བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ས་བཅད་བཞུགས་སོ། །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ཆོས་ལུགས་སྣ་ཚོགས། »བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ས་བཅད་བཞུགས་སོ། །
བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ས་བཅད་བཞུགས་སོ། །
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-02-13ལྟ་ཀློག (12596)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ས་བཅད་བཞུགས་སོ། །


༄༅། །ན་མོ་མཉྫུ་གྷོ་ཥཱ་ཡ། བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང་། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་དང་། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང་། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །

དང་པོ་ལ་གསུམ།  རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ།  རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ།  བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས།  མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་ཚུལ་དང་།  ཚུལ་བཞིན་བསྒྲུབས་པ་རྟོགས་པའི་ཡོན་ཏན་བརྙེས་ཚུལ་ལོ། །དེ་ལ་གསུམ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ།  ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ།  ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པའོ། །དང་པོ་ལ་གསུམ། སོ་སོ་ཐར་པའི་སྡོམ་པ་དང་ལྡན་པའི་ཚུལ།  བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཚུལ།  རིག་པ་འཛིན་པའི་སྡོམ་པ་དང་ལྡན་པའི་ཚུལ་ལོ། །ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས།  ཐུན་མོང་བ་དང་། ཐུན་མོང་མིན་པའོ། །ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་གཉིས།  ཐུན་མོང་དང་།  ཐུན་མོང་མ་ཡིན་པའོ། །བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས།  རྒྱ་གར་དུ་མཛད་ཚུལ་དང་།  བོད་དུ་མཛད་ཚུལ་ལོ། །གཉིས་པ་གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་ལ་བཞི།

 བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །གསུམ་པ་ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ། ཉན་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། ཆོས་ཐོས་པའི་ཕན་ཡོན་བསམ་པ། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བྱེད་པ། ཉན་པའི་ཚུལ་དངོས་སོ། །འདི་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ། །འདི་ལ་དྲུག །རང་ལ་ནད་པ་ལྟ་བུའི་འདུ་ཤེས། ཆོས་སྨྲ་བ་ལ་སྨན་པའི་འདུ་ཤེས། རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས། ནན་ཏན་ཉམས་སུ་བླངས་པ་ལ་ནད་འཚོ་བའི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པའོ། །གཉིས་པ་ཆོས་བཤད་པའི་ཚུལ་ལ་བཞི། ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ། །བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ་དང་། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་དྲུག །བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ། །གསུམ་པ་དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། བསམ་པས་བསྟེན་ཚུལ་དང་། སྦྱོར་བས་བསྟེན་ཚུལ་ལོ། །དང་པོ་ལ་གསུམ། བསྟེན་པའི་བསམ་པ་སྤྱིར་བསྟན་པ་དང་། ཁྱད་པར་དུ་རྩ་བ་དད་པ་སྦྱང་བ་དང་། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །གཉིས་པ་སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས། སྐྱོང་ཚུལ་དངོས་དང་། དེ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། སྦྱོར་བའི་ཆོས། དངོས་གཞི་ལ་ཇི་ལྟར་བསྐྱང་བ་དང་། མཇུག་ཏུ་ཇི་ལྟར་བྱ་བའོ། །གཉིས་པ་ལ་གཉིས། སྤྱིའི་སྐྱོང་ཚུལ་དང་། ཀྐབས་འདིའི་སྐྱོང་ཚུལ་ལོ། །གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གསུམ། དལ་འབྱོར་ངོས་བཟུང་བ་དང་། དེ་དོན་ཆེ་བ་བསམ་པ་དང་། རྙེད་དཀའ་བ་བསམ་པའོ། །དང་པོ་ལ་གཉིས། དལ་བ་དང་། འབྱོར་པའོ། །དེ་ལ་གཉིས། རང་འབྱོར་དང་། གཞན་འབྱོར་རོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གཉིས། ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་དང་། དེ་ལ་སྙིང་པོ་ལེན་ཚུལ་དངོས་སོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་ཚུལ་དང་། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དེ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་དོན་གང་ཡིན་པ་དང་། རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དེ་ལ་གཉིས། རྒྱུ་མཚན་དངོས་དང་། དགོས་པའོ། །གཉིས་པ། དེ་ལ་སྙིང་པོ་ལེན་ཚུལ་དངོས་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང་། འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང་། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གསུམ། ཆུང་ངུའི་བསམ་པ་སྦྱང་བ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ། །དང་པོ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་པ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ། །དང་པོ་ལ་བཞི། འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། བསྒོམས་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་བསྒོམ་པའི་ཚུལ་ལོ། །འདི་ལ་གསུམ། ངེས་པར་འཆི་བ་བསམ་པ་དང་། ནམ་འཆི་ངེས་པ་མེད་པར་བསམ་པ་དང་། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ། འཆི་བདག་ངེས་པར་འོང་ལ་དེའང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ། ཚེ་ལ་སྣོན་པ་མེད་ཅིང་འབྲིང་བྱེད་པར་མ་ཆད་དུ་ཡོད་པ་བསམ་པ། གསོན་པའི་ཚེ་ནའང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པའོ། །གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ་གསུམ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་བསམ་པ་དང་། འཆི་རྐྱེན་ཤིན་ཏུ་མང་ཞིང་། གསོན་རྐྱེན་ཉུང་བ་བསམ་པ་དང་། ལུས་ཤིན་ཏུ་ཉམ་ཆུང་བས་ནམ་འཆི་ངེས་པ་མེད་པ་བསམ་པའོ། །གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ་ལ་གསུམ། ལུས་ལོངས་སྤྱོད་གཉེན་ནོ། །གཉིས་པ་འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ། འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ། གཉིས་ཀྱི་ནང་ནས་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ་བཞི། སེམས་ཅན་དམྱལ་བ་ཆེན་པོ་དང་། ཉེ་འཁོར་བའི་དམྱལ་བ་དང་། གྲང་བའི་དམྱལ་བ་དང་། ཉི་ཚེ་བའི་དམྱལ་བའོ། །དང་པོ་ལ་བརྒྱད། ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་ཀྱི་སྡུག་བསྔལ་བསམ་པའོ། །གྲང་བའི་དམྱལ་བ་ལ་བརྒྱད། ཆུ་བུར་ཅན། ཆུ་བུར་རྡོལ་བའི་ཁྱད་པར། སོ་ཐམ་པ། ཀྱི་ཧུད་ཟེར་བ། ཨ་ཆུ་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པའི་ཁྱད་པར། པདྨ་ལྟར་གས་པ་ཆེན་པོའི་ཁྱད་པར་རོ། །ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ་གསུམ། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ། ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ། ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའོ། །གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་གཉིས། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ལ་བཞི། གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པའོ། །དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་ངོས་བཟུང་བ་དང་། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ནོ། །ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ལ་བཞི། ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། ཁས་བླངས་པ་དང་། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ། །དང་པོ་ལ་གསུམ། སངས་རྒྱས་ཀྱི་ཡོན་ཏན་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་ནོ། །དང་པོ་ལ་བཞི། སྐུའི་ཡོན་ཏན་དང་། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན། ཕྲིན་ལས་ཀྱི་ཡོན་ཏན་ནོ། །ཐུགས་ལ་གཉིས། མཁྱེན་པའི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན་ནོ། །ཁྱད་པར་ཤེས་པ་ལ་དྲུག །མཚན་ཉིད་ལས་གྱུར་པའི་ཁྱད་པར། ཕྲིན་ལས་ཀྱི་ཁྱད་པར། མོས་པའི་ཁྱད་པར། སྒྲུབ་པའི་ཁྱད་པར། རྗེས་སུ་དྲན་པའི་ཁྱད་པར། བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་རོ། །སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ལ་གཉིས། བསྡུ་བ་ལས་འབྱུང་བ་དང་། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོའི་སྐྱེས་བུ་དམ་པ་ལ་བརྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་དུ་ཡིད་ལ་བྱེད་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའོ། །བཞི་ཚན་གཉིས་པ་ལ། དབང་པོ་མི་རྒོད་པར་བྱ་བ། བསླབ་པའི་གཞི་ཡང་དག་པར་བླང་བར་བྱ་བ། སེམས་ཅན་ལ་སྙིང་རྗེ་བར་བྱ་བ། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བའོ། །མན་ངག་ལས་འབྱུང་བ་ལ་གཉིས། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས། དགག་པའི་བསླབ་བྱ་དང་། སྒྲུབ་པའི་བསླབ་བྱའོ། །ཐུན་མོང་གི་བསླབ་བྱ་ལ་དྲུག །དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ། བཀའ་དྲིན་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཅའ་བའི་ཕུད་ཀྱང་དབུལ་ལ། སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་དགོད་པ། བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤོང་བ། ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་བྱ་བ། དཀོན་མཆོག་གསུམ་ཐ་ན་བཞད་གད་ཀྱི་ཕྱིར་རམ་སྲོག་གི་ཕྱིར་ཡང་མི་བཏང་ཞིང་བསྲུང་བར་བྱ་བའོ། །ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བར་བྱ་བ་ལ་གཉིས། བསྡུ་བ་ལས་འབྱུང་བའི་ཕན་ཡོན་དང་། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོ་ལ། བསོད་ནམས་རྒྱ་ཆེན་པོ་འཐོབ་པ། དགའ་བ་དང་མཆོག་ཏུ་དགའ་བ་འཐོབ་པ། ཏིང་ངེ་འཛིན་འཐོབ་པ། རྣམ་པར་དག་པ་འཐོབ་པའོ། །བཞི་ཚན་གཉིས་པ་ལ། སྲུང་བ་ཆེན་པོ་དང་ལྡན་པ། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབས་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་འཐོབ་པ། དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་འགྱུར་བ། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དང་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱི་ཡིད་དུ་འོད་ཞིང་དགའ་བར་འགྱུར་བའོ། །མན་ངག་ལས་འབྱུང་བ་ལ་བརྒྱད། ནང་པ་སངས་རྒྱས་པར་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་རྣམས་བསྲབས་ཤིང་ཟད་པར་འགྱུར་བ། བསོད་ནམས་རྒྱ་ཆེན་པོ་གསོག་པ། དན་འགྲོར་མི་ལྟུང་བ། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ། ཅི་བསམས་པ་ཐམས་ཅད་འགྲུབ་པ། མྱུར་དུ་འཚང་རྒྱ་བའི་ཕན་ཡོན་ནོ། །གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་བ་བསྐྱེད་པ་ལ་གསུམ། ལས་འབྲས་སྤྱིར་བསམ་པ་དང་། བྱེ་བྲག་ཏུ་བསམ་པ་དང་། བསམས་ནས་འཇུག་ལྔོག་བྱ་ཚུལ་ལོ། །དང་པོ་ལ་གཉིས། སྦྱིར་བསམ་ཚུལ་དངོས་དང་། སོ་སོར་ཕྱེ་སྟེ་བསམ་པའོ། །དང་པོ་ལ་བཞི། ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་ཕྲད་པ། ལས་བྱས་པ་ཆུད་མི་ཟ་བའོ། །གཉིས་པ་སོ་སོར་ཕྱི་སྟེ་བསམ་པ་ལ་གཉིས། ལས་ལམ་བཅུ་གཙོ་བོར་བསྟན་པ་དང་། ལས་དང་འབྲས་བུ་བསྟན་པའོ། །དེ་ལ་གསུམ། ནག་པོའི་ལས་འབྲས་དང་། དཀར་པོའི་ལས་འབྲས་དང་། ལས་ཀྱི་རྣམ་དབྱེ་གཞན་བསྟན་པའོ། །དང་པོ་ལ་གསུམ། ནག་པོའི་ལས་ལམ་དངོས་དང་། ལྕི་ཡང་གི་ཁྱད་པར་དང་། དེ་དག་གི་འབྲས་བུ་བསྟན་པའོ། །གཉིས་པ་ལྕི་ཡང་བསྟན་པ་ལ་གཉིས། ལས་ལམ་བཅུའི་ལྕི་ཡང་དང་། ཞར་ལ་སྟོབས་ལྡན་གྱི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པའོ། །དེ་ལ་བཞི།ཞིང་གི་སྒོ་ནས་སྟོབས་ཆེ་བ། རྟེན་གྱི་སྒོ་ནས་སྟོབས་ཆེ་བ། དངོས་པོའི་སྒོ་ནས་སྟོབས་ཆེ་བ། བསམ་པའི་སྒོ་ནས་སྟོབས་ཆེ་བའོ། །གསུམ་པ་དེ་དག་གི་འབྲས་བུ་ལ་གསུམ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུའོ། །དཀར་པོའི་ལས་འབྲས་བསམ་པ་ལ་གཉིས། དཀར་པོའི་ལས་དང་འབྲས་བུའོ། །དེ་ལ་གསུམ། རྣམ་སྨིན། རྒྱུ་མཐུན། བདག་པོའི་འབྲས་བུའོ། །གསུམ་པ་ལས་ཀྱི་དབྱེ་བ་གཞན་བསྟན་པ་ལ་གཉིས། འཕེན་རྫོགས་ཀྱི་དབྱེ་བ། མྱོང་བར་ངེས་པ་དང་མ་ངེས་པ་བཞིའི་ལས་སོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ལ་གསུམ། རྣམ་སྨིན་གྱི་ཡོན་ཏན། རྣམ་སྨིན་གྱི་འབྲས་བུ། རྣམ་སྨིན་གྱི་རྒྱུའོ། །དང་པོ་ལ་བརྒྱད། ཚེ་ཕུན་སུམ་ཚོགས་པ། ཁ་དོག་ཕུན་སུམ་ཚོགས་པ། རིགས་ཕུན་སུམ་ཚོགས་པ། དབང་ཕྱུག་ཕུན་སུམ་ཚོགས་པ། ཚིག་བཙུན་པ། དབང་ཆེ་བར་གྲགས་པ། སྐྱེས་པ་ཉིད། སྟོབས་དང་ལྡན་པའོ། །གཞན་གཉིས་ཀྱང་བརྒྱད་དོ། །གསུམ་པ་བསམས་ནས་འཇུག་ལྡོག་བྱ་བའི་ཚུལ་ལ་གཉིས། སྤྱིར་བསྟན་པ་དང་། ཁྱད་པར་དུ་སྟོབས་བཞིས་སྤྱོད་པའི་ཚུལ་ལོ། །དེ་ལ་བཞི། སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། རྟེན་གྱི་སྟོབས་སོ། །གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་དྲུག །མདོ་སྡེ་ཟབ་མོ་ཀླག་པ། སྟོང་ཉིད་བསྒོམ་པ། གཟུངས་སྔགས་ལ་བརྟེན་པ། རྟེན་བཞེངས་པ། མཆོད་པ་ལ་བརྟེན་པ། མཚན་ལ་བརྟེན་པའོ།། །།གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་བཞི། བསམ་པ་སྤྱང་བ་དངོས། དེ་སྐྱེས་པའི་ཚད། དེ་ལ་ལོག་པར་རྟོག་པ་བསལ་བ། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་འབེབ་པའོ། །དང་པོ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་ངོས་བཟུང་བ་དང་། དེ་བསྐྱེད་པའི་ཐབས་སོ། །དེ་ལ་གཉིས། སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམ་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པའོ། །དང་པོ་ལ་གཉིས། སྡུག་བདེན་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའོ། །དང་པོ་ལ་གཉིས། སྡུག་བདེན་བདེན་བཞིའི་ཐོག་མར་གསུངས་པའི་དགོངས་པ་བསྟན་པ། སྡུག་བསྔལ་བསྒོམ་པ་དངོས་སོ། །འདི་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གསུམ། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པའོ། །དང་པོ་ལ་བརྒྱད། སྐྱེ་བའི་སྡུག

་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །གཉིས་པ་སྡུག་བསྔལ་དྲུག་བསམ་པ་ལ་དྲུག །ངེས་པ་མེད་པ། ངོམས་མི་ཤིས་པ། ལུས་ཡང་དང་ཡང་དུ་འདོར་བ། ཡང་དང་ཡང་དུ་ཉིང་མཚམས་སྦྱར་བ། ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བ། གྲོགས་མེད་པའི་ཉེས་པ་བསམ་པའོ། །གསུམ་པ་ལ་གསུམ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ་དྲུག དམྱལ་བ།ཡི་དྭགས། དུད་འགྲོ། མི། ལྷ་མ་ཡིན། ལྷའི་སྡུག་བསྔལ་བསམ་པའོ། །འདི་ལ་གཉིས། འདོད་ལྷའི་སྡུག་བསྔལ་དང་། ཁམས་གོང་མའི་ལྷ་རྣམས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གསུམ། འཆི་འཕོ་དང་ལྟུང་བའི་སྡུག་བསྔལ། སྤ་བཀོང་བའི་སྡུག་བསྔལ། བཅད་པ་དང་དྲལ་བ་དང་བསད་པ་དང་སྦྱུག་པའི་སྡུག་བསྔལ་ལོ། །དང་པོ་ལ་གཉིས། འཆི་འཕོ་བའི་སྡུག་བསྔལ་དང་། གནས་འོག་མར་ལྟུང་བའི་སྡུག་བསྔལ་ལོ། །གཉིས་པ་ཀུན་འབྱུང་གི་སྒོ་ནས་འཁོར་བར་འཇུག་པའི་རིམ་པ་བསམ་པ་ལ་གསུམ། ཉོན་མོངས་པའི་སྐྱེ་ཚུལ། དེས་ལས་གསོག་པའི་ཚུལ། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལོ། །དང་པོ་ལ་བཞི། ཉོན་མོངས་ངོས་བཟུང་བ། ཇི་ལྟར་སྐྱེ་བའི་རིམ་པ། ཉོན་མོངས་པའི་རྒྱུ། ཉོན་མོངས་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས། ཉོན་མོངས་སྤྱིའི་མཚན་ཉིད་དང་། སོ་སོའི་མཚན་ཉིད་དོ། །འདི་ལ་བཅུ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། འཇིག་ལྟ། མཐར་འཛིན་གྱི་ལྟ་པ༑ ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། ལོག་ལྟའོ། །གསུམ་པ་ཉོན་མོངས་པའི་རྒྱུ་ལ་དྲུག །རྟེན། དམིགས་པ། འདུ་འཛི། བཤད་པ། གོམས་པ། ཡིད་ལ་བྱེད་པའོ། །གཉིས་པ་དེས་ལས་གསོག་པའི་ཚུལ་ལ་གཉིས། བསག་པར་བྱ་བའི་ལས་ངོས་བཟུང་བ་དང་། དེ་ཇི་ལྟར་གསོག་པའི་ཚུལ་ལོ། །དང་པོ་ལ་གཉིས། སེམས་པའི་ལས་དང་། བསམ་པའི་ལས་སོ། །དེ་ཇི་ལྟར་གསོག་པའི་ཚུལ་ལ་གཉིས། ཚོར་བ་བདེ་བའི་དོན་དུ་གསོག་པ་དང་། ཚོར་བ་བཏང་སྙོམས་ཀྱི་ཕྱིར་དུ་གསོག་པའོ། །གསུམ་པ་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་གང་ནས་སྡུད་པ།

 ཤི་ནས་བར་དོ་འགྲུབ་ལུགས། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །གཉིས་པ་འཆི་སེམས་ལ་གསུམ། དགེ་བའི་སེམས་དང་ལྡན་པར་འཆི་བ། མི་དགེ་བའི་སེམས་དང་ལྡན་པར་འཆི་བ། ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བའོ། །གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ་བཞི། ཡན་ལག་གི་དབྱེ་བ། ཡན་ལག་གི་བསྡུ་བ། ཚེ་དུ་ལ་རྫོགས་པ། དེ་དག་གི་དོན་བསྡུ་བའི་ཚུལ་ལོ། །བཞི་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ལ་གཉིས། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ་དང་། ལམ་ཇི་འདྲ་བ་ཞིག་བསྒོམས་པས་འཁོར་བ་བཟློག་པའོ། །འདི་ལ་གསུམ། བསླབ་པ་གསུམ་གྱི་གྲངས་ངེས། གོ་རིམ་ངེས་པ། བསླབ་པ་གསུམ་གྱི་རང་བཞིན་ནོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ། བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །གཉིས་པ་ལ་བཞི། རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ། སྐྱེས་པའི་ཚད། ཆོ་གས་བཟུང་བའི་ཚུལ་ལོ། །དང་པོ་ལ་གསུམ། རྐྱེན་བཞི་ལས་སྐྱེས་ཚུལ། རྒྱུ་བཞི་ལས་སྐྱེས་ཚུལ། སྟོབས་བཞི་ལས་སྐྱེས་ཚུལ་ལོ། །གཉིས་པ་བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་ལ་གཉིས། ཇོ་བོ་རྗེའི་གཞུང་ལ་བརྟེན་ནས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱང་བ་དང་། འཕགས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་བདག་གཞན་བརྗེ་བའི་སྒོ་ནས་སྦྱང་བའོ། །དང་པོ་ལ་གཉིས། རིམ་པ་ལ་ངེས་པ་བསྐྱེད་པ་དང་། རིམ་ཅན་དུ་སྦྱང་བ་དངོས་སོ། །དང་པོ་ལ་གཉིས། ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལོ། །དང་པོ་ལ་གསུམ། ཐོག་མར་གལ་ཆེ་བ། བར་དུ་གལ་ཆེ་བ། ཐ་མར་གལ་ཆེ་བའོ། །གཉིས་པ་རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལ་གཉིས། མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ་དང་། །ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ལོ། །གཉིས་པ་རིམ་ཅན་དུ་སྦྱང་བ་དངོས་ལ་གསུམ། གཞན་དོན་དོན་གཉེར་གྱི་བློ་སྦྱང་བ། བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བ། སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་བཟུང་བའོ། །དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་དང་། བློ་དེ་བསྐྱེད་པ་དངོས་སོ། །དང་པོ་ལ་གཉིས། སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ་དང་། ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ། འདི་ལ་གསུམ། མར་བསྒོམ་པ། དྲིན་དྲན་པ་བསྒོམ་པ། དྲིན་དུ་གཟོ་བ་བསྒོམ་པའོ། །གཉིས་པ་བློ་དེ་བསྐྱེད་པ་དངོས་ལ་གསུམ། བྱམས་པ་བསྒོམ་པ།

 སྙིང་རྗེ་བསྒོམ་པ། ལྷག་བསམ་བསྒོམ་པའོ། །གཉིས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱང་བ་ལ་གསུམ། བདག་གཞན་བརྗེས་པའི་ཕན་ཡོན་དང་། མ་བརྗེས་པའི་ཉེས་དམིགས་བསམ་པ། བདག་གཞན་བརྗེ་བའི་བསམ་པ་གོམས་ན་བསྐྱེད་པར་ནུས་པ། བདག་གཞན་བརྗེ་བའི་ཚུལ་བསྒོམ་པའི་རིམ་པའོ། །བཞི་པ་ཆོ་གས་བཟུང་བ་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གསུམ། གང་ལ་བླང་བའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་བླང་བའི་ཆོ་གའོ། །འདི་ལ་གསུམ། སྦྱོར་བའི་ཆོ་ག་།དངོས་གཞིའི་ཆོ་ག་།མཇུག་གི་ཆོ་གའོ། །དང་པོ་ལ་གསུམ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ཚོགས་བསག་པ། བསམ་པ་སྦྱང་བའོ། །དང་པོ་ལ་གསུམ། གནས་བརྒྱན་ཞིང་རྟེན་བཀྲམ་ནས་མཆོད་རྫས་བཤམ་པ། གསོལ་བ་བཏབ་ཅིང་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པའོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ་གཉིས། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་དང་། སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །དང་པོ་ལ་བཞི། སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་ལ་བསླབ་པ། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་སེམས་བསྐྱེད་པ་ལ་བསླབ་པ། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བསླབ་པའོ། །སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་སེམས་བསྐྱེད་པ་ལ་གཉིས། སྨོན་སེམས་བསྐྱེད་པ་མི་གཏོང་བ་དང་། སྦེལ་བ་ལ་བསླབ་པའོ། །གཉིས་པ་སྐྱེ་བ་གཞན་དུ་ཡང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ་གཉིས། ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་སྤང་བ། མི་ཉམས་པར་བྱེད་པ་དཀར་པོའི་ཆོས་བཞི་བླང་བ་ལ་བསླབ་པའོ། །གསུམ་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལ་གསུམ། སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཚན། ཐབས་ཤེས་རེ་རེ་བ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ། བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པའོ། །འདི་ལ་གཉིས། ཐེག་པ་ཆེན་པོ་སྤྱི་ལ་བསླབ་ཚུལ་དང་། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་སློབ་པའི་ཚུལ་ལོ། །

དང་པོ་ལ་གསུམ། བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་སྦྱང་བ། སྤྱངས་ནས་རྒྱལ་སྲས་ཀྱི་སྡོམ་པ་བཟུང་བ། བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལོ། །འདི་ལ་གསུམ། གང་ལ་བསླབ་པའི་གཞི། དེར་བསླབ་པ་རྣམས་འདུས་ཚུལ། དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་གྲངས་ངེས་པ་དང་། ཞར་ལ་གོ་རིམ་ངེས་པ་བསྟན་པའོ། །དང་པོ་ལ་དྲུག །མངོན་མཐོ་ལ་བལྟོས་པའི་གྲངས་ངེས། དོན་གཉིས་བསྒྲུབ་པ་ལ་བལྟོས་པའི་གྲངས་ངེས། གཞན་དོན་རྣམ་པ་ཐམས་ཅད་པ་རྫོགས་པར་བསྒྲུབ་པ་ལ་བལྟོས་པའི་གྲངས་ངེས། ཐེག་ཆེན་ཐམས་ཅད་སྡུད་པ་ལ་བལྟོས་པའི་གྲངས་ངེས། ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཇོད་པའི་གྲངས་ངེས། བསླབ་པ་གསུམ་ལ་བལྟོས་པའི་གྲངས་ངེས་སོ། །ཞ་ར་ལ་གོ་རིམ་ངེས་པ་ལ་གསུམ། སྐྱེ་བའི་རིམ་པ། དམན་མཆོག་གི་རིམ་པ། རགས་ཕྲའི་རིམ་པའོ། །གསུམ་པ་དེ་ལ་ཇི་ལྟར་སློབ་པའི་རིམ་པ་ལ་གཉིས། སྤྱོད་པ་སྤྱི་ལ་སློབ་པའི་ཚུལ་དང་། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས། རང་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ཕར་ཕྱིན་དང་། གཞན་གྱི་རྒྱུད་སྨིན་པར་བྱེད་པ་བསྡུ་བ་བཞི་ལ་བསླབ་པའོ། །དང་པོ་ལ་དྲུག །སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ལ་བསླབ་པའི་ཚུལ་ལོ། །དང་པོ་ལ་བཞི། སྤྱིན་པའི་ངོ་པོ། དེ་བསྐྱེད་པ་ལ་འཇུག་པའི་ཐབས། སྦྱིན་པའི་རབ་དབྱེ། དེ་དག་གི་དོན་བསྡུ་བའོ། །གསུམ་པ་སྦྱིན་པའི་རབ་དབྱེ་ལ་གསུམ། རྟེན་ཐམས་ཅད་ཀྱིས་ཇི་ལྟར་བྱ་བ། རྟེན་སོ་སོ་ལ་བལྟོས་པའི་རབ་དབྱེ། སྦྱིན་པ་རང་གི་ངོ་བོའི་རབ་དབྱེའོ། །དང་པོ་ལ་གཉིས། དམ་པ་དྲུག་ལྡན་དུ་བྱ་བ་དང་། ཕར་ཕྱིན་དྲུག་ལྡན་དུ་བྱ་བའོ། །དང་པོ་ལ་དྲུག །རྟེན་དམ་པ། དངོས་པོ་དམ་པ། ཆེད་དུ་བྱ་བ་དམ་པ། ཐབས་མཁས་པ་དམ་པ། བསྔོ་བ་དམ་པ། རྣམ་པར་དག་པ་དམ་པའོ། །གསུམ་པ་སྦྱིན་པ་རང་གི་ངོ་བོའི་རབ་དབྱེ་ལ་གསུམ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཟང་ཟིང་གི་སྦྱིན་པའོ། །འདི་ལ་གཉིས། ཟང་ཟིང་དངོས་སུ་གཏོང་བའི་སྦྱིན་པ་དང་། བསམ་པ་ཙམ་གྱི་སྦྱིན་པའོ། །དང་པོ་ལ་གསུམ། ཟང་ཟིང་གཏོང་བའི་ཚུལ། གཏོང་མ་ནུས་ན་ཇི་ལྟར་བྱ་བ། སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པའོ། །དང་པོ་ལ་བཞི། གང་ལ་གཏོང་བའི་ཞིང་། གང་གིས་གཏོང་བའི་བསམ་པ། ཇི་ལྟར་གཏོང་བའི་སྦྱོར་བ། གང་གཏོང་བའི་དངོས་པོའོ། །བསམ་པ་ལ་གཉིས། བསམ་པ་ཇི་ལྟ་བུ་དང་ལྡན་པ་དགོས་པ། བསམ་པ་ཇི་ལྟ་བུ་སྤང་བ་དགོས་པའོ། །འདི་ལ་བདུན། ལྟ་ངན་མཆོག་ཏུ་འཛིན་པའི་བསམ་པ་མེད་པ། ཁེངས་པའི་བསམ་པ་མེད་པ། རྟེན་པའི་བསམ་པ་མེད་པ། ཞུམ་པའི་བསམ་པ་མེད་པ། རྒྱབ་ཀྱིས་ཕྱོགས་པའི་བསམ་པ་མེད་པ། ལན་ལ་ལྟ་བའི་བསམ་པ་མེད་པ། རྣམ་སྨིན་ལ་ལྟ་བའི་བསམ་པ་མེད་པའོ། །ཇི་ལྟར་གཏོང་བའི་སྦྱོར་བ་ལ་གཉིས། སྦྱོར་བ་ཇི་འདྲ་བས་མི་བཏང་བ་དང་། ཇི་ལྟ་བུས་གཏོང་བའོ། །བཞི་པ་ལ་གཉིས། གཏོང་བ་དང་མི་གཏོང་བའི་དངོས་པོ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལ་གཉིས། ནང་གི་དངོས་པོ་གཏོང་མི་གཏོང་དང་། ཕྱིའི་དངོས་པོ་གཏོང་མི་གཏོང་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། དུས་ཀྱི་སྒོ་ནས་བཏང་དུ་མི་རུང་བ། དགོས་པའི་སྒོ་ནས་བཏང་དུ་མི་རུང་བ། སློང་པ་པོའི་སྒོ་ནས་བཏང་དུ་མི་རུང་བའོ། །ཕྱིའི་དངོས་པོ་གཏོང་མི་གཏོང་རྒྱས་པར་བཤད་པ་ལ་གཉིས། ཕྱིའི་དངོས་པོ་མི་གཏོང་བའི་ཚུལ་དང་། གཏོང་བའི་ཚུལ་ལོ། །དང་པོ་ལ་ལྔ། དུས་ཀྱི་སྒོ་ནས་སྦྱིན་དུ་མི་རུང་བ། ཡུལ་གྱི་སྒོ་ནས་སྦྱིན་དུ་མི་རུང་བ། རྟེན་གྱི་སྒོ་ནས་སྦྱིན་དུ་མི་རུང་བ། དངོས་པོའི་སྒོ་ནས་སྦྱིན་དུ་མི་རུང་བ། དགོས་པའི་སྒོ་ནས་སྦྱིན་དུ་མི་རུང་བའོ། །སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པ་ལ་བཞི། མ་གོམས་པ། རྒུད་པ། ཆགས་པ། འབྲས་བུ་མ་མཐོང་བའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ལྔ། ཚུལ་ཁྲིམས་ཀྱི་ངོ་བོ། དེ་བསྒོམ་པ་ལ་འཇུག་པའི་ཐབས། ཚུལ་ཁྲིམས་ཀྱི་རབ་དབྱེ། དེ་དག་སྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །ཚུལ་ཁྲིམས་ཀྱི་རབ་དབྱེ་ལ་གསུམ། སྡོམ་པའི་ཚུལ་ཁྲིམས། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །བཟོད་པའི་ཕར་ཕྱིན་ལ་ལྔ། བཟོད་པའི་ངོ་བོ། དེ་བསྒོམ་པ་ལ་འཇུག་པའི་ཐབས། བཟོད་པའི་རབ་དབྱེ། དེ་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །བཟོད་པའི་རབ་དབྱེ་ལ་གསུམ། གནོད་བྱེད་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་དུ་ལེན་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པའོ། །དང་པོ་ལ་གཉིས། གནོད་བྱེད་ཀྱིས་གནོད་པ་བྱས་པ་ལ་མི་བཟོད་པ་དགག་པ་དང་། གནོད་བྱེད་འབྱོར་པ་མི་དགའ་ཞིང་རྒུད་པ་ལ་དགའ་བ་དགག་པའོ། །དང་པོ་ལ་གཉིས། བདེ་བའི་གེགས་བྱས་པ་དང་སྡུག་བསྔལ་བར་བྱས་པ་ལ་མི་བཟོད་པ་དགག་པ། བཀུར་བ་སོགས་ཀྱི་གེགས་བྱས་པ་དང་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གཉིས། ཁྲོ་བར་བྱ་བ་མི་རིགས་པར་བསྟན་པ་དང་། བརྩེ་བར་བྱ་བ་རིགས་པར་བསྟན་པའོ། །དང་པོ་ལ་གསུམ། ཡུལ་དང་། ཡུལ་ཅན་དང་། རྟེན་ལ་བརྟགས་ན་མི་རིགས་པའོ། །དང་པོ་ལ་བདུན། རང་དབང་ཡོད་མེད་བརྟགས་ན་མི་རིགས་པ། གློ་བུར་བ་དང་རང་བཞིན་གང་ཡིན་བརྟགས་ན་མི་རིགས་པ། དངོས་དང་བརྒྱུད་པ་གང་གིས་གནོད་པ་ལ་བརྟགས་ན་མི་རིགས་པ། གནོད་བྱེད་བསྐུལ་བའི་རྒྱུ་ལ་བརྟགས་ན་ཁྲོ་མི་རིགས་པ། ཡུལ་ལ་བརྟགས་ན་ཁྲོ་བོ་མི་རིགས་པ། ཡུལ་ཅན་ལ་བརྟགས་ན་ཁྲོ་བར་མི་རིགས་པ། རྟེན་ལ་བརྟགས་ཁྲོ་བར་མི་བརྟགས་པའོ། ། འདི་ལ་གཉིས། གནོད་པའི་རྒྱུ་དང་སྐྱོན་ཅན་སྐྱོན་མེད་ལ་བརྟག་པ། རང་གིས་ཁས་བླངས་པ་ལ་བརྟག་པའོ། །བཀུར་བ་སོགས་ཀྱི་གེགས་བྱས་པ་དང་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པ་ལ་གཉིས། བསྟོད་པ་སོགས་ཀྱི་གེགས་བྱས་པ་ལ་མི་བཟོད་པ་དགག་པ་དང་། བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གསུམ། བསྟོད་པ་སོགས་ལ་ཡོན་ཏན་མེད་པའི་ཚུལ་བསམ་པ། སྐྱོན་ཡོད་པའི་ཚུལ་བསམ་པ། དེ་ནས་དེ་དག་འགོག་པ་ལ་དགའ་བའོ། །གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྐྱེད་པ་ལ་གསུམ། སྡུག་བསྔལ་དང་ལེན་ངེས་པར་དགོས་པའི་རྒྱུ་མཚན། དེ་བསྐྱེད་པའི་ཐབས། གཞིའི་སྒོ་ནས་རྒྱས་པར་བཤད་པའོ། །གཉིས་པ་ལ་གཉིས། སྡུག་བསྔལ་བྱུང་བ་ལ་མཐའ་གཅིག་ཏུ་མི་དགའ་བར་འཛིན་པ་དགག་པ་དང་། སྡུག་བསྔལ་དེ་དང་དུ་ལེན་པར་འོས་པར་བསྟན་པའོ། །འདི་ལ་གསུམ། སྡུག་བསྔལ་རང་གི་ཡོན་ཏན་བསམ་པ། སྡུག་བསྔལ་གྱི་དཀའ་སྤྱད་བཟོད་པའི་ཡོན་ཏན་བསམ་པ། ཆུང་རིམ་ནས་གོམས་ན་མི་དཀའ་བའི་ཚུལ་ལོ། །གཉིས་པ་ལ་གཉིས། ཐར་པ་ལ་སོགས་པའི་དོན་ཆེ་བའི་ཕན་ཡོན་བསམ་པ། སྡུག་བསྔལ་དཔག་ཏུ་མེད་པ་ལྡོག་པའི་ཕན་ཡོན་བསམ་པའོ། །གཞིའི་སྒོ་ནས་རྒྱས་པར་བཤད་པ་ལ་བརྒྱད། གནས་ལ་བརྟེན་པ། འཇིག་རྟེན་གྱི་ཆོས་ལ་བརྟེན་པ། སྤྱོད་ལམ་ལ་བརྟེན་པ། ཆོས་ཡོངས་སུ་འཛིན་པ་ལ་བརྟེན་པ། སློང་མོས་འཚོ་བ་ལ་བརྟེན་པ། མངོན་པར་བརྩོན་པས་དུབ་པ་ལ་བརྟེན་པ། སེམས་ཅན་གྱི་དོན་བྱེད་པ་ལ་བརྟེན་པ། འཕྲལ་གྱི་བྱ་བ་ལ་བརྟེན་པའོ། །གསུམ་པ་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་བསྐྱེད་པ་ལ་གཉིས། མོས་པའི་ཡུལ། མོས་པའི་ཚུལ་ལོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ། བརྩོན་འགྲུས་ཀྱི་ངོ་བོ། དེ་ཉམས་སུ་ལེན་པ་ལ་འཇུག་པའི་ཐབས། བརྩོན་འགྲུས་ཀྱི་རབ་དབྱེ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །བརྩོན་འགྲུས་ཀྱི་རབ་དབྱེ་ལ་གཉིས། རབ་དབྱེ་དངོས་དང་། བརྩོན་འགྲུས་བསྐྱེད་པའི་ཐབས་སོ། །དང་པོ་ལ་གསུམ། གོ་ཆའི་བརྩོན་འགྲུས། དགེ་བའི་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །གཉིས་པ་བརྩོན་འགྲུས་དེ་བསྐྱེད་པའི་ཐབས་ལ་བཞི། བརྩོན་འགྲུས་ཀྱི་གེགས་འགལ་རྐྱེན་སྤང་བ། མཐུན་རྐྱེན་དཔུང་གི་ཚོགས་བསག་པ། དེ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་པ་ལྷུར་བླང་བ། དེ་ལས་ལུས་སེམས་ལས་སུ་རུང་བར་བྱ་ཚུལ་ལོ། །དང་པོ་ལ་གཉིས། མི་མཐུན་ཕྱོགས་ངོས་བཟུང་བ་དང་། དེ་སྤོང་པའི་ཐབས་བསྟེན་པའོ། །འདི་ལ་གསུམ། ཕྱི་བཤོལ་གྱི་ལེ་ལོ་འགོག་པ་དང་། བྱ་བ་ངན་པ་ལ་ཆགས་པ་དགག་པ། སྒྱིད་ལུག་པའམ་བདག་ཉིད་བརྙས་པ་དགག་པའོ། །འདི་ལ་གསུམ། ཐོབ་བྱ་ལ་སྒྱིད་ལུག་པ་དགག་པ་དང་། དེ་ཐོབ་པའི་ཐབས་ལ་སྒྱིད་ལུག་པ་དགག་པ་དང་། གང་དུ་གནས་ནས་བསྒྲུབ་པའི་གནས་ལ་ཞུམ་པ་དགག་པའོ། །གཉིས་པ་མཐུན་རྐྱེན་དཔུང་གི་ཚོགས་བསགས་པ་ལ་བཞི། མོས་པ། བརྟན་པ། དགའ་བའི་སྟོབས་བསྐྱེད་པ། དོར་བའི་སྟོབས་སོ། །བསམ་གཏན་གྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ། བསམ་གཏན་གྱི་ངོ་བོ། དེ་བསྒོམ་པ་ལ་འཇུག་པའི་ཐབས། བསམ་གཏན་གྱི་རབ་དབྱེ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །ཤེས་རབ་ཀྱི་བསླབ་པ་ལ་ལྔ། ཤེས་རབ་ཀྱི་ངོ་བོ། དེ་བསྐྱེད་པ་ལ་འཇུག་པའི་ཐབས། ཤེས་རབ་ཀྱི་རབ་དབྱེ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །གསུམ་པ་ཤེས་རབ་ཀྱི་རབ་དབྱེ་ལ་གསུམ། དོན་དམ་རྟོགས་པ། ཀུན་རྫོབ་རྟོགས་པ། སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་བོ། །གཉིས་པ་གཞན་གྱི་རྒྱུད་སྨིན་པར་བྱེད་པ་བསྡུ་བཞི་ལ་ལྔ། བསྡུ་བཞིའི་ངོ་བོ། བཞིར་བཞག་པའི་རྒྱུ་མཚན། བསྡུ་བཞིའི་བྱེད་ལས། འཁོར་སྡུད་པས་དེ་ལ་བརྟེན་དགོས་པ། ཅུང་ཟད་རྒྱས་པར་བཤད་པའོ། །འདི་ལ་གཉིས། འཇིག་རྟེན་གྱི་ཚུལ་དང་ལྡན་པའི་སྙན་སྨྲ། ཡང་དག་པའི་ཆོས་བསྟན་པ་དང་ལྡན་པའི་སྙན་སྨྲའོ། །ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་པ་ལ་དྲུག །ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཕན་ཡོན། དེ་གཉིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྡུད་བྱེད་དུ་བསྟན་པ། ཞི་གནས་དང་ལྷག་མཐོང་གི་ངོ་བོ། གཉིས་ག་བསྒོམ་དགོས་པའི་རྒྱུ་མཚན། གོ་རིམ་ངེས་པའི་ཚུལ། སོ་སོའི་བསླབ་ཚུལ་ལོ། །འདི་ལ་གསུམ། ཞི་གནས་ལ་བསླབ་ཚུལ། ལྷག་མཐོང་ལ་བསླབ་ཚུལ། དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ལོ། །དང་པོ་ལ་གསུམ། ཞི་གནས་ཀྱི་ཚོགས་བསྟེན་པ། དེ་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཚུལ། བསྒོམས་པས་ཞི་གནས་གྲུབ་པའི་ཚད་དོ། །དང་པོ་ལ་དྲུག །མཐུན་པའི་ཡུལ་ན་གནས་པ།

 འདོད་པ་ཆུང་བ། ཆོག་ཤེས་པ། བྱ་བ་མང་པོ་ཡོངས་སུ་སྤངས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། འདོད་པ་ལ་སོགས་པའི་རྣམ་རྟོག་ཡོངས་སུ་སྤངས་པའོ། །དེ་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཚུལ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །འདི་ལ་གཉིས། ལུས་ཀྱི་སྤྱོད་ལམ་ཇི་འདྲ་བས་བསྒོམ་པ། བསྒོམ་པའི་རིམ་པ་ཉིད་བཤད་པའོ། །འདི་ལ་གཉིས། ཏིང་ངེ་འཛིན་སྐྱོན་མེད་བསྐྱེད་པའི་ཚུལ་དང་། དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པའོ། །དང་པོ་ལ་གསུམ། སེམས་དམིགས་པ་ལ་གཏོད་པའི་སྔོན་དུ་ཇི་ལྟར་བྱ་བ། དམིགས་པ་ལ་གཏོད་པའི་དུས་སུ་ཇི་ལྟར་བྱ་བ། དམིགས་པ་ལ་གཏོད་པའི་འོག་ཏུ་ཇི་ལྟར་བྱ་བའོ། །དམིགས་པ་ལ་གཏོད་པའི་དུས་སུ་ཇི་ལྟར་བྱ་བ་ལ་གཉིས། སེམས་གང་ལ་འཇོག་པའི་གཞི་དམིགས་པ་ངོས་བཟུང་བ་དང་། དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལོ། །དང་པོ་ལ་གཉིས། དམིགས་པ་སྤྱིའི་རྣམ་པར་བཞག་པ་དང་། སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བའོ། །དང་པོ་ལ་གསུམ། དམིགས་པ་དངོས་བསྟན་པ། གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་བསྟན་པ། དམིགས་པའི་རྣམ་གྲངས་བསྟན་པའོ། །

གཉིས་པ་དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལ་གསུམ། སྐྱོན་མེད་པའི་ལུགས་བཞག་པ། སྐྱོན་དང་བཅས་པའི་ལུགས་བསལ་བ། ཐུན་གྱི་ཚད་བསྟན་པའོ། །གསུམ་པ་དམིགས་པ་ལ་གཏོད་པའི་འོག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བྱིང་རྒོད་བྱུང་བའི་དུས་སུ་ཇི་ལྟར་བྱ་བ། བྱིང་རྒོད་དང་བྲལ་བའི་དུས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། བྱིང་རྒོད་ངོས་མ་ཟིན་པའི་གཉེན་པོ་བསྟེན་པ། ངོས་ཟིན་ཀྱང་དེ་སྤང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པའོ། །དང་པོ་ལ་གཉིས། བྱིང་རྒོད་ཀྱི་མཚན་ཉིད་གཏན་ལ་དབབ་པ་དང་། བསྒོམ་པའི་དུས་སུ་དེ་རྟོགས་པའི་ཤེས་བཞིན་བསྐྱེད་པའི་ཐབས་སོ། །གཉིས་པ་ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པ་ལ་གཉིས། སེམས་པ་ངོས་བཟུང་ཞིང་བྱིང་རྒོད་འགོག་པའི་ཚུལ་དང་། གང་ལ་བརྟེན་ནས་བྱིང་རྒོད་སྐྱེ་བའི་རྒྱུ་ངོས་བཟུང་བའོ། །གསུམ་པ་དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པ་ལ་གསུམ། སེམས་གནས་སྐྱེ་བའི་རིམ་པ་དངོས། དེ་སྟོབས་དྲུག་གིས་འགྲུབ་ལུགས། དེ་ལ་ཡིད་ལ་བྱེད་པ་བཞི་ཡོད་པའི་ཚུལ་ལོ། །དང་པོ་ལ་དགུ། དེ་དང་དེ་ལ་སེམས་འཇོག་པ། རྒྱུན་དུ་འཇོག་པ། བླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པའོ། །བསྒོམས་པས་ཞི་གནས་གྲུབ་པའི་ཚད་ལ་གསུམ། ཞི་གནས་གྲུབ་པ་དང་མ་གྲུབ་པའི་ས་མཚམས་བསྟན་པ། ཞི་གནས་ལ་བརྟེན་ནས་ལམ་བགྲོད་ཚུལ་སྤྱིར་བསྟན་པ། ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་བསྟན་པ་དང་། ཡིད་བྱེད་དང་ལྡན་པའི་རྟགས་དོགས་གཅོད་དང་བཅས་པའོ། །གསུམ་པ་ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པ་ལ་གཉིས། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བགྲོད་པའི་སྔོན་དུ་ཞི་གནས་ཐོབ་དགོས་པར་བསྟན་པ་དང་། ཞི་གནས་ལ་བརྟེན་ནས་འདོད་པ་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཚུལ་ལོ། ། གཉིས་པ་ལྷག་མཐོང་ལ་བསླབ་པའི་ཚུལ་ལ་བཞི། ལྷག་མཐོང་གི་ཚོགས་བསྟེན་པ། ལྷག་མཐོང་གི་རབ་དབྱེ། ལྷག་མཐོང་སྒོམ་པའི་ཚུལ། བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་དོ། །དང་པོ་ལ་གསུམ། དྲང་དོན་དང་ངེས་དོན་གྱི་གསུང་རབ་ངོས་བཟུང་བ་དང་། ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་ཇི་ལྟར་བྱུང་བ། སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལོ། །འདི་ལ་གཉིས། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་དང་། དེ་ཁོ་ན་ཉིད་གཏན་ལ་དབབ་པ་དངོས་སོ། །འདི་ལ་གསུམ། རིགས་པའི་དགག་བྱ་ངོས་བཟུང་བ། དེ་འགོག་པ་དེ་ཐལ་རང་གང་གིས་བྱེད་པ། བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ། དགག་བྱ་ལེགས་པར་ངོས་ཟིན་དགོས་པའི་རྒྱུ་མཚན། དགག་བྱ་ངོས་མ་ཟིན་པར་འགོག་པའི་གཞན་ལུགས་དགག་པ། རང་གི་ལུགས་ཀྱི་དགག་བྱ་ངོས་འཛིན་པའི་ཚུལ་ལོ། །གཉིས་པ་དགག་བྱ་ངོས་མ་ཟིན་པར་འགོག་པའི་གཞན་ལུགས་དགག་པ་ལ་གཉིས། དགག་བྱ་ངོས་འཛིན་ཧ་ཅང་ཁྱབ་ཆེས་པ་དགག་པ། དགག་བྱ་ངོས་འཛིན་ཁྱབ་ཆུངས་པ་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་མི་འཐད་པར་བསྟན་པའོ། །འདི་ལ་གཉིས། ལུགས་དེས་དབུ་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཀག་པར་བསྟན་པ། གནོད་བྱེད་བརྗོད་པ་རྣམས་ཀྱིས་སུན་མི་ཕྱིན་པར་བསྟན་པའོ། །དང་པོ་ལ་གསུམ། དབུ་མའི་ཁྱད་ཆོས་ངོས་བཟུང་བ། ལུགས་དེས་དེ་ཇི་ལྟར་བཀག་པའི་ཚུལ། དེ་ལ་དབུ་མ་པས་ལན་ཇི་ལྟར་བཏབ་པའོ། །གཉིས་པ་གནོད་བྱེད་བརྗོད་པ་རྣམས་ཀྱིས་སུན་མི་ཕྱིན་པར་བསྟན་པ་ལ་བཞི། རིགས་པས་དཔྱད་བཟོད་མི་བཟོད་བརྟགས་ནས་བཀག་པས་སུན་འབྱིན་མི་ནུས་པ། ཚད་མས་གྲུབ་མ་གྲུབ་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ། མུ་བཞིའི་སྐྱེ་བ་ཡིན་མིན་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ། དངོས་པོ་ཡོད་མེད་སོགས་ཀྱི་མུ་བཞི་ཀ་འགོག་པ་གནོད་བྱེད་དུ་མི་རུང་བར་བསྟན་པའོ། །གསུམ་པ་རང་ལུགས་ཀྱི་དགག་བྱ་ངོས་བཟུང་བ་ལ་གསུམ། དངོས་ཀྱི་དོན་དགག་བྱ་ངོས་བཟུང་བ། དེ་དགག་བྱ་གཞན་ལ་སྦྱོར་མི་སྦྱོར་གྱི་ཚུལ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་བཤད་པའོ། །གཉིས་པ་དགག་བྱ་འགོག་པ་དེ་ཐལ་རང་གང་གིས་བྱེད་པ་ལ་གཉིས། ཐལ་རང་གི་དོན་ངོས་བཟུང་བ། དེ་གཉིས་སུའི་རྗེས་སུ་འབྲངས་ནས་ལྟ་བ་རྒྱུད་ལ་བསྐྱེད་པའོ། །དང་པོ་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །འདི་ལ་བཞི། ལུགས་དང་པོ་དགག་པ། ལུགས་གཉིས་པ་དགག་པ། །ལུགས་གསུམ་པ་དགག་པ། ལུགས་བཞི་པ་དགག་པའོ། །གཉིས་པ་རང་ལུགས་བཞག་པ་ལ་གཉིས། རང་རྒྱུད་སུན་དབྱུང་བ་དངོས་དང་། དེ་རང་ལ་མི་མཚུངས་པའི་ཚུལ་ལོ། །དང་པོ་ལ་གཉིས། གཞི་ཆོས་ཅན་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་བསྟན་པ་དང་། སྐྱོན་དེས་གཏན་ཚིགས་ཀྱང་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །འདི་ལ་གཉིས། དོན་མི་འཐད་པ་དང་། དཔེ་བཀོད་པ་དང་མི་འདྲ་བའོ། །གསུམ་པ་བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལ་གསུམ། གང་ཟག་གི་བདག་མེད་གཏན་ལ་དབབ་པ། ཆོས་ཀྱི་བདག་མེད་གཏན་ལ་དབབ་པ། ལྟ་བ་དེ་དག་གོམས་པས་སྒྲིབ་པ་སྤོང་ཚུལ་ལོ། །དང་པོ་ལ་གསུམ། བདག་རང་བཞིན་མེད་པར་གཏན་ལ་དབབ་པ་དངོས། དེས་བདག་གི་བ་ཡང་རང་བཞིན་མེད་པར་གྲུབ་པར་བསྟན་པ། རིགས་པ་དེ་རྣམས་གཞན་ལ་ཡང་སྦྱར་བའི་ཚུལ་ལོ། །དང་པོ་ལ་གཉིས། དཔེ་བཀོད་པ་དང་། དོན་ལ་སྦྱར་བའོ། །དང་པོ་ལ་བཞི། ཤིང་རྟ་རང་བཞིན་མེད་པའི་བཏགས་ཡོད་དུ་བསྟན་པ། དེ་ལ་རྩོད་པ་སྤང་བ། མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་པའི་ཚུལ། དེ་ལ་བརྟེན་ནས་མྱུར་དུ་ལྟ་བ་རྙེད་པའི་ཕན་ཡོན་ནོ། །གཉིས་པ་དོན་ལ་སྦྱར་བ་ལ་གཉིས། རང་བཞིན་མེད་པའི་ཚུལ་དོན་ལ་སྦྱར་བ་དང་། མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་ཚུལ་དོན་ལ་སྦྱར་བའོ། །དང་པོ་ལ་བཞི། བདག་ཕུང་པོ་དང་གཅིག་པའི་ཕྱོགས་དགག་པ། བདག་ཕུང་པོ་དང་ཐ་དད་པའི་ཕྱོགས་དགག་པ། དེས་ཕྱོགས་ལྷག་མ་རྣམས་ཀྱང་ཁེགས་པར་འགྱུར་བ། དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་བའི་ཚུལ་ལོ། །གསུམ་པ་ལྷག་མཐོང་བསྒོམ་པའི་ཚུལ་ལ་གཉིས། ལུགས་གཞན་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་བཞི། གཞན་ལུགས་དགག་པ་དང་པོ། གཉིས་པ། གསུམ་པ། བཞི་པ་དང་བཞིའོ། །རང་ལུགས་བཞག་པ་ལ་གསུམ།འཇོག་སྒོམ་དཔྱད་སྒོམ་གཉིས་ཀ་དགོས་པའི་རྒྱུ་མཚན། དེ་ལ་རྩོད་པ་སྤང་བ། སྐྱོང་ཚུལ་གྱི་གནད་བསྡུས་ཏེ་བཤད་པའོ། །བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཀྱི་ས་བཅད་རྫོགས་སོ།། །།སརྦ་མངྒལཾ།། །།

༼   ཆོས་སྐྱོང་རྒྱལ་གྱིས་གཏགས་ཤིང་སེར་གཙུག་གི་དཔེ་ལ་གཏུགས་ཏེ་དམར་ཞུས་བྱས་པའོ། །༽


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། spr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505192
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།