སྐབས་གཉིས་པའི་(རེ་བའི་གསེར་གྱི་གཟེངས་རྟགས་)ཀྱི་གསར་འགྱུར་རྒྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »སྐབས་གཉིས་པའི་(རེ་བའི་གསེར་གྱི་གཟེངས་རྟགས་)ཀྱི་གསར་འགྱུར་རྒྱ
སྐབས་གཉིས་པའི་(རེ་བའི་གསེར་གྱི་གཟེངས་རྟགས་)ཀྱི་གསར་འགྱུར་རྒྱས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-02-13ལྟ་ཀློག (4001)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་གསར་འགྱུར་རྒྱས་པ།

གསར་འགོད་པ། གླིང་རུ་བ།

   སྤྱི་ལོ་༢༠༡༨ ལོའི་ཟླ་༢ པའི་ཚེས་༡༢ ཉིན་གྱི་དགོང་མོར་གནའ་མཁའ་ཟི་ལིང་དུ་རེ་བའི་གསེར་གྱི་གཟེངས་རྟགས་སྐབས་གཉིས་པ་འབུལ་བའི་དགའ་སྟོན་ཆེན་མོ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་དགའ་སྟོན་ཆེན་མོ་འདི་ནི་མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བདག་སྐྱོང་འོག་ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་དང་། ཡུལ་ཤུལ་རེ་བའི་བུ་ཁྱིམ་ཁང་གཉིས་མཉམ་འབྲེལ་གྱིས་ལོ་ཕྱེད་ལ་ཉེ་བའི་ནང་ཆེད་མཁས་པ་མང་པོ་གདན་འདྲེན་གྱིས་དཔྱད་སྡུར་བགྲོ་གླེང་འཚོགས་ཤིང་སྲོལ་ཡིག་གཏན་འབེབས་མཛད་རྗེས་སྔ་ཕྱིར་འོས་སྦྱོར་བསྡུ་བ་དང་། དཔྱད་འདེམས་དགེ་རྒན་གྱིས་འདེམས་ཤོག་འཕེན་པ་སོགས་ཀྱི་གོ་རིམ་ཚད་ལྡན་བརྒྱུད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསདང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམསགཞིར་བཟུང་ཐོག་ལོ་གཉིས་ཀྱི་སློབ་སྦྱོང་དང་ཉམས་མྱོང་། ཚོད་བགམ་དང་གྲ་སྒྲིག་ལས་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་དགའ་སྟོན་ཆེན་མོ་དོན་སྙིང་དང་གཟི་བརྗིད་ལྡན་པའི་ངང་དབུ་བརྙེས།

 

དགའ་སྟོན་ཆེན་མོ་གླུ་གར་བྲོ་ཡིས་བསུ།

      ཐེངས་འདིའི་གཟེངས་རྟགས་འབུལ་བའི་ཡུལ་དངོས་སུ་ཞིང་ཆེན་དང་ཁུལ་རིམ་པའི་སྲིད་གཞུང་མི་སྣ་དང་། དགེ་རྒན་ཆེན་མོ། བླ་སྤྲུལ་མཁན་གསུམ། གླུ་པ་གླུ་མ་སོགས་སེར་སྐྱ་རིས་སུ་མ་ཆད་པ་ཆིག་སྟོང་ལ་ཉེ་བ་ཕེབས་བཅར་མཛད་ཅིང་། ཐོག་མར་མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་དྲུང་ཡིག་གཅོད་པ་དོན་གྲུབ་ཀྱིས་ཤིས་ཚིག་དང་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་ངོ་སྤྲོད་སྒྲོག་འདོན་དང་། ཁམས་པའི་ཕོ་སར་ཉ་མཚོ་འཇམ་དབྱངས་དཔལ་བཟང་དང་། བླ་མ་བློ་བཟང་གཉིས་ལ་བསྟོད་བསྔགས་ཕུལ་ཅིང་བཀའ་དྲིན་ཞུས་པར་མ་ཟད། མ་འོངས་པའི་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་ལམ་བུར་བླང་བྱ་ཡིད་འཁུལ་བ་བཏོན།

 

རེ་བའི་གཟེངས་རྟགས་ཐོག་མར་སྤེལ་བ་པོ། །བླ་མ་བློ་བཟང་གཏམ་བཤད་སྟེགས་བུར་བརྗིད། །

ཁམས་པའི་ཕོ་སར་ལྷག་བསམ་མཚོ་ལས་ཟབ། ། རེ་བ་རྟགས་མའི་རིན་ཐང་གནམ་ལས་མཐོ། །

   རིམ་བཞིན་རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་སྲོལ་འབྱེད་པ་བླ་མ་བློ་བཟང་དང་། ཉ་མཚོ་འཇམ་དབྱངས་དཔལ་བཟང་ཟུང་གིས་རེ་བའི་གསེར་གྱི་གཟེངས་རྟགས་བསྒྲུབ་པའི་ཐོག་མའི་དམིགས་ཡུལ་དང་། བར་གྱི་བརྒྱུད་རིམ། མ་འོངས་པའི་རེ་བ་བཅས་སྙན་ཞུ་ཕུལ་བར་མ་ཟད། ཉ་མཚོ་འཇམ་དབྱངས་དཔལ་བཟང་གིས། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། རེ་བའི་གཟེངས་རྟགས་ལ་བདག་པོ་མེད་ཅེས་པ་སོགས་ཀྱི་འབོད་ཚིག་མཐོན་པོར་སྒྲོག་བཞིན་འབྱུང་འགྱུར་བོད་ཀྱི་ཁྱད་འཕགས་སྐྱེས་བུ་ཡོད་དོ་ཅོག་ལ་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་ཆོད་སེམས་ཡོད་པའི་རྣམ་འགྱུར་བསྟན་པ་དང་། ཐེངས་འདིའི་རིག་རྩལ་འཁྲབ་སྟོན་དབུ་བཟུང་ཞིང་འབྲས་དཀར་དང་ཁམས་པའི་ཞབས་བྲོ། དམངས་གླུ་ཕུལ་བྱུང་པ་ཐེ་བོ་རྡོ་རྗེ་བཀྲ་ཤིས་དང་། རྡུང་ལེན་པ་རྨ་ཆུ་ཆོས་འཛོམས། གྲྭ་བཙུན་ངག་རིག་སྒྱུ་རྩལ་པ་བོད་ལྕེ། རེ་བའི་བུ་ཁྱིམ་ཁང་གི་ཉི་འོད་རོལ་ཚོགས་སོགས་ཀྱི་གླུ་དང་གར་གྱི་མཆོད་པའི་ཁྲོད་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་དགའ་སྟོན་ཆེན་མོ་མཛེས་སྡུག་གིས་བཞད་པར་གདའ་འོ། །

  མཚམས་འདི་ནས་རེ་བའི་གསེར་གྱི་གཟེངས་རྟགས་སྐབས་གཉིས་པ་དངོས་སུ་འབུལ་བའི་དབུ་བརྩམས། ཐོག་མར་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་དང་། སྐབས་དང་པོའི་རེ་བའི་རིག་གནས་གཟེངས་རྟགས་འབུལ་ཡུལ་གྱི་མཚན་བྱང་སྒྲོག་འདོན་ཞུས། ཐེངས་འདིའི་རེ་བའི་རིག་གནས་གསེར་གྱི་གཟེངས་རྟགས་དེ་བོད་ཀྱི་ཤེས་རིག་དར་སྤེལ་དང་། རིག་གཞུང་གསར་རྩོམ། སློབ་མ་གསོ་སྐྱོང་བཅས་ལ་མཛད་རྗེས་འབུར་དུ་ཐོན་པ་བོད་ཀྱི་རྒན་རབས་མཁས་དབང་ཨ་ལགས་དོར་ཞིར་རིན་པོ་ཆེར་ཐོབ་ཡོད་ལ། གཟེངས་རྟགས་འབུལ་སའི་ཡུལ་དངོས་སུ་ཁོང་གི་སྲས་དབང་ཕྱུག་ཚེ་བརྟན་དང་། སློབ་བུ་ཀུན་དགའ་གཉིས་དངོས་སུ་ཕེབས་ཡོད་ཅིང་། སློབ་བུ་ཀུན་དགས་ཨ་ལགས་རིན་པོ་ཆེའི་ཚབ་ཏུ་གསུང་བཤད་དང་། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་མཆོག་གིས་ཡང་བསྐྱར་མཛངས་པ་མཆོད་ཅིང་། དཔའ་བོ་བཀུར་བའི་བོད་ཁ་བ་ཅན་གྱི་གོམས་གཤིས་ལ་བསྟོད་པ་དང་། རེ་བའི་གསེར་གྱི་གཟེངས་རྟགས་ཀྱི་རིན་ཐང་། ཨ་ལགས་དོར་ཞིའི་རིན་པོ་ཆེའི་ཆེ་བའི་ཡོན་ཏན་སྐོར་ནས་གསུང་བཤད་རིན་ཐང་བྲལ་བ་གནང་བར་མ་ཟད། ཨ་ལགས་མཆོག་གིས་ཐག་རིང་ནས་བསྐུར་བའི་གསུང་བཤད་བརྙན་ཟློས་ལ་སྐུ་མགྲོན་ཡོངས་ཀྱིས་གཟིགས་མོ་ཞུས།

མི་ཚེ་རིག་པའི་གཞུང་ལ་བསྟིམས་པ་ཡི། །ཨ་ལགས་དོར་ཞི་བོད་ཀྱི་ནོར་བུ་ཡིན། །

མཛངས་པ་གསེར་དངུལ་གཡུ་ཡིས་བསྟོད་པ་འདི། །ཕ་དང་མེས་པོའི་རིང་གི་ལུགས་སྲོལ་ཡིན། །

དཔའ་བོ་གདོང་དམར་ཚང་གི་རིགས་རྒྱུད་ལ། ། གཏོང་ཕོད་ཤེས་རྒྱ་ཆེ་བ་བློ་བརྩོན་འགྲུས། །

ཁྱེད་ལ་ཐོབ་པའི་གསེར་གྱི་གཟེངས་རྟགས་འདི། ། གསེར་སྲང་སྟོང་ཕྲག་བརྒྱ་ལས་ལྷག་པར་འགོངས། །

 མཚོ་སྔོན་ཙོང་ཁ་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལྷ་རམས་པ་བློ་བཟང་ཡར་རྒྱས་མཆོག་གིས་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་དང་། སྐབས་དང་པོའི་རེ་བའི་དགེ་ལས་གཟེངས་རྟགས་འབུལ་ཡུལ་གྱི་མི་སྣའི་མཚན་བྱང་སྒྲོག་འདོན་ཞུས། ཐེངས་འདིའི་རེ་བའི་དགེ་ལས་གཟེངས་རྟགས་དེ་མཐའ་ཡས་པའི་བོད་ཀྱི་རྩྭ་ཐང་དང་། ཅང་ཤེས་རྟ་ཕོའི་གོང་ཁ་ནས་ལང་ཚོའི་གཉོམ་ལག་རྒྱས་ཤིང་། ཉིན་གཅིག་ལ་སློབ་གྲྭ་འགྲིམས་མ་མྱོང་ཡང་གཏོང་ཕོད་དང་ལྷག་བསམ་ཆེས་ཆེར་ལྡན་པ་དམངས་ཁྲོད་ཚོང་དཔོན་བློ་བཟང་བརྩོན་འགྲུས་ལགས་ལ་ཐོབ། བརྙན་ཡོལ་བརྒྱུད་ཁོང་གིས་ད་ལྟའི་བར་བསྒྲུབས་པའི་དགེ་ལས་གཏམ་རྒྱུད་ཀྱི་བརྙན་ཟློས་བསྟན་རྗེས། ཁོང་གིས་གཟེངས་རྟགས་ཕྱག་ཏུ་བཞེས་ཏེ་རྨི་ལམ་ནང་ནས་ཀྱང་རྨིས་མ་མྱོང་བའི་དགའ་རྟགས་འདི་འདྲ་རིན་ཐང་ལྡན་པ་ཞིག་རེ་བ་ཁག་གཉིས་དང་། གདན་ཞུས་དཔྱད་འདེམས་དགེ་རྒན་རྣམས་ཀྱིས་གནང་བར་ཐུགས་རྗེ་ལེགས་འབུལ་དང་། དབུལ་ཕོངས་ཀྱི་མནར་གཅོད་སུ་ལ་ཡང་མི་ཐེབས་ཤིང་། འབྱུང་འགྱུར་བོད་རིགས་ཁེ་ལས་པ་དག་གིས་རེ་བའི་དགེ་ལས་གསེར་གྱི་གཟེངས་རྟགས་བཞེས་ཐུབ་པའི་སྨོན་འདུན་ཞུས་པར་མ་ཟད། ལྷ་རམས་པ་བློ་བཟང་ཡར་རྒྱས་ཀྱིས་དམངས་ཁྲོད་ཚོང་དཔོན་ཁོང་ལ་རྟེན་འབྲེལ་ཞུ་བ་དང་སྦྲགས་དགེ་ལས་ཀྱི་སྐོར་ནས་གསུང་བཤད་མདོར་བསྡུས་གནང་།

   ཐེངས་འདིའི་གཟེངས་བཟོའི་ཕྱག་རྟགས་སུ་བྱ་དགའ་བཞེས་མཁན་གྱི་སྣ་སོ་སོའི་དབུ་བརྙན་དང་མཚན་བྱང་བརྐོས་པའི་གསེར་གྱི་གཟེངས་རྟགས་རེ་དང་། བྱ་དགའི་དཔང་ཡིག་རེ། དམངས་སྒོར་འབུམ་རེ་བཅས་ཕུལ་ཡོད།

རིག་གནས་གསེར་གྱི་གཟེངས་རྟགས་རིན་ཐང་ཆེ། ། མཁས་པའི་ཁྲོད་ན་དོར་ཞི་མངོན་པར་མཛེས། །

    མཐར་མིང་དུ་གྲགས་པའི་བོད་ཀྱི་གླུ་པ་གངས་ཅན་པ་སྒྲོལ་མ་སྐྱབས་དང་། གནམ་མཚོ། བདེ་སྐྱིད་ཚེ་རིང་དང་ཁོའི་སློབ་བུ་བསོད་བློ། ཚེ་རིང་དབང་འདུས། ནམ་མཁའ་མཚོ། དཔལ་ཆེན་དབང་རྒྱལ། གླུ་མ་ཆུང་ཆུང་ཡེ་ཤེས་ཆོས་མཚོ། ཚེ་རིང་ནོར་བུ། ཤེར་བསྟན་སོགས་གླུ་པ་རྣམས་དང་། སྒ་སྟོད་དམངས་ཁྲོད་གླུ་གར་ཚོགས་པ་དང་། རེ་བ་ཁག་གཉིས་ཀྱི་རེ་བ་དང་ཡིད་ཆེས་ཀྱི་བརྟས་པའི་གླུ་པ་དང་བྲོ་པ་རྣམས་ཀྱིས་རྐང་པའི་སྟངས་སྟབས་དང་། ངག་གི་འགྱུར་ཁུགས། ཐོད་བརྒལ་སྒྱུ་རྩལ་གྱི་གཟི་འོད་ལམ་ལམ་ཁྲོད་ཐེངས་འདིའི་དགའ་སྟོན་མཇུག་བསྡུས་ཤིང་། འདི་ནི་བོད་གངས་ཅན་གྱི་མི་རབས་གསར་པས་བསྐྲུན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་རིན་ཐང་བྲལ་བ་ཞིག་ཏུ་གཟུར་གནས་དཔྱོད་ལྡན་ཁྲི་འབུམ་གྱིས་ངོས་འཛིན་གནང་བཞིན་ཡོད་དོ། །

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ།  གླིང་བུའི་སྙེ་མ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528256
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།