་ཅི་བྱ།  ཁྱོ་ག་དེར་ཨ་མ་དེ་མ་གཏོགས་ཕ་མེད་བྱིས་པ་དེ་རྣམས་མ་དགོས་པར་ཤུལ་དུ་བསྐྱུར་སོང་ན་ཅི་བྱ།  བྱིས་པ་དེ་རྣམས་དྭ་ཕྲུག་ཏུ་བུད་པ་ཡིན་པས་མགོན་མེད་སྐྱབས་མེད་ཕ་མེད་མ་མེད་ཀྱི་ཡ་ང་བའི་དྭ་ཕྲུག་གི་འཚོ་བ་རོལ་དགོས་བྱུང་ན་ཅི་བྱ།  དྭ་ཕྲུག་དེ་དག་དགུན་གསུམ་གྲང་ལྷགས་ཀྱིས་འཕྱིད་སོང་ན་ཅི་བྱ།  དབྱར་གསུམ་ཙད་སེར་གྱིས་བཅོམ་སོང་ན་ཅི་བྱ།  གོས་མེད་གཤེར་བུར་ལུས་ན་ཅི་བྱ།ཟས་མེད་ལྟོགས་སྐོམ་མྱང་ན་སུས་སྐྱོབས།  ནད་ཀྱིས་ལུས་ལ་གཙེས་ན་ཅི་བྱ།མི་ངན་གྱིས་བརྙས་བཅོས་བྱས་ན་ཅི་བྱ།  ཇག་རྐུན་གྱིས་ལུས་སྲོག་འཕྲོག་ན་ཅི་བྱ།  དེ་བས་ཕ་མ་མེད་པའི་བྱིས་པ་རྣམས་དྭ་ཕྲུག་ཏུ་ལུས་ཚེ་དེ་དག་གི་ལུས་ལ་བདེ་ཐང་འབྱུང་རྒྱུ་ནི་རུས་སྦལ་གྱི་སྤུའི་རྣམ་ཐར་རོ།།    

ལྔ་བ། ཕ་མ་བཟའ་འཐོར་བྱུང་བའི་བྱིས་པའི་སེམས་ཁམས་ལ་བདེ་ཐང་དཀོན་ཚུལ་བརྗོད་པ།

དེ་ཡང་ཏུན་ཧོང་གི་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པ་རུ། ནུ་ན་རེ།། མྱིར་སྐྱེས་པ་ལ། གང་བདེ་ན་བདེ་བའི་མཆོག་ཡིན།།   ཕུ་ན་རེ། སེམས་བདེ་ན་བདེ་བའི་མཆོག་ཡིན།། སེམས་མྱི་བདེ་ན། གཞན་ཆི་བདེ་ཡང་བདེ་བ་མ་ཡིན་ནོ།།ཞེས་ཕུ་ནུ་གཉིས་ཀྱི་དྲི་བ་དྲི་ལན་ལས་བདེ་བའི་མཆོག་ནི་སེམས་བདེ་བ་ཡིན་པ་གསལ་བར་སྨྲས་པ་ལྟར། སེམས་ཁམས་ཀྱི་བདེ་ཐང་འདི་ཀུན་ལས་གཙོ་ཞིང་གཞན་ལས་མཆོག་ཅིག་ཡིན་པ་ཐམས་ཅད་ཀྱིས་ཤེས་གསལ་ལྟར་ལགས། དེས་ན་ཕ་མ་བཟའ་འཐོར་བྱུང་བའི་བྱིས་པ་རྣམས་ཀྱི་སེམས་ཁམས་ལ་བདེ་ཐང་འབྱུང་རྒྱུ་ནི་ཤིན་ཏུ་ཁག་པོ་ཡིན་ཏེ།  དཔེར་ན།   དེང་དུས་ཕ་ཡུལ་ཞིན་ཧེ་རྫོང་ལ་མཚོན་ནས་བཤད་ནའང་། རོང་འབྲོག་པའི་བུ་བུ་མོ་ཡོད་ཚད་སློབ་གྲྭར་ཞུགས་ཡོད་པས།   དགེ་རྒན་རྣམས་དང་ཁ་བརྡ་བྱས་ཚེ་ཁོ་ཚོ་ནི་བྱིས་རྫི་ཡིན་པའི་ཆ་ནས་བཟའ་འཐོར་བྱུང་བའི་བྱིས་པ་མང་པོ་ཞིག་གི་གནས་ཚུལ་ལབ་རྒྱུ་འདུག    ངོ་མཚར་བ་ཞིག་ལ་སློབ་གྲོགས་རྣམས་ཀྱི་ནང་ནས་ཀྱང་ཕ་མ་བཟའ་འཐོར་བྱུང་བའི་སློབ་མ་རྣམས་བུ་དག་བུ་ཚོ་དང་བུ་མོ་རྣམས་བུ་མོ་ཚོ་དང་འགྲོགས་ནས་འགྲོ་སྡོད་བྱེད་མཁན་མང་པོ་འདུག་ཟེར། དེ་ལས་ཁོ་ཚོ་རང་དང་འདྲ་བར་ཕ་མ་བཟའ་འཐོར་བྱུང་བའི་སློབ་གྲོགས་དག་ལ་འགྲོགས་ན་གནས་བབ་འདྲ་ཞིང་ཁ་བརྡ་ནང་དོན་མཚུངས་པ་ཡོད་པས་ཡིན་ནམ།ཡང་ན་ཕ་འཛོམས་མ་འཛོམས་ཀྱི་སློབ་གྲོགས་ཚོས་ཁོ་ཚོར་ངོ་མཚང་འདྲུ་ཞིང་མཐོང་ཆུང་བྱེད་པས་ཡིན་ནམ།དེ་ཡང་ཡིན་སྲིད་ངེས་ཏེ། སྔོན་དུས་ཁོ་བོའི་གྲོགས་པོ་ཞིག་བཟའ་འཁོན་གྱིས་གཉེན་འཐོར་གྲབས་བྱེད་པའི་བར་སྐབས་སུ།  ཁོ་ཡི་བུ་ལོ་བཅུ་གཉིས་བཅུ་གསུམ་ཅན་ཞིག་ཡོད་པ་དེ་ཁོའི་ཨ་མའི་གམ་ན་ཡོད་ཀྱང་ཕ་ཡི་སར་ཕལ་ཆེར་ཉིན་རེ་བཞིན་ཡང་སྐོར་བསྐྱར་སྐོར་རྒྱག་གིན་འདུག་པ་དང་།  གྲོགས་པོ་དེས་དངན་པ་རིང་པོ་ཞིག་འཐེན་བཞིན་ང་ལ།    ཨ་ཡ།  ད་འཐོར་འདོད་ཀྱང་འཐོར་ཐུབ་དཀའ་གི་ཡ།  བུ་ཡིས་ང་ལ་ཉིན་རྒྱུན་ཨ་ཕ་ལེ་ལེ་ཁྱོད་ཨ་མ་དང་བཟའ་འཐོར་འབྱུང་མི་ཉན།  ཨ་ཕ་ཁྱེད་དང་ལྷན་དུ་བསྡད་མེད་པའི་ཉིན་འདི་ཚོར་སློབ་གྲོགས་ཚོས་ང་ལ།  ཁྱེད་ལ་ཨ་ཕ་མེད་དམ། ཁྱོད་ལ་དངོས་ནས་ཕ་ཞིག་ཡོད་པ་ཨེ་རེད།  ཅེས་ཀུ་རེ་རྩེད་མཚར་གྱིས་མཚང་འདྲུ་བ་རེད།  ཅེས་བུ་ཡིས་ང་ལ་ཡང་ཡང་ཞུ་བ་བྱེད་ཀི་ཞེས་ལབ་བྱུང་བར་བསམ་ནའང་། ཕ་མ་བཟའ་འཐོར་བྱུང་བའི་སློབ་མ་རྣམས་ལ་སློབ་གྲོགས་གཞན་པ་ཚོས་དེ་ལྟར་བརྙས་བཅོས་བྱེད་པ་ཁོ་ཐག་ཡིན་ཚོད་རེད།  ཡང་ན་བཟའ་འཁོན་དང་བཟའ་འཐོར་འདིས་བྱིས་པའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བཟོ་བ་གོར་མ་ཆག་པར་འདུག་སྟེ།  རང་སྡེ་གཅིག་པའི་ང་ཡི་གྲོགས་པོ་ཞིག་གིས་ཆུང་མ་ཞིག་བསུས་པར་ཁོ་མོ་སྐྱེས་པ་གཞན་དང་གཉེན་སྒྲིག་སྐབས་ཀྱི་བུ་མོ་ལོ་བཅུ་ཡས་མས་ཅན་ཞིག་འདུག་པ་དང་།  བུད་མེད་དེའང་སྐྱེས་པ་སྔོན་མ་དང་བཟའ་འཁོན་ཆེ་ཞིང་རྡུང་རེས་མང་དུ་བརྒྱབ་མཐར་གཉེན་འཐོར་བ་རེད་ཟེར།   གྲོགས་པོ་འདི་དང་གཉེན་སྒྲིག་རྗེས་ཀྱང་བཟའ་འཁོན་དང་རྡུང་རེས་མང་དུ་རྒྱག་གིན་འདུག་ཟེར་ལ།  ཁོ་ཚང་གི་ཁྱིམ་མཚེས་རྣམས་ཀྱིས་བཤད་ན། ཁོ་བཟའ་ཟླ་གཉིས་ཀྱིས་རྡུང་རེས་རྒྱག་སྐབས་བུ་མོ་ཆུང་ཆུང་དེ་འཇིགས་སྐྲག་གིས་སྙིང་མ་བདེ་བར་ལུས་སྙི་མོར་གྱུར་ཏེ་གཉིད་ལྟ་བུ་ཞིག་གིས་ནམ་ཡང་དུབ་འགྲོ་བར་འདུག་ཟེར།  དེ་ལས་བཟའ་ཟླའི་འཁོན་འཛིང་དེས་བུ་མོ་ཆུང་ཆུང་དེའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཐེབས་ཡོད་པ་མི་རྟོགས་སམ། ད་དུང་དགེ་རྒན་ཚོས་བཤད་ན་སྒྲིག་ལམ་མི་བརྩི་ཞིང་སློབ་སྦྱོང་གི་གྲུབ་འབྲས་ཞན་པ་དག་ཕལ་ཆེར་ཕ་མ་བཟའ་འཐོར་བྱུང་བའི་སློབ་མ་རེད་ཟེར།  ཁོ་བོའི་ཆུང་མའང་བོད་ཡིག་སློབ་འབྲིང་ཞིག་གི་དགེ་རྒན་ཡིན་པ་དང་། མོའི་ཁ་བརྡ་ལས་ཚོར་བ་ནི། ལོ་སྔོན་མར་ཁོ་ཚོའི་དམའ་གཅིག་གི་འཛིན་གྲྭ་ཞིག་ཏུ་བུ་ཆུང་ལོ་བཅུ་ཅན་ཞིག་ཡོད་པ་དེ་སློབ་སྦྱོང་ལ་བཟང་ཚུལ། རིག་པ་རྣོ་རབ། སྙིང་རྗེ་བ་སོགས་མང་པོ་ལབ་པས་ངས་ཀྱང་སེམས་ལ་འབབ་པ་ཞིག་བྱུང་སོང་། ད་ལོ་ངས་ཆུང་མ་ལ་དེའི་སྐོར་དྲིས་པར།  མོས་ཨ་ཡ།   ད་སློབ་བུ་དེ་སློབ་སྦྱོང་གི་ཐད་ནས་ཧ་ཅང་ཞན་པར་གྱུར་ཡོད་པས།ད་སྐབས་ཁོ་འཛིན་གྲྭའི་སློབ་གྲོགས་ཚོས་ཨང་རིམ་ལས་སུམ་ཅུ་བཞི་བཅུའི་བར་དུ་ལྷུང་ཡོད།   ནམ་རྒྱུན་ཁོས་སློབ་སྦྱོང་མི་བྱེད་པ་མ་ཟད།  ངོ་མདངས་ཤོར་ནས་འདང་རྒྱག་ཅིག་གི་ནང་དུ་ལྷུང་འདུག་པས།   ད་ཁྱིམ་བདག་གིས་སློབ་མ་དེ་བརླགས་ཚར་སོང་ཟེར། དེའི་རྒྱུ་མཚན་ནི་སློབ་བུ་དེའི་ཨ་མ་བུ་ཆུང་གི་ཕ་དང་བཟའ་འཐོར་བྱུང་ནས་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་བྱས་ཡོད་པ་ད་ཐེངས་ཡང་བཟའ་འཐོར་བྱུང་སོང་བས་ལན་པ་རེད་ཟེར།  དེ་ལས་བུ་ཆུང་དེའི་ཕ་ཡར་འདི་མ་སྨད་ཚོར་བྱམས་པ་ཞིག་ཡིན་ཚོད་འདུག་ཀྱང་ཨ་མ་དེ་དང་གཉེན་འཐོར་བྱུང་བའི་འགོ་རྔ་བར་གསུམ་གྱི་འཁོན་འཛིང་དང་གཅར་རྡུང་སོགས་བཀྲ་མི་ཤིས་པའི་བྱ་སྤྱོད་ངན་པ་དག་གིས་བུ་ཆུང་གི་དྭངས་གཙང་བྱིས་བློར་ཕོག་ཐུག་ཐེབས་སོང་བ་མ་ཡིན་ནམ།  ཕ་མ་བཟའ་འཐོར་བྱུང་བའི་བྱ་སྤྱོད་ཀྱིས་སློབ་བུ་འདི་ལྟ་བུ་ཞིག་གི་སློབ་སྦྱོང་གི་མདུན་ལམ་བརླགས་སོང་བར་ཕངས་སེམས་མི་སྐྱེའམ། ང་རང་གི་སྲིང་མོ་གཉེན་འཐོར་བྱུང་བར་བུ་མོ་ཞིག་ཡོད་པ་དེ་རྫོང་བོད་ཡིག་སློབ་འབྲིང་ན་ཡོད་དུས་ཤིག་ལ་འདི་ལྟར་སྨྲས་བྱུང་།  དེ་རིང་དགེ་རྒན་གྱིས་ཕ་མ་བཟའ་འཐོར་བྱུང་བའི་སློབ་མ་ཡོད་ན་ལག་པ་བསྒྲེངས་རོགས་ཞེས་བཤད་བྱུང་བས། ངས་ཀྱང་ཕ་མ་གཉིས་འཐོར་སོང་བར་འདང་བརྒྱབ་ན་སྙིང་ན་བ་ཞིག་རེད། དེའི་སྟབས་ཀྱིས་ང་ཡང་ཕ་མ་བཟའ་འཐོར་བྱུང་སོང་བའི་སློབ་མ་ཞིག་ཡིན་ཞེས་ལག་པ་ཡར་བསྒྲེངས་པ་ཡིན་ཞེས་བཤད་པ་ཡིན་ཟེར།  འདི་ལས་ཕ་མ་བཟའ་འཐོར་བྱུང་པའི་བྱིས་པ་དེའི་སེམས་ཁམས་སྐྱིད་པོ་དྭངས་མོ་ཞིག་མིན་པ་ཁོ་ཐག་རེད། དེ་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་ཞེས་པའི་མིང་ཚིག་གསར་བ་འདིའི་མཚན་ཉིད་ལ་གཞིགས་ནས། མི་ཚོགས་ཀྱི་ལག་ལེན་དངོས་ཀྱི་ཉམས་ཞིབ་བརྒྱུད་དེ། སྤྱི་ལོ1999ལ་ལུས་སེམས་བདེ་ཐང་གི་ཚད་གཞི་གསར་བ་གཏན་ལ་ཕབ་པར། ལེགས་པ་གསུམ་ཟེར་བ་ཞིག་གིས་སེམས་ཁམས་བདེ་ཐང་གི་ཚད་གཞི་གཏན་འབེབས་བྱས་ཡོད་པ་དང་།  དེ་དག་ནི་ཆེས་ལེགས་པའི་རང་གཤིས་དང་ཀུན་སྤྱོད། ཆེས་ལེགས་པའི་འཇིག་རྟེན་འགྲོ་ལུགས་སྒྲུབ་པའི་ནུས་པ། ཆེས་ལེགས་པའི་མི་དང་མིའི་བར་གྱི་འབྲེལ་བ་བཅས་ཡིན་མོད། ཡིན་ན་ཡང་། ཕ་མ་བཟའ་འཐོར་བྱུང་བའི་བྱིས་པ་མང་ཆེ་ཤོས་ཀྱི་སེམས་ཁམས་རྒྱུན་ལྟན་མིན་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་འདི་ལ་སླེབས་ཐུབ་བམ།  དེ་བས་ཕ་མ་བཟའ་འཐོར་བྱུང་བའི་བྱིས་པ་རྣམས་ལ་སེམས་ཁམས་བདེ་ཐང་འབྱུང་རྒྱུ་ཧ་ཅང་དཀའ་འོ།།          

དྲུག་པ། ཕ་མ་བཟའ་འཐོར་བྱུང་བའི་ཕྱོགས་གཏོགས་དགའ་རོགས་ཁ་ཁར་གྱེས་པའི་བྱིས་པར་བདེ་ཐང་དཀོན་ཚུལ་གླེང་བ།

     དགའ་རོགས་སྒྲིག་པ་ཕན་ཚུན་མ་མཐུན་པ་དང་མ་མཛའ་བ་སོགས་རྒྱུ་རྐྱེན་ཅི་རིགས་ཀྱིས་ཁ་ཁར་འགྲོ་དུས་ཀྱང་། བུད་མེད་རྣམས་ལ་མངལ་ཆགས་ཡོད་པའི་དབང་དུ་བཏང་ཚེ་མངལ་གནས་བུ་ཕྲུག་དེར་མཚོན་ན་ཕ་མ་གཉིས་ཀ་བཟའ་འཐོར་བྱུང་བའི་གནས་ཚུལ་དངོས་ལ་འཕྲད་པ་ཡིན་པས།  ཕོ་གཞོན་མོ་གསར་རྣམས་ཀྱིས་དགའ་རོགས་སྒྲིག་པ་མ་འགྲིག་པར་རང་རང་སར་གྱེས་པ་དེའང་ཕ་མ་བཟའ་འཐོར་བྱུང་བའི་ཕྱོགས་གཏོགས་སུ་བསྡུས་པ་ཡིན།  འདི་ནི་ཆེས་ཉེན་ཁ་ཅན་ཞིག་ཡིན་ཏེ་ལོ་ན་གཞོན་པའི་བུ་མོ་འདི་དག་གིས་དགའ་རོགས་ཕོ་གསར་དེ་དང་སྣང་བ་མ་མཐུན་པར་སོ་སོར་གྱེས་པ་ན་རང་གི་མངལ་དུ་བྱིས་པ་ཆགས་ཡོད་ན་ཡང་། དགའ་རོགས་ལ་བཅངས་པའི་སྡང་སེམས་དེ་རང་གི་མངལ་གནས་ཕྲུ་གུའི་སྟེང་དུ་མངོན་པར་བྱས་ཏེ་མངལ་བཤིག་པའམ་ཡང་ན་མངལ་གནས་བྱིས་པ་སྐྱེས་མ་ཐག་ཁྱིམ་ཕྱགས་བཞིན་འདོར་མཁན་ཧ་ཅང་མང་པོ་འདུག  འདི་དག་ལ་བལྟས་ཚེ་སྔོན་དུས་ཀྱི་ཕ་མ་དེ་རྣམས་ནི་དངོས་གནས་ཕ་མ་རེད་ལ། ཁྱད་པར་ཨ་མ་དབུལ་ཕོངས་ཀྱིས་ལྟོ་བ་མི་འགྲངས་ནའང་བྱིས་པ་དམར་འབྱར་རུམ་པ་དང་རྒྱབ་དུ་ལོ་ན་གཉིས་གསུམ་ཅན་ཁུར། དེ་ལས་ཆེ་བ་ལག་མགོར་ཁྲིད་ནས་ཇ་ཁ་རེ་རེར་སྤྲང་སློང་བྱེད་པ་ཚོའང་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་། ཨ་མ་རྒན་ཚང་གིས་བྱིས་པ་བཅུ་ཕྲག་ལྷག་གཉོར་སྐྱོང་བྱས་པའི་སྔོན་དུས་ཀྱི་ཨ་མ་ཚོ་ཇི་འདྲའི་བྱམས་སེམས་ཆེ་བ་ལ།   ངོ་མ་དེ་དག་ནི་བྱམས་སྙིང་རྗེ་ཅན། ལས་རྒྱུ་འབྲས་བརྩི་མཁན།  མ་བུའི་བརྩེ་བ་བརྒྱ་འགྱུར་ལྡན་པའི་དྲིན་ཆེན་གྱི་ཨ་མ་རེད་ཡ། ཨ་མ་ཇི་ལྟར་ལྟོ་བ་མ་འགྲངས་ཀྱང་བྱིས་པ་གཅིག་ཀྱང་མ་བཙོང་།  སྙིང་རྗེ་མེད་པའི་ན་ཚ་དང་དབུལ་ཕོངས་ཀྱིས་ཨ་མ་ཇི་ལྟར་མནར་ཡང་གཞན་གྱི་བརྙས་བཅོས་ཀྱི་ཡ་ལན་བྱིས་པར་བཅངས་ནས་བྱིས་པ་གཅིག་ཀྱང་མ་བསད།  གད་སྙིགས་སུ་མ་གཡུགས། གཅིན་སྐྱག་ལྟར་མ་དོར། འདི་འདྲ་ཡིན་ན་ཕ་མ་དང་བུ་ཕྲུག་ཅེས་པ་ངོ་མ་དོན་དང་མཐུན་པ་མ་ཡིན་ནམ། ཡིན་ན་ཡང་། དེང་དུས་བོད་ཁུལ་དུའང་བྱིས་པ་དམར་འབྱར་གད་སྙིགས་སུ་དོར།  སྤྱོད་ཁང་དུ་གཡུགས་པ།  སྡོང་ར་དང་ནགས་ཁྲོད་དུ་འཕེན་པ་སོགས་ཡ་ང་ཞིང་བལྟ་བ་མིག་གིས་མི་བཟོད་ཅིང་བསམ་པ་བརྗོད་ཀྱིས་མི་ལངས་པའི་གནས་ཚུལ་སྐྱོ་པོ་ཇེ་མང་ནས་ཇེ་མང་རེད།  འདི་དག་ལ་བསམ་བློ་བཏང་ཚེ་བོད་ཟེར་བ་བྱམས་སྙིང་རྗེ་ཅན།  ལས་རྒྱུ་འབྲས་ཅན།  གཞུང་རྒྱུད་དྲང་ཞིང་ངང་རྒྱུད་བཟང་བ་ཞིག་ཡིན་ཟེར་བའང་ཁ་བཤད་ཆུ་ཡི་ལྦུ་བའི་དཔེ་རུ་འགྲོ་བཞིན་འདུག་སྙམ།  རེ་སྐོང་ལྷ་མོ་སྒྲོལ་མ་ཞེས་པས་དྲྭ་ངོས་སུ་བཀོད་པའི་རྩོམ་ཡིག་ཅིག་སྟེ།  ཁ་བྱང་ལ་རང་གི་བུ་ཕྲུག་གསོད་ཕོད་དམ།  ཞེས་བྱིས་པ་དམར་འབྱར་སར་གཡུགས་པ་ཤི་བའི་འདྲ་པར་ཡང་བཀོད་ཡོད་པ་དེ་ལས། འདི་ལྟར་བྲིས་འདུག་སྟེ།  ད་ནངས་ཞོགས་པ་ང་ཚོ་བླ་བྲང་དགོན་པའི་ཉེ་འཁྲིས་ས་དཀར་སྡེ་བ་རུ་སླེབས་པ་ན།  དེ་གར་ཁྱི་འགའ་རེ་ཟུག་གིན་འདུག་པས་ཕར་སོང་ནས་བལྟས་པ་ན།  ཐོག་མར་མིག་ལམ་དུ་མཐོང་བ་ནི་ཤ་དམར་རྗེན་ཞིག་འཆར་བ་ལས་གང་ཡིན་མ་ཤེས་པར་རྩིབ་ཏུ་བཅར་བ་ན་བྱིས་པ་དམར་རྗེན་ཞིག་ཡིན་པ་རྟོགས།   ང་སྐྲག་སྣང་དང་དངངས་འཚུབ་ཀྱིས་འགྲམ་དུ་བརྒྱུགས་ཏེ་ཚེ་སྲོག་འགགས་མེད་ན་སྙམ།  ཡིན་ཡང་ཡིད་སྐྱོ་བ་ལ་ཞིག་ལ་བྱིས་པ་སྔར་ནས་ཕྱི་མར་བཞུད་ཚར་འདུག སྐབས་དེར་བདག་གི་སེམས་སུ་འཇིག་རྟེན་ན་དུད་འགྲོ་སྲོག་ཆགས་ལས་ཀྱང་ཐབས་རྡུགས་ཤིང་བྱམས་དང་སྙིང་རྗེ་ཕར་ཟད།  རང་གི་ཤ་ལས་ཆད་པའི་བུ་ཕྲུག་འདི་ལྟར་ས་ལ་གད་སྙིགས་ནང་བཞིན་གཡུགས་མཁན་ཡང་འདུག་བསམ་སྟེ་སྐྱོ་བའི་མིག་ཆུ་དབང་མེད་དུ་བཞུར་བ་དང་། ཨ་མ་ཚོ་ལ་བྱམས་བརྩེའི་བདག་ཉིད་དང་ཨ་མ་དྲིན་མོ་ཆེ་ཞེས་ཀུན་གྱིས་བསྟོད་བསྔགས་ཀྱིས་མེ་ཏོག་གཏོར་བ་ལ་ཡང་དོགས་པ་སྐྱེས་ཤིང་།  འདི་ལྟ་བུའི་ཨ་མ་ཚོ་ལ་སྡང་སེམས་དང་ན་ཟུག་ཚད་མེད་སྐྱེས།  རྒྱལ་ཁབ་ཚད་ལྡན་ཞིག་ལ་མཚོན་ན་གད་སྙིགས་ཀྱང་འདི་ལྟར་གང་སར་གཡུགས་མི་ཆོག་མོད། ཆོས་ལྡན་ཞིང་ཁམས་སུ་འབོད་པའི་ཁ་བ་གངས་ཅན་ན་ལྷག་པར་མཚན་སྙན་གྲགས་མདོ་དབུས་ཁམས་གསུམ་ན་ལྷང་ལྷང་གྲགས་ཤིང་སྐྱེས་ཆེན་མང་པོའི་བཞུགས་གནས་དང་བླ་སྤྲུལ་བགྲང་ལས་འདས་པས་ཆོས་ཀྱི་འཁོར་ལོ་སྐོར་སའི་ཡུལ་འདི་གར་བྱིས་པ་དམར་རྗེན་ཞིག་ས་ལུད་ཀྱི་སྟེང་དུ་སྲོག་ཤོར་བ་འདི་སྙིང་རེ་རྗེ་ཨ་ཁ་སྙམ་བྱུང་།  ཞེས་བྲིས་ཡོད་པ་ལྟར་དེང་དུས་བོད་ཁུལ་དུའང་ཆོས་འཇིག་རྟེན་གང་ལའང་མི་འཚམས་པར་བུ་མོ་ཚོས་རང་གི་ཤ་ལས་ཆད་པའི་བྱིས་པ་དམར་འབྱར་སྙིང་རྗེ་མེད་པར་གང་སར་གཡུགས་ཏེ་ཤི་རུ་འཇུག་པའི་གནས་ཚུལ་མང་པོ་འདུག འདི་ནི་བོད་པའི་སེམས་ཀྱི་བྱམས་བརྩེ་རབ་རིབ་དང་རྒྱུ་འབྲས་བན་བུན། མ་བུའི་བརྩེ་བ་ལྡབ་ལྡིབ་ཏུ་འགྱུར་ཏེ་ཐ་ན་རང་གི་བུ་ཕྲུག་གསོད་པར་ཡང་ཐེ་ཚོམ་མེད་པའི་ཚད་དུ་ལྷུང་བཞིན་པའི་ངང་ཚུལ་སྐྱོ་བོ་ཞིག་མངོན་དུ་འགྱུར་བཞིན་པ་མ་ཡིན་ནམ།  ང་རང་གི་མཐོང་ཐོས་བཤད་ནའང་།   ཉེ་བའི་ལོ་འགའི་སྔོན་དུ་ནགས་ར་ཞིག་ཏུ་བྱིས་པ་དམར་འབྱར་ཞིག་གཡུགས་ཏེ་བེམ་པོ་རུལ་ནས་མིག་ཀོང་ནག་སྐོ་སེ་འདུག་པ་ཞིག་མཐོང་མྱོང་ལ། ཡང་ན་ནིང་སྐར་འཕྲིན་དུ་བུ་མོ་ལོ་ན་ཉི་ཤུ་ཅན་ཡས་མས་ཤིག་གིས་པང་དུ་བླངས་པའི་བྱིས་པ་དམར་འབྱར་ཉིན་བཅུ་ཕྲག་ཙམ་ལོས་ཡིན་འདོད་པ་ཞིག་གི་ཁ་ངོ་དང་འགྲམ་པར་ཁུ་ཚུར་གྱིས་ཞེ་སྡང་ངང་བག་ཚ་བ་མེད་པར་ཡང་ཡང་གཞུ་བ་ཞིག་མཐོང་མྱོང་ལ།  བུ་མོ་དེ་མོ་རང་གི་བུ་ཕྲུག་དེ་ལ་གཅར་རྡུང་བྱེད་པར་སྙིང་རྗེ་དང་ཐེ་ཚོམ་མི་འདུག་མོད།  འོན་ཀྱང་ངས་དེར་བལྟ་མི་བཟོད་པར་འདུག དངོས་གནས་འདི་འདྲའི་ཨ་མ་ནི་དུད་འགྲོ་ལའང་མི་དོ་བའི་འདྲེ་མོ་ཞིག་ག་ལ་མིན།  བརྙན་འདི་འདྲ་མཐོང་ན་དངངས་རྒྱུ་ཡོང་བ་དང་གནས་ཚུལ་འདི་འདྲ་གོ་ན་སེམས་སྐྱོ་ཀི་ཡ།  དེ་ལས་ཕྱིར་འདང་ཞིག་བརྒྱབ་ན།  སྤྱི་ལོའི་དུས་རབས་བརྒྱད་པར་རྗེ་གཡུ་ཐོག་རྙིང་མས་རྩོམ་སྒྲིག་མཛད་པའི་གསོ་རིག་རྒྱུད་བཞི་རུ།  བྱིས་པ་ཉེར་སྤྱོད་སྐབས། སྐྱེས་མ་ཐག་ཏུ་བཀྲ་ཤིས་ཚིག་འདི་བརྗོད།།   བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན།།  ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག།   ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་།།   མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས།།    ཞེས་པ་དེ་དེང་དུས་རང་གིས་བུ་ཕྲུག་དམར་འབྱར་སར་གཡུགས་ནས་ཤི་རུ་འཇུག་པའི་དུས་རབས་ཤིག་ལ་ཇི་ལྟར་འགྲེལ།  དེ་དུས་བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན་ཡང་།  དེང་དུས་བདག་གི་བུ་གཅིན་སྐྱག་བཞིན་གང་སར་འདོར་མཁན་མང་།  སྔོན་དུས་བུ་ལ་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་དུ་འཇུག་ནའང་།  དེང་དུས་སྐྱེས་མ་ཐག་ཏུ་ས་སྟོང་དུ་གཡུགས་ཏེ་ལོ་བརྒྱ་ཕར་ཞོག་ཐ་ན་དུས་ཚོད་ཉེར་བཞིའི་རིང་ལ་ཡང་གསོན་ཐབས་མེད་པར་བྱེད་མཁན་མང་། འདི་ལྟར་བསྡུར་ཚེ་བོད་པའི་མ་བུའི་བརྩེ་བ་ནི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་སྔོན་ལས་ཇེ་སྡུག་དང་ཇེ་ཞན་དུ་གྱུར་ཡོད་པ་ཁ་གསལ་མིག་ཐོག་མ་རེད་དམ།   ཡིན་ན་ཡང་། དེང་དུས་བོད་ཁུལ་གྱི་ཨ་མ་བརྒྱ་ཆའི་བརྒྱ་འདི་འདྲ་ཞིག་ག་ལ་ཡིན་མོད།  འོན་ཀྱང་སྙིང་རྗེ་མེད་པར་རང་གི་བུ་ཕྲུག་གསོད་མཁན་ཇེ་མང་དུ་འགྲོ་བཞིན་པ་ནི་མངོན་སུམ་གྱི་གནས་ཚུལ་རེད།  ང་རང་གིས་སྐར་འཕྲིན་དང་གཞན་གྱི་ཁ་བརྡ།  རང་གི་མྱོང་བ་བཅས་ལས་གནས་ཚུལ་འདི་འདྲ་མཐོང་ཐོས་སུ་གྱུར་ཚེ་སེམས་ཁམས་མི་དྭངས་པའི་སྣང་བ་བན་བུན་ཞིག་རྒྱུད་ལ་ངང་ངམ་ཤུགས་ཀྱིས་སྐྱེ་པ་ཞིག་རེད།  དེ་བས་ཐེངས་འདིར་འདིའི་སྐོར་གྱི་ལྟ་ཚུལ་ཞིག་འབྲི་འདོད་བྱུང་བ་ཡིན།   ངས་འདི་མ་བྲིས་པའི་སྔོན་དུ་སྐར་འཕྲིན་དུ་ཚོགས་པ་དང་སྒེར་འབྲེལ་པ་མང་ཆེ་ཤོས་ཤིག་ཏུ་བྱིས་པ་དམར་འབྱར་སར་གཡུགས་པའི་འདྲ་པར་དང་།  དེ་ལ་དཔྱད་པའི་ཡིག་ཆ་རེ་ཡོད་ན་ང་ལ་ཅིག་སྐུར་རོགས་ཞེས་བསྐུར་བ་ཡིན་ལ། དེ་ལས་གྲོགས་པོ་ཞིག་གིས་ང་ལ།ན་རེ།ཡ་ཡ་ར།ད་ཇོ་སྒར་དང་སློབ་གྲྭ་ཆེན་མོ་ལ་མ་སོང་ན་ཡོད་ནི་མ་རེད་ཡ།   ཞེས་ཀུ་རེ་དང་བདེན་གཏམ་འདྲེས་མའི་ཡིག་ལན་ཞིག་བསྐུར་བྱུང་།   འདིར་ཇོ་སྒར་ཞེས་པ་བུད་མེད་མང་པོ་བཙུན་མ་བྱས་པའི་དགོན་པ་ཡིན་པ་དང་།   གྲོགས་པོ་འདིའི་སྐད་ཆ་འདིའང་དོན་དམ་བདེན་པ་ཞིག་སྟེ།  དཔེར་ན།  ང་ལ་རེབ་ཀོང་གི་བུ་བཙའ་ཚན་ཁག་གི་སྨན་པ་ཞིག་གིས་འདི་ལྟར་བཤད་བྱུང་།  ཐེངས་ཤིག་ཁོ་མོའི་སྨན་ཁང་དུ་ཇོ་མོ་ཞིག་སླེབས་ནས་བྱིས་པ་ཡོད་མེད་བརྟག་བཤེར་བྱས་པ་དང་།  ཆུ་རྟགས་བརྟག་པ་ལས་བུ་ཆགས་ཡོད་པ་ངོས་འཛིན་འཁྲུལ་མེད་བྱས་ཏེ་ཇོ་མོ་དེར་དེའི་གནས་ཚུལ་སྨྲས་པ་ན།  ཇོ་མོས་སྨན་པར།  ཨ་ལ།  བྱིས་པ་ཆགས་ཡོད་ན་བྱིས་པ་ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་མངལ་ལས་བཤིགས་ཏེ་འབྲད་རོགས་གནོངས། ང་ཇོ་མོ་ཞིག་ལ་བྱིས་པ་སྐྱེས་ཐལ་ཞེས་ན་ངོ་མི་ཚའམ།ཞེས་སྨྲས་པ་མ་ཟད།  མོ་ལ་མངལ་བཤིགས་རོགས་ཞེས་ནན་ནན་བྱས་སོང་ཟེར།  འདི་ལས་ང་ཚོར་འདང་རྒྱག་ཅིག་བྱིན་ཡོད་པ་ནི།  ཇོ་མོ་རྣམས་ནི་བཙུན་མ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཡིན་པ་དང་།   སངས་རྒྱས་བསྟན་པའི་བསྟན་པ་འཛིན་མཁན་མ་ཡིན་ནམ། འོ་ན་མར་གྱུར་སེམས་ཅན་ལ་བྱམས་སྙིང་རྗེ་སྒོམ་པ་ལྟ་ཞོག   ཐ་ན་འཇིག་རྟེན་གྱི་བུད་མེད་ཕལ་བ་ཞིག་གི་བསམ་བློའང་མེད་པར་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དེ་གཞན་གྱི་མྱི་ཁ་ཙམ་དང་རང་གི་ངོ་ཚ་རུ་བསམ་ནས་གཅིན་སྐྱག་བཞིན་དུ་དོར་ཞིང་གད་སྙིགས་ལྟར་དུ་གཡུགས་ནས་ཤི་རུ་བཅུག་ན་ཕངས་སེམས་མི་སྐྱེའམ།   བྱིས་པ་དེ་སྙིང་མི་རྗེའམ།  གཅེས་ཕྲུག་དེར་སེམས་མི་ཆགས་སམ།  ཚེ་སྲོགས་དེའི་སྡིག་པར་མི་སྐྲག་གམ།འདི་ལྟར་བྱས་ན།  སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་པར་སྤྱད།།རང་གི་སེམས་ནི་ཡོངས་སུ་འདུལ།།འདི་ནི་སངས་རྒྱས་བསྟན་པ་ཡིན།།ཞེས་པའི་སངས་རྒྱས་ཀྱི་དགོངས་པ་དང་ཡང་འགལ་སོང་བ་མ་མིན་ནམ།   འདི་རུ་གསལ་བཤད་བྱ་རྒྱུ་ཞིག་ལ།  ཤ་ཚ་བའི་གཏམ་ལ་སྙན་མོ་མེད།  ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཅེས་པ་ལྟར། ཇོ་མོ་ཡོད་ཚད་འདི་འདྲ་རེད་ཟེར་བ་མ་ཡིན་པར།   དེའི་ནང་གི་ཉུང་གྲས་ཤིག་གིས་རང་གི་བྱིས་པ་འབྲད་པའམ་མངལ་བཤིག་གྱིན་པ་དེ་ཚོར་སྨྲས་པ་ཡིན། ཡང་ཁམས་ཕྱོགས་ན་སྨན་ཁང་ཕྱེས་ཡོད་པའི་ངའི་གྲོགས་པོ་སྨན་པ་ཞིག་གིས་ཀྱང་།   ཇོ་མོ་ཚོ་སྨན་ཁང་དུ་ཡོང་ནས་བརྟག་བཤེར་བྱེད་དུས་བྱིས་པ་ཆགས་ཡོད་པ་མང་པོ་འདུག་ཟེར། དེའི་མ་ཟད་ང་རང་གི་གམ་དུ་ཉེ་དུས་གྲྭ་ལ་གོན་པའི་སྐྱེས་པ་ཞིག་དང་ཁམས་སྐད་རྒྱག་པའི་ཇོ་མོ་ཞིག་སླེབས་ནས། བྱིས་པ་སྦྲུམ་ཡོད་མེད་བརྟག་བཤེར་བྱེད་དགོས་ཟེར་བས།ཆུ་རྟགས་དང་མངལ་དུ་འཕྲོ་འོད་ཀྱིས་བརྟག་པ་ཡིན་མོད།   འོན་ཀྱང་སྟབས་ལེགས་པ་ཞིག་ལ་བྱིས་པ་ཆགས་མི་འདུག   གནས་ཚུལ་འདི་དག་ལས་ཇོ་མོ་མང་པོ་ཞིག་ལ་མངལ་སྦྲུམ་བཞིན་ཡོད་པ་ཤེས་ཐུབ་པ་མ་ཟད།   དེ་ལས་སྲིད་པའི་མྱི་ཁ་དང་ཇོ་སྒར་གྱི་ཁྲིམས།   རབ་བྱུང་གི་སྡོམ་པ་བཅས་ལ་འཇིགས་པའམ་ངོ་གནོངས་ནས་།   ཇོ་མོ་མང་པོ་ཞིག་གིས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དེ་མི་མངོན་ཕྱི་མའི་ཡུལ་དུ་མངགས་ཀྱིན་པའང་ཁ་མིན་དོན་དུ་གནས་སོ།།གཞན་ཡང་།   ངའི་གྲོགས་པོ་དེས་བཤད་པ་ལྟར།  སློབ་ཆེན་གྱི་སློབ་མ་བུ་མོ་རྣམས་ལའང་མངལ་དུ་བྱིས་པ་ཆགས་ན་མངལ་གནས་དེའི་ལུས་སྲོག་ལ་བདེ་ཐང་ཟེར་བ་ནི་ལར་ནས་དཀོན་པ་ཡིན་ཏེ། མངལ་ཆགས་ཚུལ་སྐབས།  རྒྱུད་ལས། ཟླ་བ་དང་པོ་བདུན་ཕྲག་དང་པོའི་དུས།། འོ་མར་རུ་མ་བླུག་འདྲ་ཁུ་ཁྲག་འདྲེས།།བདུན་ཁྲག་གཉིས་པ་ནུར་ནུར་པོ་རུ་འགྱུར།།  བདུན་ཕྲག་གསུམ་པ་ཞོ་ཆགས་ལྟ་བུར་སྣང་།།ཞེས་པ་སོགས་ཀྱི་སྐབས་སུ་མང་ཆེ་ཤོས་ཀྱིས་མངལ་ཆགས་པ་ཤེས་པ་ན་མངལ་བཤིག་པར་བྱེད་པ་དང་།  མངལ་སྦྲུམ་པ་མ་རྟོགས་པར་མཐའ་མཇུག་རྒྱུད་ལས།སོ་བརྒྱད་མགོ་མཇུག་ལོག་སྟེ་མངལ་ནས་འབྱིན།།ཞེས་བྱིས་པ་མངལ་དུ་སྦྲུམ་ནས་བདུན་ཕྲག་སོ་བརྒྱད་པ་ལ་ཐོགས་པའི་རྐྱེན་ཞེས་བྱ་བའི་རླུང་འཕྲོས་ནས་མགོ་མཇུག་ལོག་སྟེ་མངལ་གྱི་ཕུགས་ནས་སྒོར་འབྱིན་ཞིང་བཙས་པའི་དབང་དུ་བཏང་ཚེ། བྱིས་པ་ལ་ལ་སྤྱོད་ཁང་དུ་གཡུགས་ནས་ཤི་རུ་འཇུག་པ་དང་།  འགའ་ཤས་ཤིག་ནགས་ཁྲོད།གད་སྙིགས་ཀྱི་ས་དོང་། ཞིང་ཁུག་སོགས་མིས་མི་མཐོང་ས་དང་མཉམ་འཇོག་མི་བྱེད་པའི་ཡུལ་དུ་དོར་ནས་ཤི་རུ་འཇུག་པའང་མང་།  སྤྱིར་སློབ་ཆེན་གྱི་སློབ་གྲོགས་བུ་མོ་རྣམས་ལ་མཚོན་ནའང་། སྙིང་རྗེ་མེད་པ་དང་། རྒྱུ་འབྲས་མེད་པ། ཀུན་སྤྱོད་དམན་པ་བཅས་ཀྱི་སྟབས་ཀྱིས་དེ་ལྟར་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ས་སྟོང་ལུང་སྟོང་དུ་གཡུགས་པ་རེད་ཅེས་ནའང་མི་འགྲིག་ས་མང་སྟེ། ཁོ་མོ་ཚོ་ནི་བོད་ཀྱི་བུད་མེད་རྣམས་ཀྱི་ནང་ནས་རིག་གནས་ཤེས་བྱ་སྦྱང་ནས་སློབ་ཆེན་གྱི་ཚད་དུ་ཐོན་པ་དག་དག་ཡིན་པས།  བོད་རོང་འབྲོག་ཁུལ་གྱི་ཡི་གེ་མི་ཤེས་པའི་ཨ་མ་རྣམས་དང་བསྡུར་ན་བསམ་བློའི་གོ་རྟོགས་མཐོ་བ་དང་ལྟ་རྒྱ་ཤེས་རྒྱ་ཆེ་བ། བློ་བཀོད་པ་ལྡན་པ།  ཤེས་རབ་རྣོ་ཞིང་བརྩོན་འགྲུས་ལྡན་པ།  རྒྱུ་འབྲས་ཀྱི་རྣམ་བཞག་རྟོགས་པ།  འཇིག་རྟེན་གྱི་ཡ་རབ་ཀུན་སྤྱོད་ཤེས་པ་འབའ་ཞིག་ཡིན་དགོས་ལ་ཡིན་ཡང་ཡིན་མོད།  འོ་ན་ཁོ་མོ་ཚོས་ཞིང་གྲོང་གི་ཨ་མ་ཕལ་བ་རྣམས་ཀྱིས་རང་གི་བྱིས་པ་དེ་སྙིང་བཞིན་གཅེས་ཤིང་སྲོག་ལྟར་སྐྱོང་བའི་བྱ་བཞག་རླབས་པོ་ཆེ་དེ་སྒྲུབ་མི་ཐུབ་པར་གཞན་གྱིས་མཐོང་ན་སྐྱི་གཡའ་ཞིང་ཀུན་གྱིས་སྨྲས་ན་ཉན་མི་བཟོད་པར་ལུས་ཀྱི་བ་སྤུའང་གཟེང་བར་བྱེད་པའི་བྱ་ངན་སྤྱོད་ངན་ཏེ།  རང་གི་ཤ་ལས་ཆད་པའི་བུ་ཕྲུག་དེ་གཡང་རོང་དང་ས་དོང་མི་མེད་ས་སྟོང་སོགས་སུ་ཉམ་ཐག་གི་ངུ་སྐད་ལྷང་ལྷང་དུ་གཡུགས་ཏེ་བྱ་ཁྱིའི་གཟན་དུ་བྱེད་ཕོད་པ་ནི་ཅིའི་ཕྱིར་ཞེ་ན།  དེ་ལ་རྒྱུ་མཚན་མང་པོ་ཞིག་ཡོད་སྲིད་དེ།  གཅིག་ཏུ་ན་སློབ་ཆེན་གྱི་བུ་མོ་རྣམས་ནི་སློབ་མཐར་ཕྱིན་ཏེ་སྤྱི་ཚོགས་འཚོ་བར་ཞུགས་མེད་པར་ད་དུང་སློབ་མ་ཡིན་པ་དང་།  སློབ་མ་ཡིན་ན་དེའི་འགན་འཁུར་གཙོ་བོ་ནི་སློབ་སྦྱོང་ལེགས་པོ་བྱས་ཏེ་ཡོན་ཏན་ཤེས་བྱ་སྦྱོང་དགོས་པ་ལས་དགའ་རོགས་སྒྲིག་ནས་བྱིས་པ་སྐྱེ་རྒྱུ་མ་ཡིན་པ་དང་།  གལ་ཏེ་བྱིས་པ་ཞིག་སྐྱེས་པ་ཚོར་ཚེ་སློབ་གྲྭའི་སྒྲིག་ལམ་དང་འགལ་ནས་སློབ་གྲྭས་ཕྱིར་འཕུད་གཏོང་པའམ།  ཡང་ན་བུ་མོ་སློབ་ཆེན་པ་ཞིག་ལ་བྱིས་པ་སྐྱེས་ཚེ་ཡུལ་གྱི་ཕ་མ་གཉིས་གས་ཀྱང་བུ་མོ་དེར་སྡིགས་དམོད་དང་གཅར་རྡུང་བྱེད་སྲིད་པའམ།  ཡང་ན་བྱིས་པ་ཆགས་པ་ཚོར་བ་ན་དགའ་རོགས་ཀྱིས་ཁྲེལ་མེད་བྱས་ཏེ་ཁ་ཁར་གྱེས་པའམ།  ཡང་ན་ངེས་གཏན་གྱི་དགའ་རོགས་མེད་པ།  ངེས་གཏན་གྱི་ཁྱིམ་ཚང་མེད་པ།   ངེས་གཏན་གྱི་བྱ་བ་མེད་པ།   ངེས་གཏན་གྱི་ཡོང་འབབ་མེད་པ་སོགས། ཐབས་རྡུགས་ཀྱི་འགལ་རྐྱེན་བར་ཆད་མང་པོ་ཞིག་རླུང་ནག་འཚུབ་མ་བཞིན་དུ་འཚུབ་པའི་རྒྱུ་མཚན་གྱིས། མཐར་རང་གི་གཅེས་ཕྲུག་དེ་སྙིང་རྗེ་ན་ཡང་།   ཤ་ཚ་ན་ཡང་།  སྙིང་ན་ནའང་མི་མངོན་ཕྱི་མའི་ཡུལ་དུ་མི་མངགས་ག་མེད་བྱུང་བ་རེད་སྙམ་མོ།། 

 བདུན་པ། བྱ་བ་དེ་དག་ཐག་གཅོད་བྱེད་ཐབས་དང་རེ་འདུན་རགས་ཙམ་གླེང་བ།

      གོང་དུ་ཕ་མ་བཟའ་འཐོར་བྱུང་བའི་བྱིས་པའི་ལུས་སེམས་ལ་བདེ་ཐང་དཀོན་ཚུལ་དཀྱིལ་སྙིང་དུ་བརྗོད་ནས།བྱིས་པའི་ཕ་མ་བཟའ་འཐོར་མང་བའི་རྒྱུ་མཚན།  བྱིས་པ་ཞེས་པའི་ངོས་སྤྲོད་རགས་རིམ།   སྔོན་དུས་བོད་ཀྱིས་བྱིས་པའི་བདེ་ཐང་ལ་བརྩི་འཇོག་ཇི་ལྟར་བྱས་ཚུལ།བཟའ་འཐོར་བྱུང་བའི་བྱིས་པའི་ལུས་སེམས་ལ་བདེ་ཐང་དཀོན་ཚུལ།   བཟའ་འཐོར་གྱི་རིགས་སུ་གཏོགས་པའི་སྤྱི་ཚོགས་ཀྱི་ན་གཞོན་ཕོ་མོའི་དགའ་རོགས་ཀྱི་བརྩེ་དུང་འཇིག་པ་དང་། སློབ་ཆེན་བུ་མོ་རྣམས་ཀྱི་འགལ་རྐྱེན་བར་ཆད་སོགས་ལས་རང་གི་གཅེས་ཕྲུག་ལ་ཐེབས་པའི་ཡ་ང་བའི་ཆག་སྒོ་སོགས་གླེང་ཁུལ་བྱས་པ་ཡིན་པ་དང་། དེའང་རང་གི་མཐོང་ཐོས་མྱོང་གསུམ་གཞིར་བཞག་གིས་བྲིས་པ་ཡིན་ཞིང་།  འོ་ན་དེ་ལྟ་བུའི་གནས་ཚུལ་འདུག་པ་ཀུན་གྱིས་ཤེས་གསལ་ལྟར་རེད་མོད།  བོད་ཀྱི་ད་ལྟའི་སྤྱི་ཚོགས་ལས་ངང་ངམ་ཤུགས་ཀྱིས་མངོན་དང་མངོན་བཞིན་པའི་ངང་ཚུལ་སྐྱོ་བོ་ཞིག་ཡིན་པའང་ཐམས་ཅད་ཀྱི་སེམས་ན་གསལ་ལྷང་ངེར་མེ་ལོང་ངོས་སུ་གཟུགས་བརྙན་ཤར་བའི་དཔེ་ལས་མ་འདས་པས། གནད་དོན་འདི་དག་གསལ་བསྒྲགས་དང་ཐེར་འདོན་བྱས་རྗེས་དེ་ལ་ཐབས་ཤེས་ལེགས་པོ་ཅི་ཞིག་ཡོད་མིན། དེ་ལ་བསམ་བློ་ཇི་ལྟར་གཏོང་དགོས་པ་དང་ལག་བསྟར་གང་འདྲ་བྱེད་པ།   སྔར་བྱུང་གི་སྐྱོ་གར་དེ་ཡང་བསྐྱར་མི་འཁྲབ་པའི་འཆར་འགོད་ཇི་འདྲ་འཐེན་དགོས་པ་སོགས་མེད་ན།  བྲིས་བྲིས་ཐམས་ཅད་སྟོང་བ་དང་བཤད་བཤད་ཡོད་ཚད་ཉོག་གཏམ་དུ་འགྲོ་བ་དང་།  འདི་ཙམ་བྲིས་པས་ཀྱང་ཉམ་ཐག་བྱིས་པའི་ལུས་སེམས་བདེ་ཐང་ལ་ཕན་པ་ཏིལ་ཙམ་ཡང་མི་འབྱུང་བས།  འདི་རུ་གནད་དོན་འདི་དག་ཐག་གཅོད་བྱེད་ཐབས་དང་རེ་མདུན་ཕྲ་མོ་ཞིག་རང་གི་སེམས་ལ་དྲན་ཚུལ་ཙམ་བརྗོད་ནས་དེ་ཡིས་ཕྱིས་སུ་བོད་ཀྱི་སྤྱི་ཚོགས་སུ་ཉམ་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ལ་ནུས་པ་ཕྲ་མོ་ཙམ་རེ་ཐོན་ན་སྙམ་པའི་ཀུན་སློང་གིས་རྒྱུད་བསྐུལ་བས་གླེང་བར་བྱའོ།། སྤྱིར་བྱིས་པའི་ལུས་སེམས་ལ་བདེ་ཐང་འབྱུང་བའི་རྒྱུ་གཙོ་བོ་ནི་ཕ་མ་འགྲིག་མཐུན་བྱུང་སྟེ་ཁྱིམ་ཚང་སྐྱིད་པོ་བདེ་མོ་ཡིན་དགོས་པ་གཞི་རྩ་ལགས་པས།  བཟའ་ཚང་འཆམ་མཐུན་དང་ཁྱིམ་ཚང་བརྟན་བརླིང་ཞིག་ཡོང་བར་གཉེན་སྒྲིག་བྱས་ཏེ་ཁྱིམ་ཚང་བཅོས་ཟིན་པའི་བྱིས་པའི་ཕ་མ་རྣམས་ཀྱིས་སེམས་ལ་གསལ་བོར་ངེས་དགོས་པ་འདི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།  དེས་ན་བཟའ་ཚང་ལ་འགྲིག་མཐུན་འབྱུང་བར་ཡང་བཟའ་ཟླ་གཉིས་ཀས་བྱིས་པ་རྣམས་ཀྱི་སྐྱིད་སྡུག་ལ་བསམ་བློ་བཏང་ནས་ཕན་ཚུན་བར་བཟའ་འདང་ཟབ་མོ་ཞིག་ཆགས་པར་བྱས་ནས་དགའ་རོགས་གང་འདོད་དུ་མི་བཙལ་བ་དང་།    ཆ་རྒྱུས་བྲལ་བའི་སྐྱེས་ཕོ་མོ་གཉིས་གའི་བཤད་བཤད་ལབ་ལབ་ལ་མི་ཉན་པ་དང་།  རང་རང་རང་གི་བཟའ་ཟླ་ལས་གཞན་པའི་མི་ལ་འགྲོགས་ཏེ་བརྩེ་བ་ཆགས་ཤིང་དུང་བ་ཟབ་པར་གྱུར་ནས་མཐར་རང་གི་བཟའ་ཚང་འཐོར་ཏེ་བྱིས་པ་རྣམས་ལ་གནོད་པའི་ལས་མི་སྒྲུབ་པར་ཁྲེལ་ཡོད་བག་ཡོད་བྱ་རྒྱུ། རང་གི་བཟའ་ཟླ་དང་མཉམ་དུ་མེད་པའི་གོ་སྐབས་སྤྱད་ནས་སྐྱེས་པ་རྣམས་ཀྱིས་དགའ་རོགས་མཛེས་མ་བཙལ་ནས་སྒོར་མོ་མང་པོས་རྒྱན་ཆ་དང་ཐ་ན་ཕྱུག་པོ་ཡིན་ན་ཁང་བ་དང་རླངས་འཁོར་སོགས་ཀྱང་ཉོས་ཏེ་ཆུང་མ་གཉིས་པ་ལྟར་བརྩེ་བས་བསྐྱངས་ཤིང་དུང་བས་བསུས་མཐར་རང་གི་བཟའ་ཟླ་སྔོན་མ་དང་འགལ་ནས་འཐོར་ཏེ་བྱིས་པ་ཚོ་ཕ་མེད་དྭ་ཕྲུག་ཏུ་མི་གཏོང་བ།  འབྱོར་བ་ལྡན་པའི་སྐྱེས་པ་ཚོས་ཉི་མ་སུམ་བརྒྱ་དྲུག་ཅུར་སྒོར་མོ་འབོར་ཆེན་གྱི་ཤོ་རྒྱག་རྒྱལ་འཇོག་དང་བུ་མོ་ཆུང་ཆུང་སྒོར་དགའ་དག་དང་འགྲོགས་ཏེ་མཐར་བཟའ་ཚང་འཐོར་བ་དང་ཁྱིམ་ཚང་གི་རྒྱུ་ནོར་སྟོང་སྟེ་བྱིས་པ་རྣམས་ཕ་མེད་དྭ་ཕྲུག་དང་རྒྱུ་མེད་སྤྲང་པོ་རུ་མི་གཏོང་བ།   སྐྱེས་མ་རྣམས་ཀྱིས་ཀྱང་མཁར་གྲོང་ཡིན་ན་ས་ལ་ཡོག་བརྒྱུད་ནས་རང་ཉིད་བྱིས་པ་གསུམ་གྱི་ཨ་མ་ཡིན་ན་ཡང་།  བུ་མོ་མོ་རྐྱང་མགོ་སྟོང་དག་དང་ལྷན་དུ་ཇ་ཁང་ཆང་ཁང་འགྲིམས་ཏེ་གསར་བུ་མགོ་སྟོང་རྐྱལ་སྟོང་ཚོ་དང་སྣང་བ་སྐྱིད་པ་ལ་བྱས་ཏེ་ཆང་འཐུང་བ་དང་དགའ་རོགས་བསྒྲིགས་ཏེ་མཐར་ཁྱོ་ག་དང་འགལ་ནས་ཁྱིམ་ཚང་འཐོར་ཞིང་བྱིས་པ་རྣམས་ལ་ཕ་མེད་པའམ་ཡང་ན་མ་མེད་པ་བྱེད་པའི་བྱ་བ་མི་སྒྲུབ་པར་རང་ཚུགས་ཡོད་པ་བྱ་རྒྱུ།  རོང་འབྲོག་ཁུལ་གྱི་རི་ཀླུང་དང་རྫ་ལུང་ཞིང་ལས་ལ་ཁུལ་བཅས་ཡིན་ན་ཡང་།  ས་ཕྱོགས་རྒྱུས་མེད་ཀྱི་གསར་བུ་ཟོག་པོ་རྐྱལ་སྟོང་ངམ།  ཚོང་བ་འབྱོར་ལྡན།  དཔོན་པོ་དབང་ཆེན། གསར་རྒོད་ཕོ་ཡག་བཅས་ལ་འཕྲད་ཚེ་བརྩེ་བས་གཅེས་ཤིང་དུང་བས་མནར་ནས་དེ་དག་གི་དབང་དུ་སོང་སྟེ་མཐར་ཁྱིམ་ཚང་ལ་བཟའ་འཐོར་འབྱུང་བའི་བྱ་བ་མི་སྒྲུབ་པ།  ཁྱད་པར་དུ་བརྡ་འཕྲིན་གྱི་དུས་རབས་འདིར་སྐར་འཕྲིན་དང་ཁ་པར་བརྒྱུད་ནས་མཚོ་གཡས་རུ་གཡོན་རུ་དང་རྨ་ཕ་རི་ཚུར་རིའི་ངོ་ཤེས་མི་ཤེས་དང་ཆ་རྒྱུས་ཡོད་མེད་གཉིས་ཀར་ཚོམས་འབྲེལ་དང་སྒེར་འབྲེལ་བྱས་ཏེ།    དེ་ལས་ལ་གཞས་ཚོགས་པ།    དགེ་སྒྲུབ་ཚོགས་པ།   དམངས་གླུ་ཚོགས་པ། བརྙན་བསྐུར་ཚོགས་པ་སོགས་ལས། དགོས་ངེས་པའི་བྱ་གཞག་བསྐྱུར་ཏེ་སྒྲུབ་མི་འོས་པའི་དགའ་རོགས་སོགས་དང་རྐྱལ་སྟོང་བཅའ་རོགས་སོགས་བཙལ་ནས་ཡང་ཁྱིམ་ཚང་འཐོར་བའི་བྱ་བ་མི་སྒྲུབ་བཅས་ནི་གལ་ཧ་ཅང་ཆེ་བ་ཡིན།རྒྱུ་མཚན་ནི་བཟའ་ཚང་མཐུན་ན་ཁྱིམ་ཚང་བདེ་བ་དང་ཁྱིམ་ཚང་སྐྱིད་ན་བྱིས་པ་རྣམས་ཀྱི་ལུས་སེམས་བདེ་ཐང་ལའང་མི་འདོད་པའི་རྐྱེན་ངན་བར་ཆད་འབྱུང་དཀོན་པས།  གཉེན་བསྒྲིགས་ཏེ་བྱིས་པའི་ཕ་མར་གྱུར་བའི་སྐྱེས་ཕོ་མོ་གཉིས་ཀས་འདིའི་ཕྱོགས་ལ་བསམ་བློ་འཁོར་རྒྱུ་ནི་གལ་ཆེའོ།།  ཡང་ན་གཉེན་སྒྲིག་དངོས་སུ་བྱས་མེད་པར་དགའ་རོགས་བསྒྲིགས་ཏེ་བྱིས་པ་མངལ་དུ་ཆགས་པའམ་ཡང་ན་བྱིས་པ་སྐྱེས་ཟིན་པའི་སྤྱི་ཚོགས་སྟེང་གི་མོ་རྐྱང་དང་སློབ་ཆེན་བུ་མོ་ལོ་ཆུང་རྣམས་ལ་མཚོན་ན་ཡང་། ཐོག་མར་རང་གི་དགའ་རོགས་གསར་བུ་དང་ཕྱི་གྲོས་ཨ་ལོང་ལྟ་བུ་ཞིག་དང་ནང་གྲོས་གྲུ་གུ་ལྟ་བུ་བྱེད་དགོས་པ་སྟེ།  ཁ་དཔེར།  ཁྱི་བརྒྱུགས་ན་ཅི་བྱེད།  རྡོ་ཚར་ན་གང་བྱེད།  ཅེས་པ་བཞིན་གཉེན་མ་སྒྲིག་པར་མངལ་སྦྲུམ་ན་ཅི་བྱེད།   བུ་བཙས་ན་གང་བྱེད་པའི་གྲོས་ཤིག་ཡོད་ན་འགྲིག་ལ།  དེར་མ་ཟད་བུ་མོ་རང་གི་ཕ་མ་གཉིས་ལ་ཡང་མངལ་ཆགས་པའམ་བུ་སྐྱེས་པ་སོགས་ཀྱི་གནས་ཚུལ་གབ་སྦས་མེད་པར་གསལ་བར་བཤད་ན།  ཕ་མ་གཉིས་ཀར་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པས་ན་གང་ལ་གང་འཚམས་ཀྱི་ཐབས་བཀོད་ཅིག་འཐེན་ངེས་པས།  རང་གི་བུ་ཕྲུག་དེར་གསོན་ལམ་འཚོ་ཐབས་ཤིག་འབྱུང་བར་ཡང་ལ་ཐང་མེད།    གལ་ཏེ་དགའ་རོགས་ཀྱིས་བྱིས་པ་དེའི་ཕ་ཡི་འགན་མ་ཁུར་བའི་དབང་དུ་བཏང་ན་ཡང་།   གང་ལྟར་བུ་མོ་རང་གིས་ཕྲུ་གུ་བཙས་པ་དེ་ཕ་མེད་དྭ་ཕྲུག་ཅིག་ཡིན་ན་ཡང་།    ཡང་ན་རང་གིས་གསོ་བ་དང་།   ཡང་ན་རང་ཉིད་ལ་བྱིས་པ་སྐྱོང་བའི་ནུས་པ་མེད་པར་འུ་ཐུག་ཐབས་རྡུགས་ན་སྤྱི་ཚོགས་སྟེང་གི་བུ་ཕྲུག་མེད་པའི་བཟའ་ཟླ་ཤུལ་ཆད་ཅིག་གམ།    གང་ལྟར་ལས་རྒྱུ་འབྲས་ལྡན་ཞིང་བྱམས་སྙིང་རྗེ་ཆེ་བའི་ཁྱིམ་ཚང་ངམ་མི་སྒེར་ཞིག་ལ་དམངས་སྲིད་ཅུའུ་སོགས་བརྒྱུད་ནས་ཁྲིམས་མཐུན་གྱིས་བྱིན་ན་འགྲིག་པ་ལས། རང་གི་ཤ་ལས་ཆད་པའི་གཅེས་ཕྲུག་དེ་གོས་མེད་དམར་རྗེན་དུ་ས་སྟོང་ལུང་སྟོང་དུ་གཡུགས་ནས་ཤི་རུ་མི་འཇུག་པའི་རེ་བ་ནི་སྙིང་ནས་ཞུའོ།། འདི་ལས་སྤྱི་ཚོགས་སྟེང་གི་བུ་མོ་མོ་རྐྱང་རྣམས་ལ་མཚོན་ན།   བྱིས་པ་སྐྱེས་ན་ཕ་མེད་ཀྱང་གཅེས་ཕྲུག་དེ་འཆི་ལམ་དུ་མི་སྐྱེལ་བར་རང་གིས་གཅེས་པར་བསྐྱངས་ནས་མཐར་རང་གི་བུ་རུ་གཉོར་ཐུབ་ན་ཨ་མ་རབ་ཅིག་དང་དྲིན་ཆེན་གྱི་མ་ཡུམ་ཞིག་གི་རླབས་ཆེ་བའི་རྣམ་ཐར་ཡིན་ལ།བོད་ཁུལ་དུ་སྔོན་དུས་ཨ་མ་རྒན་ཚང་གཅིག་གིས་གཅེས་ཕྲུག་བཅུ་ཕྲག་ལོངས་པ་སོགས་བསྐྱངས་ཡོད་པ་ནི་ང་ཚོ་ཚང་མས་ཤེས་གསལ་ལྟར་ལགས་ལ། དེ་མ་ཡིན་ནའང་། བྱིས་པ་དམར་འབྱར་མི་མེད་ཡུལ་སྟོང་དུ་གཡུགས་ནས་མི་གསོད་པར་ལོ་ན་བདུན་བརྒྱད་ཙམ་གྱི་ཡུན་ལ་གཉོར་སྐྱོང་བྱས་རྗེས་དྭ་ཕྲུག་སློབ་གྲྭ་སོགས་སུ་བསྐྱལ་བ་ཡིན་ན་ཡང་།   དེང་དུས་སྤྱི་ཚོགས་འཚོ་བ་སྐྱིད་པས་རྒྱལ་ཁབ་དང་སྲིད་གཞུང་།   ཡང་ན་བྱང་སེམས་ལྡན་པའི་བླ་སྤྲུལ་ལམ།  ཚོང་དཔོན་སོགས་གང་ལྟར་གཞུང་སྒེར་གང་རུང་ཞིག་གིས་བུ་ཆུང་དེ་ཁྲ་ཕྲུག་གསོ་གསོ་བྱེད་པར་གདོན་མི་ཟའོ།།དེ་ཡང་སློབ་ཆེན་དང་འབྲིང་རིམ་གྱི་སློབ་གྲོགས་བུ་མོ་ཚོ་སློབ་མཐར་མ་ཕྱིན་པར་མངལ་སྦྲུམ་པའམ་བུ་སྐྱེས་པ་རྣམས་དང་།   སྤྱི་ཚོགས་སྟེང་གི་མོ་རྐྱང་གཉེན་མ་སྒྲིག་པ་དང་དགའ་རོགས་ལ་ངེས་གཏན་ཆེན་པོ་མེད་པ་ཚོས།  རང་ཉིད་ལ་ངེས་གཏན་གྱི་ཁྱིམ་ཚང་ཞིག་མེད་པ་དང་།   ངེས་གཏན་གྱི་ཁྱོ་ག་ཞིག་མེད་པའི་བར་དུ་བྱིས་པ་མི་མཁོ་བ་དང་། འཇིག་རྟེན་ཕོ་མོའི་དགའ་འགུར་ལ་ལོངས་སྤྱོད་འདོད་པ་ཡིན་ན།   དམིགས་ཡུལ་སྒྲུབ་འདོད་པ་དེ་འགྲུབ་པ་དང་།   འབྱུང་མི་ཉན་པའི་ཉེན་ཁ་དེར་གཡོལ་ཐུབ་པའི་ཐབས་ཤེས་ཆེས་ལེགས་པོ་ཞིག་མཆིས་པ་ནི་སྦྲུམ་འགོག་ཞྭ་མོའམ་སྦྲུམ་འགོག་འགྱིག་ཤུབ་ཉལ་པོའི་སྐབས་སུ་སྤྱོད་རྒྱུ་ཡིན་པ་སེམས་ལ་འཇགས་དགོས་འདུག   དེ་ལྟར་སྦྲུམ་འགོག་བྱེད་ཐབས་སྤྱད་པ་ཡིན་ན་ཐབས་ཟད་ནས་རང་གི་གཅེས་ཕྲུག་གསོད་པ་སོགས་ཀྱི་སྐྱི་གཡའ་ཞིང་འཇིགས་ཡེར་བའི་བྱ་ངན་དེ་སྒྲུབ་མི་དགོས་པ་རེད། ཨ་ནེ་ཇོ་མོ་རེ་འགའ་ཞིག་ལ་མངལ་སྦྲུམ་པའམ་བུ་སྐྱེས་པ་དེ་དག་གིས་ཀྱང་།   ཐོག་མར་རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་སྐྱེས་པ་རྣམས་ཀྱི་ཁ་ཡག་ངོ་དགའི་གཡོ་སྒྱུའི་དབང་དུ་འགྲོ་བར་འཛེམས་པ་དང་།   དེ་ནས་རང་ཉིད་བཙུན་མ་ཞིག་ཡིན་པ་ངེས་པར་བྱས་ཏེ་སྡོམ་པ་སྲོག་བཞིན་བསྐྱངས་ནས་སྐྱེས་པའི་འདོད་གཏམ་ལ་འཛེམས་ཤིང་བརྩེ་དུང་ལ་གཡོལ་གང་ཐུབ་བྱ་རྒྱུ།   གལ་ཏེ་འཇིག་རྟེན་འདོད་པའི་དབང་དུ་སོང་ནས་སྐྱེས་པར་དུང་བ་འབུས་ཤིང་འདོད་པས་ལུས་འབྲེལ་བྱུང་ནས་མངལ་སྦྲུམ་ན་དེ་རང་གི་བུ་ཕྲུག་ཡིན་པས་སྨན་དང་དཔྱད་ཀྱིས་མི་བཤིག་པ་དང་།མངལ་གནས་ཆེར་འཕེལ་ནས་བཙའ་རན་པའམ་ཡང་ན་མངལ་ལས་སྐྱེས་པ་ཡིན་ན།   དེ་ལ་སྙིང་རྗེ་བསྒོམ་ནས་དཔྲལ་བའི་མིག་དང་ཁོང་པའི་སྙིང་བཞིན་གཅེས་པར་སྐྱོང་བ་ལས། རང་གི་ངོ་ཚ་ཙམ་དང་གླིང་མྱི་ཁ་ཞིག་ལ་བསམ་ནས་ཤ་ལས་ཆད་པའི་གཅེས་ཕྲུག་དེ་ངུ་སྐད་ལྷང་ལྷང་དུ་མི་མེད་ས་སྟོང་དུ་གཡུགས་ནས་ཚེ་ཕྱི་མར་བསྐྱལ་བ་ཡིན་ན།  རང་ཉིད་བཙུན་མ་ཞིག་ཡིན་པས་དེ་སྔ་ཆོས་སྒྲུབ་པ་ཆོས་སུ་མ་སོང་བར་དམ་པ་ལྷ་ཆོས་དང་འགལ་བ་མ་ཟད།   ཐ་ན་འཇིག་རྟེན་གྱི་དམ་ཆོས་མ་སྒྲུབ་ཀྱང་བྱང་སེམས་མ་གོམས་པའི་རོང་འབྲོག་ཁུལ་གྱི་སྤྱིར་བཏང་གི་ཨ་མ་ཞིག་གི་རྒྱུད་ན་ཡོད་པའི་སྙིང་རྗེ་དེའང་མེད་སོང་བ་ཡིན་པས་འཇིག་རྟེན་མི་ཆོས་དང་ཡང་མི་མཐུན་པ་ཡིན་པས། བཙུན་མ་ཞིག་ཡིན་ན་ཡང་།   རང་ལ་བུ་སྐྱེས་པ་ཡིན་ན་དེ་གཅེས་པར་བསྐྱངས་ནས་འཇིག་རྟེན་གྱི་ཨ་མ་རླབས་པོ་ཆེ་ཞིག་བྱེད་པར་སྙིང་ནས་གུས་འདུད་ཡང་ཡང་ཞུ།  དེ་ལྟར་བྱས་ཚེ་རང་གི་བུ་ཕྲུག་དེས་ཀྱང་ནར་སོན་ནས་དྲིན་ཆེན་ཨ་མར་བཀའ་དྲིན་གཏང་རག་ཞུ་ངེས་ལ།ཨ་མའི་བྱམས་སེམས་ཆེ་བས་སྐྱབས་གནས་དཀོན་མཆོག་གསུམ་གྱིས་ཀྱང་ནམ་ཡང་སྡོང་གྲོགས་མཛད་ངེས།   ད་དུང་སྤྱི་ཚོགས་ཁྲོད་ནས་ཀྱང་བཙུན་མ་དེས་བྱིས་པ་མ་གཡུགས་པར་བསྐྱངས་སོང་བས་བྱམས་སེམས་ཅན་རེད་ཅེས་བསྟོད་བསྔགས་འབུལ་ངེས།  ཞོར་དུ་བསམ་པ་དཀར་པོ་དང་དད་པ་བརྟན་པོས་དམ་ཆོས་སྒྲུབ་ནའང་།  ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན་པས།   དེ་ལ་མི་རུང་བ་ཅི་ཡོད་དམ། དེ་ལྟར་བྱས་ཚེ་ཆོས་འཇིག་རྟེན་གཉིས་ཀ་བསྒྲུབས་དང་འགྲུབ་ཀྱིན་པའི་ཨ་མ་རླབས་ཆེན་ཞིག་དང་།  བུད་མེད་མཛངས་མ་ཞིག་མ་རེད་ཅེས་སུ་ཞིག་གིས་སྨྲ་ནུས་སམ།   བུད་མེད་ཚོས་ས་སྟོང་ལུང་སྟོང་དུ་གཡུགས་ཀྱིན་པའི་བྱིས་པ་དམར་འབྱར་དེ་དག་གི་ཕ་ཡབ་སྟེ་སྐྱེས་པ་རྣམས་ཀྱིས་ཀྱང་འདིའི་ཕྱོགས་ལ་བསམ་གཞིགས་རྣལ་མ་བྱེད་པ་དང་། རང་ཉིད་དགའ་མ་འདི་དག་གི་དགའ་རོགས་ཡིན་པའི་ཆ་ནས་བྱིས་པ་དམར་འབྱར་འདི་ཚོ་རང་གི་རིགས་རྒྱུད་ལས་ཆད་པའི་གཅེས་ཕྲུག་ཡིན་པ་ངོས་ཟིན་པར་བྱས་ནས་དེ་ལ་ཕ་ཡི་འགན་ཁུར་རྒྱུ་ནི་མ་ཁུར་ཕྲག་བབས་ཀྱི་འོས་འགན་ཉག་གཅིག་རེད། རྒྱུ་མཚན་ཅི་ཞེ་ན། བུད་མེད་ཉམ་ཆུང་། བུད་མེད་ནུས་མེད། བུད་མེད་འཁོས་ཆུང་།  བུད་མེད་བསམ་མེད།  བུད་མེད་ལོ་ཆུང་། བུད་མེད་དབུལ་བོ་འདི་དག་གིས་རང་གི་གཅེས་ཕྲུག་དམར་འབྱར་ས་སྟོང་ལུང་སྟོང་དུ་གཡུགས་ཀྱིན་པའི་ཐབས་ཟད་འུ་ཐུག་གི་རྩ་བའང་མཐར་གཏུགས་ན། བྱིས་པ་དམར་འབྱར་འདི་དག་གི་ཕ་རྒན་ཚོས་བུད་མེད་འདི་རྣམས་ལ་ཁྲེལ་མེད་བྱས་པས་ལན་པ་མ་ཡིན་ནམ། དགའ་རོགས་བསྒྲིགས་ནས་དགའ་མ་ཚོ་ལ་མངལ་སྦྲུམ་པ་ན་རྒྱུ་འབྲས་དང་ཁྲེལ་གཞུང་མེད་པར་བུད་མེད་ཚོ་ཁྱི་བསྐྱུར་བསྐྱུར་བྱས་པའི་མཇུག་འབྲས་མ་ཡིན་ནམ།  ཐོག་མར་དགའ་མ་ཚོ་ལ་ཁ་ཡག་ངོ་དགའ་བཤད།   བརྩེ་བའི་འཛུམ་གྱིས་བསུ་ཁུལ་བྱས་ནས་མཐར་རང་གི་རུས་ལས་ཆད་པའི་བྱིས་པ་དགའ་རོགས་ཀྱི་མངལ་དུ་སྦྲུམ་པ་ན། ལྟས་ངན་རིམ་ལ་བཅུག་ན་རྔ་སྒྲོ་མཆན་ནས་འབུད། ཅེས་པའམ།  ཤེལ་ལ་ནོར་བུའི་ཁ་བསྒྱུར་ཀྱང་།། ཆུ་དང་འཕྲད་ན་རང་མདོག་སྟོན།། ཞེས་པ་ལྟར། སྔར་གྱི་བརྩེ་བ་བརྗེད། དུང་བའི་སྙིང་གཏམ་བོར། ཁྲེལ་གྱི་ཕྱི་ཐག་ཆད།   རང་གཤིས་ལྷང་ལ་བུད། མི་ཆོས་རྒྱབ་ཏུ་དོར།    ལས་དང་རྒྱུ་འབྲས་བསྣོག ཕ་བུའི་བརྩེ་ཞེན་བྲལ་ནས་རང་གི་བུ་ཕྲུག་སྙིང་འདྲ་བོ་གཏོ་འཕེན་འཕེན་དང་།   དགའ་རོགས་ལྷ་མོ་འདྲ་བོ་འདྲེ་བདའ་བདའ་བྱས་པའི་བྱས་རྗེས་མ་ཡིན་ནམ།   གལ་ཏེ་བྱིས་པ་དེ་དག་གི་ཕ་ཡབ་རྣམས་ཀྱིས་དགའ་མ་མ་དོར་བར་བརྩེ་བས་འགྲོགས་ཤིང་།   བུ་ཕྲུག་མ་བརྗེད་པར་དུང་བས་བསྐྱབས་ཡོད་པའི་དབང་དུ་བཏང་ན།   བུད་མེད་འདི་དག་ཀྱང་འདི་ལྟར་འུ་ཐུག་ཐབས་རྡུགས་ཀྱི་གཡང་ལ་ལྷུང་མི་སྲིད་པ་དང་།   བྱིས་པར་ཨ་ཕ་ཡོད་པ་དང་རང་དང་དགའ་རོགས་ཀྱི་ཞེ་འདང་ཟབ་པ་བཅས་ཀྱིས་སེམས་པ་སྐྱིད་པོ་དང་སྣང་བ་སྤྲོ་མོ་འབྱུང་ངེས། སེམས་ཁམས་དྭངས་མོ་དང་ཞེ་འདང་ཟབ་མོ་དེ་ལས་མ་འོངས་པའི་ཁྱིམ་ཚང་གི་རྨང་གཞིའང་བརྟན་ཅིང་བརླིང་བ་དང་།   དགའ་རོགས་ལ་བཟའ་འདང་དང་བུ་ཕྲུག་ལ་བུ་འདང་ཡང་ལྡན་པ་སྨོས་མེད་ཡིན་ལ།ཕྱིས་ཀྱི་འཚོ་བའི་ཁ་ཕྱོགས་ལ་སྤོབས་པ་དང་ཡིད་ཆེས་བཅས་འབྱུང་བ་ཡིན་པས།རང་གི་ཤ་ལས་ཆད་པའི་གཅེས་ཕྲུག་དེའང་ལྔ་ལམ་དུ་བརྫངས་ནས་བྱ་ཁྱིའི་གཟན་དུ་འདོར་མི་སྲིད་སྙམ། དེའི་སྟབས་ཀྱིས་མོ་རྐྱང་རྣམས་ལ་མངལ་སྦྲུམ་དུ་བཅུག་པའི་སྐྱེས་པ་ཚོའང་ཕ་རབ་ཀྱི་བུ་དང་རྟ་རབ་ཀྱི་རྟེའུ་ཞིག་ཡིན་ན།  དགའ་རོགས་ཀྱི་མངལ་དུ་མཆིས་པའི་རང་གི་བུ་ཕྲུག་ལ་ཕ་ཡི་འགན་ཞིག་འཁུར་རྒྱུ་ནི་ལག་ཟུང་ཐལ་མོ་སྦྱར་ནས་རེ་བ་ཞིག་ཞུའོ།།བཟའ་ཚང་འཐོར་སླ་བའི་རྒྱུ་མཚན་གཞན་ཞིག་ནི།  བོད་ཁུལ་ལས་ཀྱང་ཁྱད་པར་དུ་འབྲོག་ཁུལ་ལ་མཚོན་ན།   ཨ་མདོའི་འབྲོག་ཁུལ་ལ་མཚོན་ན།   བུ་མོ་ཞིག་གནས་ལ་སྟེར་དུས་གཉེན་རྟགས་ཀྱི་རྒྱུ་ནོར་དང་སྒོར་མོ་མང་པོ་མི་ལེན་པ་རེད།   ངའི་ཕ་ཡུལ་ལྟ་བུར་མཚོན་ན་གཉེན་རྟགས་ལ་སྒོར་སྟོང་ཕྲག་གཅིག་གཉིས་མ་གཏོགས་ལེན་གྱི་མི་འདུག དེས་ན་དོན་དུ་བུ་མོ་ཞིག་སླ་མོ་བདེ་མོ་བྱས་ནས་སྒོར་སྟོང་ཕྲག་གཅིག་གཉིས་ཤིག་གི་མ་རྩ་བྱས་ནས་གཞན་ལ་བྱིན་པ་རེད།  ད་དུང་ཆ་རྐྱེན་ཞན་པའི་གཉེན་ཚང་ཞིག་ཡིན་ན་གཅིག་གིས་གཅིག་གི་ཁ་ངོ་བལྟས་ནས་ཞེས་གཉེན་རྟགས་ཙམ་ལས་སྟོན་མོའང་མེད་པར་སྐྱེལ་བའང་ཧ་ཅང་མང་པོ་རེད།  དེས་ན་འདིའི་ལྡོག་ཕྱོགས་ན་གནོད་པ་ཅི་ཞིག་འབྱུང་གི་འདུག་ཅེ་ན།  སྐྱེས་པ་ཚོས་ཆུང་མ་ཞིག་ལེན་ན་སྒོར་སྟོང་ཕྲག་གཅིག་གཉིས་ཀྱི་འགྲོ་གྲོན་ལས་མེད་པས།  རྐྱལ་སྟོང་མགོ་སྟོང་ཚོས་ཁྲིམས་མཐུན་གྱི་ཆུང་མ་དོར་ནས་ཡང་བསྐྱར་བུད་མེད་ཅིག་ལེན་ནའང་སྒོར་སྟོང་ཕྲག་གཅིག་གཉིས་ཤིག་གི་ལས་ཀ་རེད།   སྒོར་སྟོང་གཅིག་གཉིས་ཞེས་པ་དེང་དུས་འཕྲུལ་རྟ་ཞིག་གི་རིན་ཐང་ཡང་མ་རེད།  དེང་དུས་དབུལ་སྐྱོར་བྱེད་བཞིན་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ན་ཡང་།  སྒོར་སྟོང་ཕྲག་གཅིག་གཉིས་མེད་མཁན་སུ་ཞིག་ཡོད་དམ།   གཅིག་ཀྱང་ཡོད་པ་མ་རེད།  སུལའང་སྒོར་མོ་དེ་འདྲ་ཡོད་པ་རེད།   དེས་ན་སུས་ཀྱང་ཆུང་མ་ཡང་འཐོར་བསྐྱར་འཐོར་བྱས་ནས་ཡང་ལེན་བསྐྱར་ལེན་བྱ་རྒྱུའང་ཧ་ཅང་སླ་མོ་རེད།  ཆུང་མ་ཡང་འཐོར་བསྐྱར་འཐོར་ལས་བྱིས་པ་མང་པོ་ཞིག་ལ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ལྟ་བུའི་གནས་ཚུལ་སྐྱོ་བོ་མང་དུ་འབྱུང་དང་འབྱུང་བཞིན་པ་མ་ཡིན་ནམ།  ཆུང་མ་ཡང་ལེན་བསྐྱར་ལེན་གྱི་གོ་རིམ་བརྒྱུད་ནས་བུ་ཕྲུག་མང་པོ་ཞིག་གི་ལུས་སེམས་བདེ་ཐང་ལ་ལྡོག་ཕྱོགས་ནས་གནོད་པ་ཅི་ཞིག་ཐེབས་ཀྱིན་ཡོད་པ་འདིར་མ་སྨྲས་ཀྱང་ཀུན་གྱི་སེམས་ལ་འཆར་ཐུབ་པ་མ་ཡིན་ནམ།   དེ་བས་ཨ་མདོའི་འབྲོག་ཁུལ་ནས་བུ་མོ་ཞིག་ལ་འཕྲུལ་རྟ་ཞིག་གི་རིན་གོང་ཡང་མེད་པར་གནས་ལ་སྐྱེལ་ཀྱིན་པ་འདིའང་འབྲོག་ཁུལ་ནས་བཟའ་འཐོར་འབྱུང་སླ་བའི་རྒྱུ་མཚན་ཆེན་པོ་ཞིག་རེད།  ཐེངས་ཤིག་ང་རང་སྤྱི་འདྲེན་རེས་འཁོར་ཆེ་བ་ཞིག་ཏུ་བསྡད་ནས་ཟི་ལིང་དུ་འགྲོ་བའི་ལམ་བར་ནས་རྐུབ་སྟེགས་ཁད་ཉེ་བའི་རྒྱ་རིགས་རྒད་པོ་ཞིག་དང་ཁ་བརྡ་བྱས་པ་ཡིན། ངེད་གཉིས་ཀྱི་ཁ་བརྡ་བུ་མོ་ཞིག་གནས་ལ་སྐྱེལ་དུས་བག་རིན་ལེན་མི་ལེན་ཐད་ནས་འབྲོག་ཁུལ་དང་རྒྱ་རིགས་གཉིས་བསྡུར་ནས་ལབ་གླེང་བྱས།   ཁོ་ཚོ་རྒྱ་རིགས་ཡིན་ན་བུ་མོའི་བག་རིན་ལ་ཆེས་ཉུང་ནའང་སྒོར་ཁྲི་བརྒྱད་དགུ་ཙམ་དང་།  འབྲིང་ཁྲི་བཅོ་ལྔ་བཅུ་དྲུག་བཅོ་བརྒྱད། མང་ན་ཁྲི་ཉི་ཤུའང་ལེན་པ་རེད་ཟེར།  ངས་ཁོ་ལ་ཁྱོད་ཚོས་བུ་མོ་དེ་ཕལ་ཆེར་རིན་གོང་བཅད་ནས་བཙོང་བ་རེད།  ང་ཚོ་འབྲོག་ཁུལ་ནས་གཉེན་རྟགས་སྒོར་སྟོང་གཅིག་གཉིས་ལས་མི་ལེན་པ་རེད།  བག་རིན་ལ་སྒོར་མོ་མང་པོ་བླངས་ན་དེ་གས་བུ་མོ་བཙོང་ཐལ་ཞེས་རུ་སྡེ་བས་སྙིང་འཕྱས་གཏོང་ཞིང་མི་ཁ་འཁོར་བ་རེད།  ཅེས་པ་ན།   རྒྱ་རིགས་རྒད་པོ་དེས་ང་ཚོས་དེ་ལྟར་བྱེད་པ་ལའང་རྒྱུ་མཚན་ཡོད་པ་རེད།  བུ་མོར་ཁྱོ་གས་གཅེས་ཤིང་བརྩེ་བའི་ཆེད་དུ་སྒོར་མོ་མང་པོ་ལེན་པ་ཡིན།  དེ་ལྟར་བག་རིན་ལ་སྒོར་ཁྲི་མང་ཙམ་བླངས་པ་ན་དཔལ་འབྱོར་འགྲོ་གྲོན་ཆེ་བས་མག་པ་དེས་ཆུང་མ་བརྗེས་ནས་ལེན་པར་དཀའ་ཁག་ཐེབས་སྲིད་པ་རེད། ཡང་བསྐྱར་ཆུང་མ་ལེན་མི་ཐུབ་པས་རྒྱུ་བྱིན་ཆུང་མ་ལ་མི་གཅེས་རང་གཅེས་ཡིན་པ་རེད།  དེ་ལྟར་མ་ཡིན་པར་སྒོར་མང་པོ་བག་རིན་ལ་མ་བླངས་པས་ཁྱོད་ཚོའི་འབྲོག་ཁུལ་ལ་ལྟོས་དང་བཟའ་འཐོར་མང་པ་ལ།  ང་ཚོ་རྒྱ་རིགས་ཀྱིས་ཆུང་མ་ཡང་བསྐྱར་ལེན་པ་དཀའ་བས་བཟའ་འཐོར་བྱུང་བའི་གནས་ཚུལ་ཉུང་བ་རེད་ཟེར།   ངས་དེར་ཉན་རྗེས་ཇི་མ་བདེན།  འདི་དངོས་གནས་བླ་མའི་གསུངས་མ་ཡིན་ནམ་སྙམ་བྱུང་།   དོན་དངོས་ཀྱང་རྒྱ་རིགས་རྒད་པོ་འདིས་བཤད་པ་ལྟར་རེད།  དོན་དངོས་རེད།  ལེགས་བཤད་རེད།  བདེན་པ་རེད།   དེ་བས་ཨ་མདོའི་རོང་ཁུལ་དཔའ་ལུང་དང་གཅན་ཚ་སོགས་ནས་བུ་མོའི་བག་རིན་ལ་སྒོར་ཁྲི་མང་པོ་ལེན་པ་དེར་གནས་ལུགས་ལྡན་ཞིང་།  ངའི་ཕ་ཡུལ་ཞིན་ཧེའི་འབྲོག་ཁུལ་སོགས་སུ་བུ་མོ་ལྷ་མོ་འདྲ་བ་དག་དག་སྒོར་སྟོང་ཕྲག་གཅིག་གཉིས་ལ་བརྗེ་བ་ནི་ཇི་འདྲའི་བླུན་རྟགས་ཤིག་རེད་ཨང་སྙམ་བྱུང་ལ།  འབྲོག་ཁུལ་གྱི་གཉེན་བཤད་དང་གཏམ་དཔེ་ལ་བལྟས་ན་སྔོན་དུས་བག་རིན་མང་པོ་བླངས་ཡོད་པ་ཤེས་ཐུབ་པར་འདུག་སྟེ།  ལ་གཞས་ལས།   ངས་རྒྱུ་བྱིན་ཆུང་མའི་རྩིབ་ནས།།མ་ཁྱོད་ཚོ་བརྒྱ་རེ་གླེང་ཡོད།།ཁྱོས་ཕྱི་སྡེ་ན་ཟླའི་གྲས་ནས།།ང་ཟེར་རེ་གླེང་གི་ཨེ་ཡོད།།ཅེས་པ་ལས་ཀྱང་ཆུང་མའི་རིན་ལ་རྒྱུ་ནོར་བྱིན་ནས་བླངས་པས་རྒྱུ་བྱིན་ཆུང་མ་ཞེས་བཏགས་པ་ཤེས་ཐུབ་པ་དང་།  ཡང་ཨ་མདོའི་གཉེན་བཤད་ལས་ཀྱང་།  ཡ།ད་ཨ་ཞང་ཚང་གིས་བཤད་ཀི་ར།།ཁོང་གི་བུ་མོ་འདི་ཕ་དགུང་སྔོན་འདྲ་བའི་བུ་མོ་ཡིན་ཟེར་གི།།ཕ་རྟ་གྱི་ལིང་གྱོ་རྒྱ་དགོས་ཟེར་གི།།

མ་རྨ་བྱ་འདྲ་བའི་བུ་མོ་ཡིན་ཟེར་གི།།མ་རྟ་གཡུ་འབྲུག་སྔོན་མོ་དགོས་ཟེར་གི།།ཞང་གེ་སར་འདྲ་བའི་ཚ་མོ་ཡིན་ཟེར་གི།།ཞང་རྟ་རྐྱང་བུ་ཁ་དཀར་དགོས་ཟེར་གི།།མྱིང་རྒྱ་སྟག་འདྲ་བའི་སྲིང་མོ་ཡིན་ཟེར་གི།།མྱིང་རྟ་གྲུ་གུ་ཁྲ་རིལ་དགོས་ཟེར་གི།།དཀར་མོ་ལུག་ལ་ཀུ་ཆོད་བྱེད་དགོས་ཟེར་གི།།ལུག་ཁྱུར་དགོ་ཞིག་བརྒྱབ་ནས་དགོས་ཟེར་གི།།དགོ་མིག་རིལ་གཡུང་ལ་ཕབས་ནས་དགོས་ཟེར་གི།།གནག་མོ་ནོར་ལ་རྡོ་ཆོད་བྱེད་དགོས་ཟེར་གི།།ནོར་ཁྱུར་འབྲོང་ཞིག་བརྒྱབ་ནས་དགོས་ཟེར་གི།།འབྲོང་བྲེ་ལོར་ནུ་ལག་ཕབས་ནས་དགོས་ཟེར་གི།།ཀུ་རུ་རྟ་བང་ཆོད་བྱེད་དགོས་ཟེར་གི།།རྟ་ཁྱུར་རྐྱང་ཞིག་བརྒྱབ་ནས་དགོས་ཟེར་གི།།རྐྱང་ཁ་དཀར་ཁ་ལོ་བཏུལ་ནས་དགོས་ཟེར་གི།།ལམ་ཆེན་རྡུལ་གྱིས་བཀང་བྱེད་དགོས་ཟེར་གི།།ཐང་ཆེན་ཁ་ཤ་བཤིག་བྱེད་དགོས་ཟེར་གི།།ཞེས་པ་དང་།ཡང་དེའི་འཕྲོར།ཡ།ད་གཉེན་ཚང་སང་གིས་བཤད་ཀི་ར།།ཁོང་གེ་དཀར་པོ་ཆོས་ལ་དད་པ་ཆེ་ཟེར་གི།།སྨུག་པོ་གཉེན་ལ་དུང་ཞེན་ཆེ་ཟེར་གི།།ལུག་ས་སྤང་རི་སྔོན་མོ་ན།།ལུག་སྟོང་ལུག་ཅིག་དང་ལྔ་བརྒྱ་ཡོད་ཟེར་གི།།དེ་གཉེན་གྱིས་མི་འཛིན་ཞང་ལ་སྟེར་ཟེར་གི།།ཞང་ལེན་ཤེས་ཤིག་དང་སྐྱུར་ཤེས་བྱོས་ཟེར་གི།།ནོར་ས་རྫ་རི་སྨུག་པོ་ན།།ནོར་སྟོང་ནོར་ཞིག་དང་ལྔ་བརྒྱ་ཡོད་ཟེར་གི།།དེ་གཉེན་གྱིས་མི་འཛིན་ཞང་ལ་སྟེར་ཟེར་གི།།ཞང་ལེན་ཤེས་ཤིག་དང་སྐྱུར་ཤེས་བྱོས་ཟེར་གི།།རྟ་ས་འཇག་རི་སུམ་མདོ་ན།།རྟ་སྟོང་རྟ་ཞིག་དང་ལྔ་བརྒྱ་ཡོད་ཟེར་གི།།དེ་གཉེན་གྱིས་མི་འཛིན་ཞང་ལ་སྟེར་ཟེར་གི།།ཞང་ལེན་ཤེས་ཤིག་དང་སྐྱུར་ཤེས་བྱོས་ཟེར་གི།།ཕ་རྟ་གྱི་ལིང་གྱོ་རྒྱ་ཡིན་ཟེར་གི།།སྨན་བུ་མོ་གཉོར་བའི་ཆེ་བཀུར་ཡིན་ཟེར་གི།།མ་རྟ་གཡུ་འབྲུག་སྔོན་མོ་ཡིན་ཟེར་གི།།ཆུང་ནུ་མ་བླུད་པའི་གཅེས་སྐལ་ཡིན་ཟེར་གི།།ཞང་རྟ་རྐྱང་བུ་ཁ་དཀར་ཡིན་ཟེར་གི།།ཞང་གཉན་པོ་བཀུར་བའི་གཅེས་སྐལ་ཡིན་ཟེར་གི།།མྱིང་རྟ་གྲུ་གུ་ཁྲ་རིལ་ཡིན་ཟེར་གི།།མྱིང་གཙོ་བོ་ཡིན་པའི་ཆེ་སྐལ་ཡིན་ཟེར་གི།།འདི་ཐང་ཆེན་རྡུལ་གྱིས་བཀང་བྱེད་བྱོས་ཟེར་གི།།ལམ་ཆེན་ཁ་ཤ་བཤིག་བྱེད་བྱོས་ཟེར་གི།།ཞེས་པ་སོགས།  གནའ་ནས་ད་ལྟའི་བར་དུ་ཕ་ཡུལ་འབྲོག་ཁུལ་དུ་བཤད་དང་གྱེར་བཞིན་པ་ལས་སྔོན་དུས་བུ་མོའི་བག་རིན་མང་པོ་བླངས་པ་རྟོགས་ཐུབ་བོ།། ཨ་མདོའི་འབྲོག་ཁུལ་གཙོ་བྱས་པའི་བུ་མོ་གནས་ལ་སྟེར་དུས་བག་རིན་གཉེན་རྟགས་སྒོར་ཉུང་ཉུང་ལེན་པའི་བོད་ཀྱི་ས་ཆ་དག་ནས་ཀྱང་། རང་གི་བུ་མོ་གནས་ཡུལ་ནས་སྐྱིད་ཅིང་བདེ་བ་དང་།   མག་པས་གཅེས་པ། གཉེན་འཐོར་མི་འབྱུང་བ། གཉེན་འཐོར་བྱུང་ནས་བྱིས་པ་དག་ཕ་མེད་པའམ་ཡང་ན་མ་མེད་དུ་མི་འགྲོ་བ་དང་།   བུ་མོ་གཉེན་འཐོར་བྱུང་བ་དེས་ཚ་བོ་ཚ་མོ་དག་གི་ལུས་སེམས་བདེ་ཐང་ལ་མི་འདོད་པའི་ཆག་སྒོ་མི་འབྱུང་བ་བཅས་ཀྱི་ཆེད་དུ་ད་ནས་བཟུང་ཉུང་མཐའ་ཡང་།  སྒོར་ཁྲི་བདུན་བརྒྱད་ལས་ལྷག་པའི་གཉེན་རྟགས་ལེན་རྒྱུ་གལ་ཆེ་བར་འདུག་པས།   བྱ་བ་གལ་ཆེན་འདི་ཀུན་གྱིས་རྡོ་ལ་བྲིས་པའི་རི་མོ་བཞིན་སེམས་ལ་དམ་པོར་བཅངས་ནས།   ཁ་བཤད་ཆུ་ཡི་ལྦུ་བའི་དཔེ་རུ་མི་འགྲོ་བར་ལག་ལེན་སེར་གྱི་ཐིགས་པར་སྨིན་རྒྱུ་ལ་རྨ་བྱས་འབྲུག་སྒྲར་ཉན་པ་བཞིན་སྙིང་ནས་རེའོ།།    

གཞན་ཡང་གཅེས་ཕྲུག་ཆུང་ཆུང་དག་སྐྱེས་མ་ཐག་ནས།  རྒྱུད་ལས། བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན།།ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག།   ཅེས་པ་སོགས་ཀྱི་ཁ་གཡང་བཀྲ་ཤིས་བརྗོད་ཅིང་། ལྕེ་ཡི་ཐོག་ཏུ་གུར་ཀུམ་ཧྲྰིཿཡིག་འབྲི་བ། གླ་རྩིའི་ཆུ་བླུད་སྦྲང་མར་སྦྱར་བ་སྟེར་བ།སྲོག་སྐྱོབ་བུ་མ་ཤི་བའི་ནུ་མ་ལྡུད་པ།ཨ་མ་ཡིན་ཡང་ཨེ་ཙི་དང་རེག་དུག་དང་གློ་གཅོང་མཆིན་ཚད་སོགས་ཡོད་ན་བྱིས་པར་འོ་མ་མི་སྣུན་པ།  སྐབས་སུ་རུ་རྟ་མར་སྦྱར་ལྟེ་བར་བསྐུ་བ། ལྷ་གསོ་སྲུང་བའི་ཆོ་ག་བྱ་བ། གཙང་མའི་གོས་ལ་ཤུ་དག་གུ་གུལ་དང་ཡུངས་ཀར་དུ་བས་བདུག་ཅིང་བུ་ལ་བསྐོན་པ།  བློ་འཕེལ་དྲན་གསལ་ངག་ཚིགས་སྙན་པའི་སྨན་ཟས་བསྟེན་པ།  མེ་དང་བྱ་གཅན་འགོ་ནད་འཇིགས་སྐྲག་བསྲུང་བ་སོགས་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་གཙོ་བོར་འཛིན་པ་དང་།  དེང་དུས་ཀྱི་མཆིན་ཚད་ཀ་བ་དང་། ཁ་བ། ང་བ།  གློ་གཅོང་སོགས་ཀྱིས་མཚོན་པའི་ནད་འགོག་གི་འགོག་ཁབ་དག་ཀྱང་དུས་ལྟར་གཡོལ་བ་མེད་པར་རྒྱག་པ་སོགས་ཧ་ཅང་གལ་ཆེའོ།། 

མཇུག་བསྡུ་བ།

      ཕ་མ་བཟའ་འཐོར་བྱུང་བའི་བྱིས་པ་ཕ་མེད་དམ་མ་མེད་པ་རྣམས་དང་།  ཕ་མ་མེད་པའི་བྱིས་པ་དྭ་ཕྲུག   སློབ་གྲྭ་ཆེ་འབྲིང་གི་བུ་མོ་ན་ཆུང་དག་དང་སྤྱི་ཚོགས་སྟེང་གི་ཕོ་རྐྱང་མོ་རྐྱང་རྣམས་ཀྱི་བརྩེ་དུང་གི་མདུད་པ་ལྷོད་ནས་བྱིས་པ་དམར་འབྱར་མི་མེད་ས་སྟོང་ལུང་སྟོང་དང་གད་སྙིགས་ཁྲོད་དང་སྤྱོད་ཁང་བཅས་སུ་གཡུགས་པའི་ཡ་ང་བའི་གནས་བབ་སྐྱོ་པོ་འདིའི་ཚབས་ཇེ་ཆེ་དང་བབ་ཇེ་སྡུག་ཏུ་སོང་དང་འགྲོ་བཞིན་པ་འདིས། ལས་རྒྱུ་འབྲས་བརྩི་ཞིང་བྱམས་སྙིང་རྗེ་ལྡན་ཞེས་པའི་བོད་ཁ་བ་ཅན་གྱི་རིགས་རྒྱུད་ཉམ་ཐག་བྱིས་པ་མི་ཉུང་བ་ཞིག་གི་ལུས་སེམས་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པ་མ་ཟད། ཐ་ན་བྱིས་པ་དམར་འབྱར་དག་གི་ཚེ་སྲོག་ཀྱང་ཤོར་བ་དང་དང་འཆོར་བཞིན་པ་འདི་སེམས་ཀྱིས་མ་བཟོད་པར་རྩོམ་ཡིག་འདི་སྦལ་པ་ན་ཁུང་ནང་ན་ཡོད་ཀྱང་བསམ་པ་གླིང་དཀར་སྟོད་ན་ཡོད་པའི་དཔེ་ལྟར་འབྲི་ཁུལ་བྱས་པ་ཡིན།   རྩོམ་ཡིག་འདི་འབྲི་བའི་དམིགས་ཡུལ་ནི་ཕ་མ་མེད་པའི་དྭ་ཕྲུག་དང་ཕ་མ་བཟའ་འཐོར་བྱུང་བའི་བྱིས་པ་ཉམ་ཆུང་རྣམས་མི་འདོད་པའི་ཉམས་ཆག་མང་པོས་མ་གཙེས་པར་མེ་ཏོག་བཞིན་འཚར་ལོངས་འབྱུང་བའི་བརྒྱུད་རིམ་དུ་དུས་བདེ་གནས་འཇམ་དང་། ལུས་སེམས་ལ་བདེ་ཐང་ལེགས་པོ་བྱུང་ན་ཅི་མ་རུང་སྙམ་པའི་རེ་བ་དང་སྨོན་འདུན་ཉག་གཅིག་ཡིན་ལ། ད་དུང་ཨ་མའི་མངལ་དུ་སྦྲུམ་པ་ནས་སྐྱེ་ལ་ཉེ་བའམ་ཡང་ན་སྐྱེས་ཟིན་པའི་བྱིས་པ་དམར་འབྱར་དག་གད་སྙིགས་སོགས་སུ་མི་གཡུགས་པར་ཉམ་ཐག་དེ་དག་གི་ཚེ་སྲོག་ལ་སྲུང་སྐྱོབས་ཡང་དག་ཅིག་དང་ཁག་ཐེག་བརྟན་བརླིང་ཞིག་ཐོབ་ན་དགའ་བ་ལ་ཨང་སྙམ་པའི་ཀུན་སློང་རྣལ་མ་ཞིག་ལས་མ་འདས་པས།   རྩོམ་ཡིག་འདི་བརྒྱུད་ནས་བྱིས་པ་ཉམ་ཐག་གང་མང་ཞིག་གི་ལུས་སེམས་བདེ་ཐང་ལ་ཕན་པ་ཅུང་ཙམ་ཐོབ་ནའང་།   ཕྲན་ཆུང་ཁོ་བོ་སྨན་པ་ཞིག་ཡིན་པ་དང་ཁྱད་པར་དུ་དཔལ་ལྡན་རྒྱུད་ལ་སྦྱངས་པའི་རྗེ་གཡུ་ཐོག་པའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་བསྒྲུབ་འོས་ལ་ངེས་པར་དུ་སྒྲུབ་དགོས་པའི་འོས་འགན་འབའ་ཞིག་ཏུའང་སེམས་ཀྱིན་ཡོད།   དེ་ཡང་ལོས་ཡིན་ཏེ།    སྨན་པ་ཞེས་པ་ནི་འགྲོ་བ་མིའི་ཚེ་སྲོག་སྐྱོབས་མཁན་ཞིག་ཡིན་དགོས་པའི་ཆ་ནས་ཉམ་ཐག་བྱིས་པ་རྣམས་ཀྱི་ལུས་སེམས་བདེ་ཐང་དང་ཚེ་སྲོག་སྲུང་སྐྱོབས་ཀྱི་ཐད་ནས་འབོལ་སྐུལ་ཙམ་ཡང་མ་བཏང་ན་ག་ལ་འགྲིག   དཔལ་ལྡན་རྒྱུད་ལས་ཀྱང་།   བྱ་བ་བྱེད་པ་སྨན་པའི་གནས་བསྟན་དུས།   ཇི་སྐད་དུ།   བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ།། ཞེས་པ་དང་། སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་།། ཞེས་པ།   ཡང་། གཡེལ་མེད་གཞན་གྱི་དོན་ལ་རང་དོན་སེམས།། ཞེས་གསལ་བོར་གསུངས་ཡོད་མ་ཡིན་ནམ། བསམ་བློ་འདི་ལྟར་བཏང་ནས་བྲིས་པ་ཡིན། རྩོམ་ཡིག་འདི་ཕྲན་གྱིས་ཉམ་ཆུང་བྱིས་པའི་ལུས་སེམས་བདེ་ཐང་དཀྱུས་སུ་བཟུང་ནས། ཉམ་ཐག་བྱིས་པའི་ལུས་སེམས་ལ་བདེ་ཐང་མི་འབྱུང་བའི་གཞི་རྩའི་ཆུ་འགོ་ལྟ་བུར་གྱུར་བ་སྟེ།   བྱིས་པའི་ཕ་མ་བཟའ་འཐོར་འབྱུང་མང་པ་དང་དེ་ལྟར་མང་བའི་རྒྱུ་མཚན་དང་།  དེ་ལས་རང་གི་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་གནོད་པ་ཐེབས་འགྲོ་ཚུལ།  བཟའ་འཐོར་གྱི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་སྟེང་གི་ཕོ་རྐྱང་མོ་རྐྱང་རྣམས་ཀྱི་ཁྲེལ་ཐག་ཆད་པ་དང་དེ་ལས་རང་གི་རིགས་རྒྱུད་ཀྱི་ཚེ་སྲོག་བདེ་ཐང་ལ་ཁག་ཐེག་བྲལ་ཚུལ། སློབ་གྲྭ་ཆེ་འབྲིང་གི་བསམ་བློ་ནར་མ་སོན་པའི་བུ་མོ་རྣམས་ཀྱི་དགའ་རོགས་ཀྱི་བརྩེ་དུང་འཇིག་པ་དང་དེ་ལས་གཅེས་ཕྲུག་གི་ཚེ་སྲོག་བདེ་ཐང་ལ་ཕོག་པའི་ཆག་སྒོ།   ཐ་ན་བཙུན་མ་ཇོ་མོ་མི་ཉུང་བ་ཞིག་ལ་བརྩེ་དུང་གིས་ཕམ་ཁ་བྱིན་པའམ་གཞན་གྱིས་བཙན་གཡེམ་བྱས་པ་སོགས་ལས་རང་གི་ཤ་ལས་ཆད་པའི་ཕྲུ་གུའི་ཚེ་སྲོག་བདེ་ཐང་ལ་འཁེལ་བའི་ཉམས་ཆག་བཅས་རང་གི་སེམས་ལ་དྲན་ཚུལ་ཅིག་ལྷུག་པོར་བརྗོད་ཡོད།ཡིན་ན་ཡང་།  ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར་དུ།  འདི་ཡིས་མི་མང་པོ་ཞིག་ལ་ཕོག་ཐུག་གཏོང་སྲིད་པ་དང་དེ་དག་གིས་དེ་ལན་གྱི་སྡིག་དམོད་དང་མྱི་ཁ་ཡང་གང་མང་གཏོང་ངེས་མོད།  ཡིན་ན་ཡང་། བདག་གིས་ནི་ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།  ཅེས་པའི་དཔེ་བཞིན་རང་རིགས་ཀྱི་རྒྱུད་ལས་ཆད་པའི་གཅེས་ཕྲུག་གང་མང་ཞིག་གི་ལུས་སེམས་བདེ་ཐང་དང་ཚེ་སྲོག་བདེ་ཐང་ལ་ཕན་རེ་ཐོགས་ན་སྙམ་པའི་ཀུན་སློང་ལས་མ་འདས་པས་དེ་དག་ལ་དགོངས་འགལ་མེད་པར་ཞུ་བ་དང་ཆབས་ཅིག མ་འོངས་པར་བོད་ཆོས་ལྡན་གྱི་ཡུལ་གྲུ་འདི་རུ་བཟའ་ཚང་ལ་འགྲིག་མཐུན་འབྱུང་བ་དང་། མི་རྐྱང་ཕོ་མོར་ཁྲེལ་གཞུང་ལྡན་པ།  ཕ་མ་ལ་བུ་འདང་ཆེ་བ།  ལས་རྒྱུ་འབྲས་བརྩི་ཞིང་བྱམས་སྙིང་རྗེ་སྒོམ་པ་བཅས་ཀྱིས་ཡང་བསྐྱར་བུ་ཕྲུག་གི་ཚེ་སྲོག་དང་ལུས་སེམས་བདེ་ཐང་ཐད་ལ་ཡ་ང་བའི་སྐྱོ་གར་མི་འཁྲབ་པར་སྙིང་ནས་རེའོ།།

སྤྱི་ལོ2018ལོའི་ཟླ1པོའི་ཚེས29ལ།

རྩོམ་ཡིག་མཁོ་སྤྲོད་པ།   དབྱངས་ཅན་བཞད་འཛུམ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5935168
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号