བོད་དབྱིན་ཚིག་མཛོད་རྩོམ་པ་བོ་ཆོའོ་མཱའི་བོད་རིག་པར་ཞིབ་འཇུག་བྱས་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་ཆོས་དང་ཚན་རིག »བོད་དབྱིན་ཚིག་མཛོད་རྩོམ་པ་བོ་ཆོའོ་མཱའི་བོད་རིག་པར་ཞིབ་འཇུག་བ
བོད་དབྱིན་ཚིག་མཛོད་རྩོམ་པ་བོ་ཆོའོ་མཱའི་བོད་རིག་པར་ཞིབ་འཇུག་བྱས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-02-13ལྟ་ཀློག (1929)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོའོ་མཱ —— བོད་རིག་པའི་སྲོལ་འབྱེད་མེས་པོ།

 

     དུས་རབས་བཅུ་གསུམ་པར་ནུབ་གླིང་པ་ཉུང་ཤས་རེར"བོད"ཅེས་པའི་མིང་འདི་རྣ་ཐོས་ཡོད་པར་གྱུར་ཅིང་། ཁོ་ཚོས་དེ་ནི་ཧ་ཅང་གསང་བ་དང་ལྐོག་གྱུར། ཡ་མཚན་ཞིག་ཏུ་སྙམ་སྟེ་བདེན་རྫུན་གྱི་གཏམ་རྒྱུད་མང་པོ་རང་གི་ལམ་ཡིག་ཏུ་བྲིས་ནས་ཀུན་ལ་བསྒྲགས། དུས་རབས་བཅུ་བདུན་པར་བསླེབས་པ་ན་དམིགས་ཡུལ་སྣ་ཚོགས་འཆང་བའི་འདྲེ་དཀར་པོ་ (ཡོ་རོབ་པ་དག་ལ་ཨ་ཧྥེ་རི་ཀས་སྔོན་ཆད་འདྲེ་དཀར་པོ་ཟེར) དེ་དག་དངོས་སུ་བོད་ལ་འཛུལ་བའི་མགོ་བརྩམས། ཡེ་ཤུའི་ཆོས་སྤེལ་པའམ་གསང་མྱུལ་པ་གང་ཡིན་ཧ་གོ་དཀའ་བའི་མི་དེ་དག་གིས་བོད་ཀྱི་མི་དང་། ཡུལ་གྱི་གནས་ཚུལ་ཞིབ་ཞིབ་ཚགས་ཚགས་ཀྱིས་ཡི་གེར་བཀོད་ནའང་། ཁོ་ཚོས་མཐོང་བ་ནི་ཕལ་པའི་མིག་གིས་རིག་ཐུབ་པའི་ཡུལ་སྲོལ་དང་། གོམས་གཤིས་རགས་པ་དག་ལས་གཏིང་ཟབ་པའི་མི་རིགས་དེའི་རིག་གནས་ལ་ནི་རྒྱུས་ཅི་ཡང་ལོན་མེད། རྒྱལ་ཁབ་བམ་མི་རིགས་གང་ཡིན་ཡང་དེའི་རིག་གནས་ལ་ཞིབ་ཏུ་འཇུག་དགོས་ཚེ་ཡུལ་དེའི་སྐད་ཡིག་བྱང་དགོས་པ་ནི་ཆ་རྐྱེན་དང་པོ་ཡིན་པས། ཕྱི་གླིང་པ་དེ་དག་གིས་བོད་ཀྱི་སྐད་ཡིག་བྱང་ཆུབ་པ་ལྟ་ཅི། ཐ་ན་བརྡ་རགས་པ་ཙམ་སྤྲོད་ཐུབ་མཁན་ཡང་ཧ་ཅང་ཉུང་། དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ནང་དུ་ཧམ་སེམས་སྔར་ལས་ཀྱང་ཆེ་བའི་ཕྱི་གླིང་པ་མང་པོས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་མི་རིགས་ཚོའི་གནས་སྟངས་ལ་རྟོག་ཞིབ་ལན་མང་བྱས་ཀྱང་། སྔར་བཞིན་དེ་དག་གི་རིག་གནས་ལ་མཐིལ་ཕྱིན་པའི་རྒྱུས་ལོན་བྱ་ཐུབ་མེད། འོན་ཀྱང་དུས་འདི་ཙ་ན་ཧང་གྷ་རིའི་ཀཱི་ཐིན་གྷིན་སློབ་གྲྭ་ཆེན་མོ་རུ་གསོ་རིག་དང་ལྷ་རིག་པ། མཚན་ཉིད་རིག་པ། ས་རྒྱུས་སོགས་སྦྱངས་ཤིང་། སྐད་རིགས་མང་པོ་ཚེགས་མེད་དུ་ཤོད་པའི་གསར་བུ་ཞིག་སྟེ། གདོང་པ་མཛེས་པོ་མེད་ཅིང་ལུས་སྟོད་ཨེན་ཙམ་སྒུར་བ། དཔྲལ་བ་ཆེན་པོའི་འོག་ཏུ་རྣོ་ལ་མྱུར་བའི་མིག་ཟུང་མངའ་བའི་ན་གཞོན་ཞིག་གིས་རང་གི་ཕ་སྐད་ཧང་གྷ་རིའི་སྐད་དང་བོད་ཀྱི་མཐའ་མཚམས་སུ་གནས་པའི་ཕྱུགས་འཚོ་བའི་ཝེ་ཨིར་མི་རིགས(ཡུ་གུར)ཀྱི་སྐད་ཆའི་བར་གཉེན་ཉེའི་འབྲེལ་བ་ཡོད་པར་འདོད་ཅིང་། དོན་དངོས་ཀྱི་བདེན་པ་འཚོལ་ཕྱིར་གྷི་རི་སིའི་ཡི་གེའི«ཧི་མཱའི་ལོ་རྒྱུས་སྙན་རྩོམ(荷马史诗དང་། ལཱ་ཏིང་ཡི་གེའི«ཧོ་རཱ་སི(荷拉斯། ད་དུང་ཚིག་མཛོད་འགའ་དང་བརྗེ་བོ་རྒྱག་རྒྱུའི་གྱོན་གོས་རྔུལ་ལེན་ཞིག་བཟུང་སྟེ༡༨༢༠ལོའི་ཟླ༡ཚེས༡ཉིན་ས་གཞི་ཆེན་པོའི་ཤར་ཕྱོགས་སུ་རྐང་འགྲུལ་བརྒྱབ། དེ་ནི་བོད་རིག་པའི་སྲོལ་འབྱེད་མེས་པོར་བསྔགས་པའི་མཁས་དབང་ཆོའོ་མཱ་ཌེ་ཀོ་རོ་སི་རེད། ལོ་གཉིས་ཀྱི་རྗེས་སུ་ཆོའོ་མཱ་ཨབ་གྷན་སི་ཐན་དུ་བསླེབས་ཤིང་། དེ་ནས་མུ་མཐུད་དུ་ཀ་ཤི་མིར་དང་ས་སྟོང་ལུང་སྟོང་གི་ལ་དྭགས་བརྒྱུད་དེ་འགྲུལ་བཞུད་བྱས། ལམ་བར་ནས་ཁོ་ཝེ་ལིནམོའུར་ཁི་རོ་ཧྥོ་ཟེར་བའི་དབྱིན་ཇི་ཉེན་མཆོང་པ་ཞིག་ལ་འཕྲད་རྗེས་ཁོས་ཆོའོ་མཱར་བོད་ཀྱི་གནས་ཚུལ་མང་པོ་བཤད་པར་མ་ཟད་ཆོའོ་མཱ་ལ་ཆོའོ་ཀྲིས་བརྩམས་པའི«བོད་ཡིག་ཀ་མད»ཟེར་བ་ཞིག་བྱིན། གསར་བུ་ཆོའོ་མཱས་དེབ་དེ་རྟག་ཏུ་རང་གི་རྡོག་ཁྲུས་ཀྱི་ཁུད་དུ་ཉར་ཚགས་བྱས། ཝེ་ལིནམོའུར་ཁི་རོ་ཧྥོ་ཡིས་བོད་ཀྱི་དཔེ་ཆ་མང་པོ་བསྡུ་ཉར་བྱས་ཡོད་ནའང་ཁོས་བོད་ཡིག་མི་ཤེས་པ་དང་། སྐབས་དེའི་དབྱིན་ཇིར་གཏོགས་པའི་རྒྱ་གར་དུ་བོད་ཀྱི་སྐད་ཡིག་ཤེས་མཁན་གཅིག་ཀྱང་མེད་པར་བཤད། ཆོའོ་མཱ་ནི་གཤིས་ཀ་ཅུང་ཁྱད་མཚར་པོ་ཡོད་པའི་མི་ཞིག་ཡིན་ནའང་། ཁོ་ནི་དཔེ་ཟླ་མེད་པའི་སྐད་བརྡ་རིག་པ་ཞིག་ཡིན་པར་མ་ཟད། སྐབས་དེར་གྲོན་དངུལ་གྱི་དགོས་མཁོ་ཡང་ཆེ་བས་ཝེ་ལིནམོའུར་ཁི་རོ་ཧྥོ་ཡིས་ཆོའོ་མཱར་ལ་དྭགས་ནས་རྒྱུན་སྡོད་བྱས་ཏེ་བོད་དབྱིན་ཚིག་མཛོད་ཅིག་བསྒྲིགས་པའི་གྲོས་བཏབ། གནས་ངེས་མེད་ཀྱི་ཆོའོ་མཱ་ནི་གང་སར་འདུར་རྒྱུག་བྱེད་པར་ངལ་ཞིང་དུབ་པ་དང་། རང་ཉིད་ལ་དངུལ་གྱི་དགོས་མཁོ་ཡང་ཆེ་བས་གྲོས་གཞི་དེ་དང་ལེན་བྱས། ཝེ་ལིནམོའུར་ཁི་རོ་ཧྥོ་ཡིས་ལ་དྭགས་རྒྱལ་པོའི་བློན་པོ་ཞིག་ལ་ཁོ་དང་ལམ་གྲོགས་ཆོའོ་མཱར་བོད་ཡིག་དགེ་རྒན་ཞིག་འཚོལ་བའི་རེ་བ་ཞུས། བློན་པོ་དེས་སྔོན་ཆད་བཀྲ་ཤིས་ལྷུན་པོ་ནས་སློབ་སྦྱང་བྱས་མྱོང་ཞིང་། ལོ་ན་ལྔ་བཅུ་ཡས་མས་སུ་བསླེབས་པའི་དགེ་བཤེས་སངས་རྒྱས་རྒྱ་མཚོ་ཟེར་བ་ཞིག་ཁོ་གཉིས་ལ་དགེ་རྒན་དུ་བཙལ(དེ་དུས་སངས་རྒྱས་རྒྱ་མཚོ་སྐྱ་བབ་ཡོད)། ༡༨༢༣ལོའི་ཟླ༦ཚེས༢༠ཉིན་ནས་ཆོའོ་མཱ་དགེ་རྒན་སངས་རྒྱས་རྒྱ་མཚོ་ཡོད་སའི་ཡང་ལཱ་དགོན་པར་ལོ་གཅིག་དང་ཟླ་བཞི་ལྷག་ལ་བསྡད་ནས་ནང་བསྟན་དང་བོད་ཡིག་གི་ཐ་སྙད་མང་པོ་ཕྱོགས་བསྡུས་བྱས་པ་སོགས་སྙིང་རུས་དང་དཀའ་སྤྱད་ཚད་མེད་བྱས།


   ཡང་ལཱ་དགོན་གྱི་དགུན་དུས་ཀྱི་འཚོ་བ་ནི་ཧ་ཅང་དཀའ་སྡུག་ཆེ་བ་ཞིག་ཡིན་པ་ཁོའི་གྲོགས་པོ་དབྱིན་ཇིའི་སྨན་པ་ཞིག་ལ་གླེང་ཡོད་དེ། དྲོད་ཚད་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ཡིན་པའི་གནས་དེར་ཆོའོ་མཱས་མེ་ཐབ་ཀྱང་མེད་པའི་ཁང་མིག་ཧ་ཅང་དོག་པོ་ཞིག་ཏུ་སྔ་ལངས་འཕྱི་ཉལ་གྱིས་དཔེ་ཀློག་བྱས་ཏེ་བོད་ཡིག་གི་མིང་ཚིག་ཁྲི་བཞི་ལྷག་ཕྱོགས་བསྒྲིགས་བྱས་པར་མ་ཟད་དེ་དག་ལ་རིགས་ཀྱང་ཕྱེས། ༡༨༢༤ལོར་བོད་ཀྱི«བཀའ་བསྟན»འཚོལ་བའི་སླད་དུ་ཆོའོ་མཱ་དགེ་རྒན་སངས་རྒྱས་རྒྱ་མཚོ་དང་མཉམ་དུ་ཡང་ལཱ་དགོན་པར་ཁ་གྱེས་ནས་མངའ་རིས་རྩ་མདའ་དང་ཐག་མི་རིང་བའི་ཁཱ་ནཱ་དགོན་དུ་སོང་། ཆོའོ་མཱས་དགོན་པ་དང་ཁད་ཅུང་ཡོད་པའི་རི་ངོས་སུ་རྡོ་བརྩིགས་བརྒྱབ་པའི་ཁང་ཆུང་ཞིག་ཏུ་གནས་བཅས་ནས་ནམ་རྒྱུན་དགོན་པར་ཡོང་སྟེ་གྲྭ་པ་ཚོ་དང་མཉམ་དུ་སློབ་ཁྲིད་ལ་སོང་། སློབ་ཁྲིད་གྲོལ་རྗེས་ཁོས«བཀའ་འགྱུར»གྱི་གླེགས་བམ་གཅིག་གཉིས་རེ་ཁུར་ནས་རི་ངོས་གཟར་པོར་ཆགས་པའི་རྡོ་ཁང་དེར་ཕྱིར་ལོག འདི་ལྟར་ཉིན་རེ་ནས་ཉིན་རེར་ཆོའོ་མཱ་དཔེ་ཀློག་དང་སློབ་སྦྱོང་གི་ནང་དུ་མགོ་བོ་འཁོར་ཏེ་ཕྱི་རོལ་གྱི་འཇིག་རྟེན་བརྗེད་པར་གྱུར་ནས་ལུས་ངག་ཡིད་གསུམ་བོད་རིག་པར་ཞིབ་འཇུག་གི་ལས་ལ་གཡེངས། བོད་ཡིག་གི་བསྟན་བཅོས་སྣ་ཚོགས་སྤུངས་པའི་ཁྲོད་ནས་ཉིན་མཚན་བསྐྱལ་བའི་ཕྱི་གླིང་པ་འདི་བོད་མི་རྣལ་མ་ཞིག་ཏུ་འགྱུར་མགོ་བརྩམས་པའམ་གྱུར་ཟིན་ཞེས་སྨྲས་ཀྱང་རྫུན་དུ་མི་འགྲོ། ཆོའོ་མཱས«བཀའ་བསྟན»ཞིབ་འཇུག་གི་ཕྱིར་དུ་ཁཱ་ནཱ་དགོན་པར་མི་ལོ་ཧྲིལ་པོ་གསུམ་བསྐྱལ་རྗེས་ཨ་རི་པ་ཧོ་ཅཱི་སིན་ཟེར་བ་ཞིག་བལ་པོ་ནས་ལོ་ཉི་ཤུ་ལྷག་ལ་ཆོས་ཀྱི་གཞུང་ལུགས་མང་པོ་འཚོལ་སྡུད་བྱས་ཤིང་། དེ་དག་ནི་སཾ་སྐྲྀ་ཏ་ཉུང་ངུ་ཙམ་ལས་གཞན་ཚང་མ་བོད་ཡིག་ཡིན་པ་དང་། དེ་དུས་ནུབ་གླིང་པ་བོད་ཡིག་བྱང་ཆུབ་པ་ཤེས་མཁན་ནི་ཆོའོ་མཱ་གཅིག་པུ་ཡིན་པས༡༨༢༩ལོའི་ཟླ༡༢ཚེས་༣༠ཉིན་ཁོས་ཆོའོ་མཱ་ལ་འཕྲིན་ཡིག་བསྐུར་(ཁོ་གཉིས་ལ་ལོ་གཅིག་ཙམ་གྱི་སྔོན་ནས་འཕྲིན་གྱི་འབྲེལ་བ་ཡོད)ཏེ«བཀའ་འགྱུར»དང«བསྟན་འགྱུར»དུ་བཤད་པའི་རྣམ་གཞག་རྒྱས་པ་དག་རགས་བསྡུས་ཀྱིས་ཞིབ་འཇུག་བྱ་འཆར་ཡོད་པས་ཁྱོད་ཀྱིས་མཛུབ་སྟོན་གནང་རོགས་ཞེས་ཞུས་པ་དང་། ལས་གཞི་དེའི་ཆེད་དུ་ཆོའོ་མཱ༡༨༣༡ལོར་ཁཱ་ནཱ་དགོན་པ་དང་ཁ་བྲལ་ཏེ་ཀ་ལི་ཀ་ཏར་ཡོང་ནས་ཧོ་ཅཱི་སིན་གྱིས་འཚོལ་སྡུད་བྱས་པའི་ཡིག་ཆ་དག་ལ་དཀར་ཆག་བསྒྲིགས། དེའི་ལས་ཞོར་དུ་རང་ཉིད་ཀྱིས་སྒྲིག་གིན་པའི«བོད་དབྱིན་ཚིག་མཛོད»ལ་ལེགས་སྒྲིག་བྱ་རྒྱུའི་དུས་ཚོད་ཀྱང་བྱུང་བས་ཆོའོ་མཱ་ལས་ཀ་དེར་ཧ་ཅང་ཡིད་ཚིམ་པོ་བྱུང་། རྗེས་ནས་ཆོའོ་མཱའི་བརྩམས་ཆོས་གཙོ་གྲས«བོད་དབྱིན་ཚིག་མཛོད»དང«བོད་ཀྱི་བརྡ་སྤྲོད»གཉིས་པར་སྐྲུན་བྱས་རྗེས་ཁོའི་སྙན་གྲགས་རབ་ཏུ་རྒྱས་པར་གྱུར་པ་དང་། ཁོའི«བཀའ་འགྱུར»དང་«བསྟན་འགྱུར»གྱི་དབྱེ་ཞིབ་དེས་ཀྱང་ཡོ་རོབ་གླིང་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཞག དེར་མ་ཟད་ཁོས་བོད་ཡིག་དང་སོག་ཡིག་གི«བཀའ་བསྟན»ཆ་ཚང་ཞིག་ཡོ་རོབ་ཏུ་བསྐུར་ནས་པཱ་ལི་ཨེ་ཤ་ཡ་ཆུང་ངུའི་རིག་གཞུང་ལྷན་ཚོགས་ལ་ཞལ་འདེབས་སུ་ཕུལ། ༡༨༣༥ལོ་ཡས་མས་ནས་ཆོའོ་མཱ་བོད་ལ་འགྲོ་འདོད་ཆེན་པོ་བྱུང་ཡོད་ནའང་། གོར་ཁ་དང་བོད་ཀྱི་བར་འགལ་བ་བྱུང་བ་དང་། ལ་དྭགས་སུ་སྡེ་གཟར་ལངས་པ་སོགས་ཀྱིས་ཁོའི་རེ་ཞིག་ངང་སྒུག་མི་བྱེད་ཀ་མེད་གྱུར། ལོ་ང་བརྒྱད་ལ་བསླེབས་པའི་ཆོའོ་མཱ༡༨༤༢ལོར་སླར་ཡང་ཧི་མ་ལ་ཡའི་རི་རྒྱུད་དུ་སོང་ནས་ཟླ༣པའི་ཟླ་སྟོད་དུ་ཐི་ལཱ་ཡཱི་འདམ་གཞུང་བརྒྱུད་སྐབས་འདར་བུའི་ནད་བྱུང་ཞིང་ལུས་ལ་ཚ་བ་ཆེན་པོ་རྒྱས། སྨན་པ་ཁཱ་བྷེ་ཨིར་གྱིས་ནུབ་སྨན་བསྟེན་པར་ནན་གྱིས་བསྐུལ་ནའང་། ཆོའོ་མཱས་དགེ་རྒན་སངས་རྒྱས་རྒྱ་མཚོས་བྱིན་པའི་རིལ་སྐམ་སེར་པོ་དེ་འཐུང་ནས་མ་ཉལ་སྔོན་དུ་ལ་དྭགས་རྒྱལ་པོར་ཁྲཱ་ལ་བརྒྱུད་ནས་བོད་དུ་འགྲོ་ཆོག་པའི་རེ་ཞུའི་ཡི་གེ་བྲིས། དེའི་ཕྱིར་ཉིན་ལ་དྭགས་རྒྱལ་པོའི་གཉེར་པ་ཆོའོ་མཱར་མཇལ་འཕྲད་དུ་ཡོང་དུས་ཁོང་མལ་ཁྲིའི་སྒང་དུ་ཡོད་ཅིང་། ཚ་བ་རྒྱས་པས་ཁ་འདར་རྒྱག་པ་མཐོང་། འོན་ཀྱང་བློ་རིག་ཧ་ཅང་གསལ་པོའི་ངང་བོད་སྐད་ཀྱིས་ཆོས་ལུགས་དང་འབྲེལ་བའི་ཁ་བརྡ་མང་པོ་བྱས། ཁ་བརྡའི་ཁྲོད་ནས་ཆོའོ་མཱའི་ནང་བསྟན་གྱི་ཤེས་རྒྱ་དེས་གཉེར་པ་ཧང་སངས་སུ་བཅུག དེ་བས་གཉེར་པས་ཁོར་ལྷ་སར་འགྲོ་རོགས་བྱེད་པར་ཁས་བླངས་ཤིང་ཆོའོ་མཱ་དགའ་བ་འབུམ་གྱིས་མྱོས། འོན་ཀྱང་དེའི་ཕྱིར་ཉིན་ནས་ཆོའོ་མཱའི་གཏམ་འཆོལ་ཞིང་སྨན་པ་ཁཱ་བྷེ་ཨིར་ཁོའི་འཁྲིས་སུ་བསྡད་ནས་ཆད་ཆད་མཐུད་མཐུད་ཀྱི་གཉིད་གཏམ་དེར་ཞིབ་ཕྲས་ཉན། ཁོས་ནང་དོན་གཅིག་བསྐྱར་ཟློས་ཡང་ཟློས་བྱེད་པ་དེ་ཝེ་ཨིར་གྱི་མི་རིགས་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག་ཟེར། ད་དུང་ཆོའོ་མཱས་དོན་ཧ་ཅང་འགངས་ཆེན་ཞིག་སྨན་པ་ཁཱ་བྷེ་ཨིར་ལ་བཤད་འདོད་ཀྱིས་ཤེད་ཤུགས་ཅི་ཡོད་བཏོན་ནའང་། སྨན་པ་ཁཱ་བྷེར་ཨིར་གྱིས་ཧང་གྷ་རིའི་སྐད་ཀྱི་ནང་དོན་དེ་རྟོགས་ཐབས་བྲལ། དེ་རྗེས་ཡུན་རིང་པོར་མ་ལོན་པར་མི་ཚེ་ཐོས་བསམ་ལ་བསྐྱལ་བའི་སྐྱེས་མཆོག་དེ་གཏན་ནས་གཏན་དུ་ང་ཚོ་དང་ཁ་གྱེས།

རྩོམ་ཐུང་འདི་ནི་སི་ཝེས་ཙེར(瑞士)གྱི་མཱེ་ཤེལཐྲ་ལིས་བརྩམས་པའི«བོད་གསར་རྙེད»དང་། ཨི་ཐ་ལིའི(意大利)ཐཱོར་རྗི་སོགས་ཀྱིས་བརྩམས་པའི«ཧི་མ་ལའི་མི་དང་ལྷ»སོགས་ལས་འབྲོག་སངས་ཀྱིས་བཏུས་ཏེ་བསྒྲིགས་ཤིང་བརྩམས།

རྩོམ་ཡིག་མཁོ་སྤྲོད་པ།  གསར་འགོད་པ།  འབྲོག་སངས།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870475
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号