༢༠༡༧ལོའི་རྭ་རྒྱའི་སློབ་མའི་སྤྱི་ཕན་བྱ་འགུལ་ཕྱོགས་བསྡུས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཐོན་མིའི་སློབ་གསོ། »༢༠༡༧ལོའི་རྭ་རྒྱའི་སློབ་མའི་སྤྱི་ཕན་བྱ་འགུལ་ཕྱོགས་བསྡུས།
༢༠༡༧ལོའི་རྭ་རྒྱའི་སློབ་མའི་སྤྱི་ཕན་བྱ་འགུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-02-10ལྟ་ཀློག (9903)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༡༧ལོའི་རྭ་རྒྱའི་སློབ་མའི་ཐོན་མིའི་སློབ་གསོའི་དམངས་ཕན་བྱ་འགུལ་ཕྱོགས་བསྡུས། 

རྔ་བའི་ཐོན་མིའི་སློབ་ཚིགས་ཀྱིས་སྤེལ་བའི་གསབ་སྦྱོང་འཛིན་གྲྭ། 

སྤྱི་ལོ་༢༠༡༨ལོའི་ཟླ༡བོའི་ཚེས་༢༥ཉིན་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྡུས་པའི་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པའི་མཇུག་སྡོམ་གྱི་ཚོགས་འདུ་གཟབ་རྒྱས་ངང་འཚོགས།ཐེངས་འདིའི་གསོ་སྦྱོང་སྟེང་དུ་སུམ་རྟགས་དང་ཡིག་གཟུགས་ཁྲིད་པར་མ་ཟད་ཨེ་འགོག་དང་དུག་རིགས་སྔོན་འགོག་གི་སྐོར་ཡང་འཆད་ཁྲིད་བྱས་པར་མ་ཟད་མཇུག་སྡོམ་ཉིན་དང་བསྟུན་ནས་བོད་ཀྱི་ན་གཞོན་སྙན་ངག་པ་འབའ་སྣང་གྲོལ་གྱིས་སྔོ་དྲོར་ཆུ་ཚོད་གཅིག་གི་རིང་དུ་སློབ་མ་ཉིས་བརྒྱ་ལྷག་ལ་རང་གི་མྱོང་བ་དང་འབྲེལ་ནས་སྙན་ངག་གི་གཞི་རྩའི་རྩ་དོན་འགའ་གླེང་བ་ཞེས་པའི་བརྗོད་གཞིའི་སྟེང་ནས་རང་གི་ཉམས་མྱོང་དང་འབྲེལ་བའི་སྙན་ངག་གི་ངོས་འཛིན། སྙན་ངག་འབྲི་བའི་སྔོན་འགྲོའི་རྩ་དོན།  སྙན་ངག་གི་མཐར་ཐུག་གི་འབབ་སའི་གནད།  རང་ཉིད་ཀྱིས་ཆེས་ཞུ་སྙིང་འདོད་པའི་རེ་བ་སོགས་ས་བཅད་བཞིའི་སྟེང་ནས་གོ་སླ་ཞིང་ཉན་སྤྲོ་བའི་གཏམ་བཤད་གནང་  རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་འགན་འཛིན་པ་མགར་པདྨ་ལགས་ཀྱིས་འགོ་འཛིན་གནང་སྟེ་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་མཁར་མཆོག་སྤྲུལ་བཀྲ་ཤིས་དོན་གོ་དང་ཚོང་རམས་མགར་དོན་གྲུབ། རྒན་གནམ་བརྟན་རྣམས་རེ་རེ་ནས་ངོ་སྤྲོད་བྱས་པར་མ་ཟད། ཐེངས་འདིའི་གསོ་སྦྱོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་མཆོག་སྤྲུལ་མཁར་བཀྲ་ཤིས་དོན་ཁོ་ལགས་དང་། སློབ་གྲོགས་འཇམ་དབྱངས་རྒྱ་མེ་སོགས་དགེ་རྒན་དང་སློབ་གྲོགས་ཡོངས་ཀྱིས་འབད་འབུངས་བྱས་པའི་གྲུབ་འབྲས་ལ་བསྔགས་བརྗོད་དང་མདོ་འཛིན་བྱས།སྤྲུལ་བཀྲ་ཤིས་དོན་གོ་ལགས་ཀྱིས་སློབ་མ་ཚོར་མི་གཞིི་ཀུན་སྤྱོད་སྐོར་ནས་ཡིད་ལ་འབབ་བདེ་བའི་ངང་ནས་གསུང་བཤད་གལ་ཆེན་གནང་། ཚོང་རམས་པ་མགར་དོན་གྲུབ་ལགས་ཀྱིས་ཀྱང་རང་གི་ཚོང་ལས་སྐོར་གྱི་ཉམས་མྱོང་དང་འབྲེལ་ཏེ་རིག་གནས་གལ་ཆེན་སྐོར་གྱི་གསུང་བཤད་གནང་ལ། དེའི་འཕྲོར་དགེ་རྒན་ས་སྒང་འཇམ་དབྱངས་མཁྱེན་རབ་དང་མགར་ཡེ་ཤེས། ཁཱ་ཤེས་རབ་རྒྱ་མཚོ་སོགས་ཀྱིས་ཀྱང་ཁོར་ཡུག་གཙང་སྦྲ་དང་སློབ་ཁྲིད་ལ་ཉན་སྟངས་སོགས་ད་ཐེངས་གསོ་སྦྱོང་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་སོགས་དང་འབྲེལ་ནས་གནད་ཁེལ་བའི་གསུང་བཤད་མང་བོ་གནང་། ལྷག་ཏུ་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭར་མཐུན་རྐྱེན་སྦྱོར་མཁན་གྱི་མཁར་སྤྲུལ་བཀྲ་ཤིས་དོན་ཁོ་ལགས་ཀྱིས་སློབ་མ་ཚོར་ཁོང་གིས་གཉེར་བའི་༼ཁ་བའི་བུ་མོ༽ཞེས་པའི་ལོ་དེབ་རེ་གནང་བ་དང་།    དེ་དང་ཆབས་ཅིག་ཏུ་དགེ་རྒན་ས་སྒང་འཇམ་དབྱངས་མཁྱེན་རབ་མཆོག་གིས་ཀྱང་ཁོང་གིས་འགྲེལ་བ་གནང་བའི་བྱིས་པའི་དག་ཡིག་རེ་ལེགས་སྐྱེས་སུ་ཕུལ། མཇུག་ཏུ་སྐུ་མགྲོན་རྣམ་པར་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་ཁ་བཏགས་དཀར་པོ་དང་བཀའ་དྲིན་ཞུ་ཡིག་སོགས་ཕུལ་ཏེ་གསོ་སྦྱོང་འཛིན་གྲྭ་རྒྱལ་ཁ་དང་གཟི་བརྗིད་ཀྱིས་ངང་ནས་མཇུག་བསྡུས།

ཀན་ལྷོའི་ཐོན་མིའི་སློབ་ཚོགས་ཀྱི་སྤྱི་ཕན་གྱི་བྱ་བ།

མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་སློབ་གསོ་རོགས་སྐྱོར་ཚོགས་པས་གཙོ་སྒྲུབ་མཛད་པའི༼ལྔ་རིག་པད་དཀར་གྲོལ་གླིང་༽གི་རིག་གནས་གསབ་སྦྱོང་འཛིན་གྲྭ་ཐེངས་ལྔ་བའི་སྟེང་ཀན་ལྷོའི་སློབ་ཚོགས་ཀྱི་ཚབ་བྱེད་མི་སྣ་རྫ་ཤུལ་བློ་བཟང་རྒྱ་མཚོ། ཙ་ཡུས་བཟོད་པ་རྒྱ་མཚོ། རྨ་ཆུའི་འཇིགས་མེད་རྒྱ་མཚོ་བཅས་ཀྱིས། སྙན་ངག་སྤྱི་དོན། ལེགས་བཤད་ལྗོན་དབང་། དཀའ་གནད་གསལ་བའི་མེ་ལོང་། ལོ་རྒྱུས་སྤྱི་བཤད། སློབ་ཆུང་དག་ཡིག ཐོབ་ཐང་ངོས་འཛིན། ལོ་རིམ་སོ་སོའི་སློབ་དེབ། བོད་ཡིག་ངོས་འཛིན་སློབ་དེབ་བཅས་ཁྲིད། གཞན་ཧྲེང་ཧེ་སློབ་གྲྭ་ཆེན་མོ་སོགས་ནས་ཕེབས་པའི་རྒྱ་རིགས་དགེ་རྒན་རྣམ་པས་རྒྱ་ཡིག དབྱིན་ཡིག རྩིས་རིག་བཅས་ཉིན་ཉི་ཤུའི་རིང་ཁྲིད། གདན་ཞུས་དགེ་རྒན། ལྔ་རིག་སྨྲ་བ་དགེན་རྫ་ཤུལ་བློ་བཟང་རྒྱ་མཚོ་ཚང་གཙོས། ༸སྐྱབས་རྗེ་བླ་མ་གནས་བཞི་གྲུབ་ཆེན་རིན་པོ་ཆེའི་སློབ་མ་ནང་ལོག་ནས་རྒྱ་ཡིག་དང་དབྱིན་ཡིག་རྩིས་རིག་སོགས་ལ་བྱང་ཆ་ལྡན་པའི་སློབ་ཆེན་དགེ་རྒན་འགའ་ཞིག་ལོ་རེ་བཞིན་ཕེབས་ནས་དགུན་གནང་སྐབས་ཀྱི་སློབ་ཁྲིད་ལ་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་དང་སྨིན་བཞིན་ཡོད་པ་ནི་ལོ་རེ་རེའི་སློབ་མའི་གྲངས་དང་ཀུན་སྤྱོད། སློབ་འབྲས་བཅས་ལ་དཔག་ན་བཤད་མ་དགོས་པའི་གཏམ་མོ། ། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་ནས་ཡོང་བའི་སློབ་ཞུགས་སློབ་མ༢༣༡ཡོད། རྒྱུགས་ལ་ཞུགས་པ༢༡༦ཡོད། སློབ་རིམ་ལྔ་ལ་བགོས། སློབ་ཆུང་ལོ་རིམ༡-༢གཉིས་ལ་སློབ་མ༣༡ཡོད། སློབ་ཆུང་ལོ་རིམ༣-༤གཉིས་ལ་སློབ༤༧ཡོད། སློབ་ཆུང་ལོ་རིམ༥-༦གཉིས་ལ་སློབ་མ༥༡ཡོད། དམའ་འབྲིང་ལ་སློབ་མ༥༥ཡོད། མཐོ་འབྲིང་དང་སློབ་ཆེན་སློབ་མ༣༢ཡོད། གཙོ་སྒྲུབ་པ། མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་སློབ་གསོ་རོགས་སྐྱོར་ཚོགས་པ། ཚོགས་གཙོ་སྤྲུལ་སྐུ་དཀོན་དཀོན། ཚོགས་གཙོ་གཞོན་པ་ནང་ཆེན་སྤྲུལ་སྐུ་བཅས་ཚོགས་པ་འདི་བླ་སྤྲུལ་དང་སྐྱ་སེ་ར་ཞེ་གཉིས་ལས་གྲུབ་པ་ཡིན། ༢༠༡༣ལོ་ནས༢༠༡༧ལོའི་བར་ལོ་ངོ་ལྔའི་རིང་སློབ་མ་ཆིག་སྟོང་ལ་ཉེ་བ་ཞིག་ལ་སློབ་དངུལ་མ་བསྡུས་པར་མ་ཟད། སློབ་མ་རེ་རེ་ལ་སློབ་དེབ། འབྲི་ཤོག སྨྱུ་གུ་སོགས་གང་མཁོ་གནང་སྦྱིན། རྒྱུགས་འབྲས་དང་། ཀུན་སྤྱོད་བཟང་བ་བདམས་ནས་གཟི་བརྗིད་དཔང་ཡིག་དང་བྱ་དགའ་གང་འོས་རེ་འབུལ་བཞིན་མ་འོངས་བོད་ཀྱི་བུ་བུ་མོ་དག་ལ་ཤེས་རིག་གི་ལམ་བུ་འདི་ལྟར་བསྐྲུན་པའི་སྐབས་ལགས་སོ། །

2017ལོའི་སྤྱི་ཟླ་7པའི་ཚེས་7ཉིན། མང་རྫོང་ཐོན་མིའི་སློབ་ཚོགས་ཀྱིས་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དུ་ཐོན་མིའི་ཤེས་རིག་ཁ་པར་ཆེད་ཚོང་ཞེས་པའི་ས་གནས་དེ་གའི་ཆེས་ཆེ་བའི་ཁ་པར་ཆེད་ཚོང་ཁང་ཞིག་བཙུགས། སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་དང་དཔལ་འབྱོར་དོ་དམ་རིག་པའི་ཆེད་མཁས་པ་རྒན་ཚེ་རིང་རྡོ་རྗེ་སོགས་འབྲེལ་ཡོད་མི་སྣ་ཉིས་བརྒྱ་ལྷག་མཛད་སྒོའི་སྟེང་ཞུགས་ནས་གཏམ་བཤད་གནང་ཞིང་ཐུགས་སྤྲོའི་དཔལ་ལ་རོལ། ཁེ་ལས་ཆུང་ངུ་འདིས་ད་སྔ་ཚོང་ཁང་དང་དྲྭ་ལམ་གཉིས་ཆ་བརྒྱུད་ནས་རྒྱུ་སྤུས་དག་ལ་རིན་གོང་ཚད་ལྡན་ཡིན་པའི་ཁ་པར་དང་གློག་ཆས་སྣ་ཚོགས་བོད་ཁམས་ཡོངས་ལ་ཁ་གཏད་དེ་ཕྱིར་ཚོང་བྱེད་བཞིན་ཡོད་ཅིང་། བོད་རིགས་རོང་འབྲོག་མང་ཚོགས་ལ་རང་གི་སྐད་ཡིག་བཀོལ་བའི་ཞབས་ཞུ་གཙོར་བཟུང་ཡོད་པ་མ་ཟད། གླུ་གཞས་དང་མཉེན་ཆས་ཕབ་ལེན། འཆར་ངོས་སྲུང་ཤེལ་སྦྱོར་བ་སོགས་རིན་མེད་དང་། མཐོ་འབྲིང་ཡན་གྱི་སློབ་མ་དང་དབང་བོ་སྐྱོན་ཅན། དབུལ་ཁྱིམ་དཔང་ཡིག་ཅན་བཅས་ལ་དམིགས་བསལ་བསྟེར་བཞིན་ཡོད་ལ། ཁ་པར་རེའི་ཁེ་སྤོགས་ལས་བརྒྱ་ཆའི་ལྔ་སྤྱི་ཕན་དགེ་ལས་ཀྱི་ཕྱོགས་གཏོང་འཆར་འདུག་པ་དང་། རྒྱུན་གནས་ལས་བཟོ་བ་བཞི་དང་དྲྭ་ལམ་ཞབས་ཞུ་བ་བརྒྱད་བཅས་ཁྱོན་ལས་བཟོ་བ་བཅུ་གཉིས་ལ་ཟླ་རེ་བཞིན་འོས་འཚམ་གྱི་ཟླ་ཕོགས་སྤྲོད་བཞིན་ཡོད། 


བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་ཚོགས་ཀྱི་བསྡུས་འཕྲིན།
 ༼ཐོན་མིའི་སློབ་གསོ་དཔར་ལས་ཁང་༽ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་ས་གནས་ཀྱི་སློབ་མ་རྣམས་སྤྱི་མཐུན་གྱིས་བསྒྲུབས་པའི་ཚད་ལྡན་རང་བཞིན་དང་སྲིད་གཞུང་གི་ཆོག་མཆན་ཐོབ་ཡོད་པའི་རིག་གནས་ཞབས་ཞུའི་ས་ཚིགས་ཤིག་ཡིན། སྤྱི་ལོ2016ལོའི་ཟླ11ཚེས་4ཉིན་དཔར་ཁང་འདི་ཐོག་མར་སྒོ་ཕྱེས་ཤིང་།  སྤྱི་ལོ2017ཟླ8ཚེས་1ཉིན། དཔར་ཁང་དུ་སྔོན་དང་མི་འདྲ་བའི་འཐུས་ཚང་གི་འཕྲུལ་ཆས་སྣ་འཛོམས་བསྒྲིགས་ཤིང་གཞི་རྒྱ་ཆེན་པོའི་སྒོ་ནས་དཔར་ཁང་རྒྱ་བསྐྱེད་ཅིང་ས་གནས་སྤར།  ལས་བཟོའི་ལག་རྩལ་བ་ཡང་ཆེད་ལས་རང་བཞིན་གྱི་སྦྱངས་པ་ཚད་མཐོ་ཐོབ་ཡོད་པའི་མི་སྣ་གདན་འདྲེན་ཞུས་ཤིང་། ས་གནས་ཀྱི་སློབ་གྲོགས་འགའ་ཡང་ལས་ཞུགས་སློབ་སྦྱོང་དང་མཉམ་དུ་ས་གནས་མང་ཚོགས་ཀྱི་དགོས་མཁོ་ལྟར་གྱི་ཞབས་ཞུ་སྣ་མང་སྒྲུབ་བཞིན་ཡོད་པར་མ་ཟད།  དཔར་ཁང་གི་ལས་ཞོར་བྱ་འགུལ་ཡང་ལོ་གཅིག་གི་སྤྱི་སྡོམ་ཡོང་འབབ་ལས་བརྒྱ་ཆའི་ལྔ་སྤྱི་ཕན་དགེ་ལས་ཀྱི་ཕྱོགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཤིང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་ལས་སྦྱིན་བདག་གི་ལག་རྟགས་ཅན་དག་ལ་བརྒྱ་ཆའི་ལྔའི་རིན་གོང་མར་གཅོག་གི་དྲིན་གཟོའི་ཞབས་ཞུ་སྒྲུབ་བཞིན་ཡོད། དེ་དང་ཞོར་དུ། སྤྱི་ལོ་2017ཟླ་10 བའི་ཚེས་27ཉིན་ས་གནས་སློབ་གྲོགས་སྐོར་ཞིག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྒྲུབ་ཁེ་ལས་སམ། གངས་ལྗོངས་གཅེས་ནོར་བཟོ་གྲྭའི་འོ་ཕྱེ་དང་སྤྲི་ཆུར། དེ་མིན་རེ་བའི་བོད་ཇ་སོགས་མཚོ་ལྷོ་ས་ཁུལ་གྱི་ཕྱིར་འཚོང་གི་ལས་འགན་ཕྲག་ཏུ་ཁུར་ཏེ། ༼གངས་ལྗོངས་གཅེས་ནོར་ཚོང་ཤག་མཚོ་ལྷོའི་ས་ཚིགས་དང་བོ་༽བྲག་དཀར་རྫོང་དུ་གཏན་ཁེལ་ཐག་བཅད་ཀྱི་བྱ་བ་ལེགས་འགྲུབ་བྱུང་སྟེ་མི་འགྱང་བར་ས་ཚིགས་གཉིས་པ་དང་གསུམ་པ་སོགས་རིམ་གྱིས་བཙུགས་ཏེ་སྔར་ལས་འཐུས་ཚང་བའི་སྒོ་ནས་མདུན་དུ་བསྐྱོད་པའི་དམ་བཅའ་གཡོ་བ་མེད་པ་ལགས་སོ།།
     

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་མཐར་ཕྱིན་སློབ་མ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་རྒན་དཀར་མོ་ཡེ་ཤེས་ཀྱིས་༧སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེའི་རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་མཚོ་ལས་འཁྲུངས་པའི་འབའ་ཡུལ་པོ་ཏ་ལར་ཆོས་རིག་གསབ་སྦྱོང་སྐབས་བཅོ་ལྔ་བ་ཨ་ལགས་བསྟན་པའི་རྒྱལ་མཚན་ཚང་དང་ཨ་ལགས་སྐུ་བོའུ་ཚང་རྣམ་པ་གཉིས་དབུར་བཞུགས་ནས་མདོ་སྨད་ཀླུ་ཚང་དགོན་ཆེན་གྱི་དགེ་བཤེས་བློ་ཆོས་དང་དྷི་ཚ་དགོན་ཆེན་དགེ་བཤེས་འཇམ་དབྱངས་བཟོད་པ། གསེར་ལག་དགོན་ཆེན་དགེ་བཤེས་ཀླུ་སྒྲུབ་སོགས་མདོ་སྔགས་གཉིས་ཀར་མཁས་པའི་དགེ་བཤེས་འགའ་དང་མཉམ་དུ་འབའ་ཡུལ་པོ་ཏ་ལའི་གསབ་སྦྱོང་སྐབས་བཅོ་ལྔ་བ་ད་ལོའི་དགུན་གནང་གི་སྐབས་སུ་བསྒྲུབས། སློབ་ཆེན་དང་། མཐོ་འབྲིང་། དམའ་འབྲིང་གསུམ་གྱི་སློབ་མ་བཞི་བརྒྱ་ལྷག་ལ་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་དང་། དབྱངས་ཅན་སྒྲ་མདོ། གྲུབ་མཐའ་རིན་ཆེན་འཕྲེང་བ། དངུལ་ཆུ་ཡབ་སྲས་ཀྱི་སི་ཏུའི་ཞལ་ལུང་། བསྡུས་གྲྭའི་རིགས་ལམ་དང་གྲངས་ཀྱི་རིག་པ་བཅས་རྒྱས་པར་ཁྲིད། 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་དགེ་འདུན་ཡེ་ཤེས་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དམེ་རྒྱ་སྡེ་བའི་མི་ཡིན་ཞིང་། ཆུང་དུས་ནས་རབ་ཏུ་བྱུང་སྟེ་དགོན་གསར་ རིན་ཆེན་དགེ་འཕེལ་གླིང་གི་ཆོས་སྒོར་ཞུགས་ཤིང་འདོན་ཆོས་ཕྱག་ལེན་སོགས་ལ་སྦྱང་བ་བྱས་ཤིང་། ༢༠༠༩ལོར་སློབ་གླིང་འདིར་ཞུགས་ནས་བགྲང་བྱ་བཞིའི་རིང་ལ་མི་གཤིས་བཟང་ཞིང་སྤྱོད་པ་ཚུལ་མཐུན།  སློབ་ལ་བརྩོན་པའི་སྒོ་ནས་འབྲས་བུ་གཡུར་དུ་ཟ་བ་བླངས་ནས་༢༠༡༣ལོར་སློབ་མཐར་ཕྱིན། ༢༠༡༣ལོར་རང་དགོན་དུ་གྲྭ་ཕྲུག་བཞི་བཅུ་ལྷག་བསྡུས་ཏེ་སྐུ་ཕྱོགས་སྒོ་མང་ཚང་གིས་དགོན་གསར་གཙུག་ལག་དགའ་ཚལ་གླིང་ཞེས་པའི་སློབ་གྲྭ་ཞིག་བཙུགས་ཡོད་ལ།  དེར་དགོན་གསར་དགོན་གྱི་ཨ་ཁུ་རྒན་པ་ཚོ་དང་ལས་ཀྱི་སྣེ་མོ་བ་དག་གི་བཀའ་བཞིན་རིག་གནས་དགེ་རྒན་གྱི་འགན་འཁུར་བཞེས་ཤིང་།   དེ་ནས་བཟུང་ད་ལྟའི་བར་དུ་སློབ་དེབ་ཆ་ཚང་མ་ཡུམ་སློབ་གྲྭའི་སློབ་དེབ་བཀོལ་སྤྱོད་བྱས་ནས་རྨང་གཞིའི་སློབ་དེབ་ནས་འགོ་བཟུང་སྟེ་འཛིན་གྲྭ་གོང་མ་ལ་སྙན་ངག་དང་།   འཛིན་གྲྭ་བར་མ་ལ་རྟགས་འཇུག   འཛིན་གྲྭ་འོག་མ་ལ་སུམ་ཅུ་བ་བཅས་རིམ་བཞིན་སློབ་ཁྲིད་བྱེད་ཀྱིན་ཡོད་པར་མ་ཟད།   ནམ་རྒྱུན་འཛིན་གྲྭ་གོང་འོག་བར་གསུམ་ལ་ཡིག་གཟུགས་དང་ཉིན་ཐོ་སོགས་འབྲི་རུ་བཅུག་སྟེ་ལས་བྱ་སོགས་ལ་ལྟ་རྒྱུར་ཡང་དཀའ་ཚེགས་མི་བྱེད་པར་དུས་རྒྱུན་ནན་ཏན་ངང་བལྟས་ཤིང་། དག་ཡིག་མཁས་པ་དགའ་སྐྱེད། སུམ་རྟགས་དང་སྙན་ངག་སོགས་ཀྱི་རྩ་སྡོམ།  གུང་ཐང་སློབ་གཉེར་བསླབ་བྱ་སོགས་བློར་འཛིན་དུ་བཅུག་སྟེ་ནམ་རྒྱུན་སྐྱོར་སྦྱོང་བྱས་ཏེ་སྔར་གྱི་འདོན་ཆོས་རྐྱང་བའི་དགོན་པའི་ཁོར་ཡུག་ལ་ཤེས་རིག་གི་དྲི་བསུང་གསར་བ་ཞིག་འཐུལ་བར་བྱས་ཡོད་ལ།     ཁྲི་ཀ་རྫོང་ནས་ལོ་རེར་ཁྲི་ཀའི་དགོན་པ་དག་གི་གྲྭ་ཕྲུག་ཚོར་ལམ་རིམ་བློ་སྦྱོང་དང་རིག་གནས་སོགས་ཀྱི་རྒྱུགས་ལེན་བཞིན་ཡོད་པའི་སྟེང་ལོ་གཉིས་ལ་བསྟུད་མར་ཨང་དང་བོ་བླངས་པས་རྫོང་ནང་བསྟན་མཐུན་ཚོགས་དང་ས་གནས་བླ་གྲྭ་མང་བོས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བཞིན་ཡོད།  གཞན་གཟའ་འཁོར་རེའི་གཟའ་སྤེན་པའི་སྔ་དྲོར་རང་སློབ་གྲྭའི་ཕ་སྐད་སློབ་དེབ་ཀྱི་སྟེང་ནས་ཐ་སྙད་བཅོ་ལྔ་རེ་བློར་འཛིན་དུ་བཅུག་སྟེ་ཚང་མས་ཕ་སྐད་བཤད་རྒྱུར་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད་ལ། ༢༠༡༣ལོ་ནས་ད་ལྟའི་ལོ་བཞིའི་རིང་ལ་གཞུང་གི་སློབ་གྲྭའི་དགུན་གནང་དང་བསྟུན་ནས་དམེ་རྒྱ་སྡེ་བའི་ནང་དུ་མ་ཡུམ་སློབ་གྲྭའི་སློབ་དེབ་ཀྱི་སྟེང་ནས་བོད་ཡིག་གཙོ་བྱས་ཏེ་གསོ་སྦྱོང་འཛིན་གྲྭ་ཞིག་ཆད་མེད་བསྒྲུབས་ཤིང་།   དེའི་ཁར་ན་ནིང་ནས་བཟུང་དམེ་རྒྱ་སྡེ་བའི་རྒན་གཞོན་བར་མ་ཀུན་གྱི་ཡིག་རྨོངས་པ་མང་བོ་ཞིག་ལ་མ་ཡུམ་སློབ་གྲྭ་ནས་ཡི་གེ་སྦྱོར་ཀློག་གི་དཔེ་ཆ་བཞི་བཅུ་ལྷག་བླུས་ནས་ཡི་གེ་སྦྱོར་ཀློག་སོགས་ཀྱི་སློབ་ཁྲིད་བྱས་པས་ཀུན་གྱི་སྨོན་ཡུལ་དུ་གྱུར། ཞོར་དུ་མཐོ་ལས་དགོན་སོགས་ལ་སོང་ནས་རྒན་ཁ་སྒང་སྦྱིན་པ་སོགས་ཀྱི་མདུན་ནས་རྩིས་དཀར་ནག་དང་སྒྲ་དང་སྡེབ་སྦྱོར་སོགས་ཀྱི་སློབ་ཁྲིད་ཀྱི་མཇུག་སྐྱོང་བཞིན་རྣམ་དཀར་དགེ་བའི་ལས་དང་མི་རིགས་དང་ས་གནས་ཀྱི་མདུན་ལྗོངས་གསར་བ་ཞིག་ལ་སྨོན་པ་འཆོར་བཞིན་གྲྭ་རྐྱང་གི་རྡོག་ཁྲེས་ཁུར་ནས་ལམ་ལ་ཆས་བཞིན་ཡོད།  ཁོས་གསུངས་རྒྱུར་ཆེན་པོ་མི་ནུས་ཀྱང་རང་གིས་གང་ཤེས་གཡོ་ཟོལ་མེད་པར་གཞན་ལ་འབུལ་རྒྱུ་དང་རང་ས་གནས་ཀྱི་ཤེས་ཚད་ཇེ་མཐོར་གཏོང་ཆེད་ཧུར་བརྩོན་བྱས་ཏེ་ལྷག་བསམ་རྣམ་དག་གིས་དགེ་རྒན་རྣམ་པའི་ཐུགས་བཞེད་ཀྱི་ཆ་ཙམ་ཨེ་འགྲུབ་ལྟ་རྒྱུ་ནི་སེམས་ཀྱི་དམ་བཅའ་ཡིན་ཟེར།  

ས་གནས་མགོ་ལོག་དགའ་བདེ་གཙང་སྐོར་ཞོལ་མའི་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་བློ་བཟང་ཕུན་ཚོགས་དང་སྐབས་བཅུ་གསུམ་པའི་མཐར་ཕྱིན་སློབ་མ་བསོད་ནམས་དཔལ་གཉིས་ཀྱི་རང་ས་གནས་ཀྱི་ལས་གྲོགས་འགའ་དང་མཉམ་སྒྲུབ་བྱས་ནས་མགོ་ལོག་བྱམས་བརྩེའི་འོད་སྣང་ཚོགས་པ་གཙོ་སྒྲུབ་བྱས་ཏེ་ལོ་ངོ་གཉིས་ཀྱི་རིང་སྒེར་བཙུགས་སློབ་གྲྭ་སམ་བྷོ་ཊ་ཤེས་རིག་དམངས་ཕན་སློབ་གྲྭར་ལོ་གཉིས་ཀྱི་རིང་དམངས་སྒོར་ཁྲི་ཉི་ཤུ་ལྷག་དང་གྱོན་པ་ཚད་ལྡན་ཉིས་བརྒྱ་ཡས་མས།  དཔེ་ཁུག་དང་བྲོ་ལྭ་སོགས་ཀྱི་ཞལ་འདེབས་ཕུལ་བ། དྭ་ཕྲུག་དང་འབྱོར་བ་ཞན་པའི་སློབ་མ་ཉི་ཤུ་ལ་འཚོ་བའི་དངུལ་སྤྲད་དང་སྤྲོད་ཀྱིན་པ།  གཞན་ས་གནས་མང་ཚོགས་ལ་གྱོན་པ་གཅིག་སྟོང་ལྷག་གི་རོགས་རམ་བྱས། ད་དུང་མུ་མཐུད་དུ་སམ་བྷོ་ཊ་སློབ་གྲྭའི་གདན་ཞུའི་དགེ་རྒན་གྱི་ཟླ་ཕོགས་དང་བསླབ་དེབ་ཀྱི་འགན་ཁུར་རྒྱུ།སྤྱི་ལོ་2018 ནས་བཟུང་དབང་བོ་སྐྱོན་ཅན་གྱི་འཛིན་གྲྭ་བཙུགས་བས་བོད་ཀྱི་ཐང་ཀའི་སྒྱུ་རྩལ་བསླབ་པའི་གོ་སྐབས་བསྐྲུན་རྒྱུའི་ལས་ཀ་དངོས་སུ་གྲ་སྒྲིག་བྱེད་ཀྱིན་ཡོད། སྤྱི་ལོ་2018ལོའི་ཟླ1ཚེས17ཉིན་མགོ་ལོག་བྱམས་བརྩེའི་འོད་སྣང་ཚོགས་པས་གཙོ་སྒྲུབ་བྱས་པའི་དགེ་ལས་དགོང་ཚོགས་ཆེན་མོ༼བྱམས་བརྩེའི་འབོད་སྐུལ༽ཞེས་པ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད།

བོད་སྐད་ཡིག་དང་བླངས་པའི་༢༠༡༨ལོའི་ལས་རིམ་ཕྱོགས་བསྡུས།

བོད་སྐད་ཡིག་དང་བླངས་པས་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་བོའི་ཚེས་བཅུའི་ཉིན་རྭ་རྒྱ་བོད་ཡིག་སློབ་འབྲིང་དགོན་སྡོད་སློབ་གྲྭ་རུ་བོད་རྒྱ་དབྱིན་གསུམ་ཟབ་སྦྱོང་བསྡུ་བའི་གྲ་སྒྲིག་མིང་ཐོ་བཀོད་ཅིང་། རྭ་རྒྱ་གྲོང་བརྡལ་གཙོས་རྫོང་ཁུལ་སོ་སོ་ནས་ཡོང་བའི་སློབ་མ་བརྒྱད་བརྒྱ་ལས་བརྒལ་བ་འདུས་ཤིང་དངོས་གཞི་འཛིན་གྲྭ་དྲུག་ཏུ་བསྒོས་པ་མ་ཟད། དེར་མ་གཏོགས་པའི་སློབ་ཆེན་པ་སྐོར་ཞིག་ལ་སྒྲ་དང་དབྱིན་ཡིག་གི་ཟུར་ཁྲིད་ཀྱི་ལས་སྒོ་བརྩམས།  དངོས་གཞི་འཛིན་གྲྭ་གཅིག་དང་། དམའ་རིམ་འཛིན་གྲྭ་གཅིག འབྲིང་རིམ་འཛིན་གྲྭ་གཉིས། མཐོ་གཅིག་འཛིན་གྲྭ་དང་མཐོ་གཉིས་འཛིན་གྲྭ་བཅས་ཁྱོན་འཛིན་གྲྭ་དྲུག་ལ་་ཡི་གེ་སྦྱོར་ཀློག་དང་ཐོབ་ཐང་ངོས་འཛིན། དག་ཡིག་སློབ་དེབ། སུམ་ཅུ་བ་དང་རྟགས་འཇུག སྙན་ངག འབྲིང་རྒྱུགས་ཀྱི་ཁ་ཕྱོགས། རྒྱ་ཡིག་དང་རྩིས་རིག དབྱིན་ཡིག་བཅས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁྲིད་གཞི་གཙོར་བྱས་ཏེ་འཛིན་གྲྭ་སོ་སོར་འོས་ཤིང་འཚམས་པའི་འཆར་ཅན་བསླབ་གཞིའི་སྟེང་ལྷག་བསམ་རྣམ་པར་དག་པས་ནས་ཟབ་ཁྲིད་གནང་། ཉིན་ཉེར་ལྔའི་འཆར་ཅན་ཟབ་སྦྱོང་གི་དཀྱིལ་དུ་སྤྱི་མཐུན་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་ཡང་བོད་སྐད་ཡིག་དང་བླངས་པས་མགོ་འཛིན་བྱས་ཏེ་གནས་དེ་ཉིད་དུ་སྡེ་ཁག་སོ་སོའི་འཐུས་ཚབ་མི་སྣ་བཞི་བཅུ་ལྷག་འདུས་ཤིང་། འཛིན་གྲྭ་སོ་སོར་རྭ་རྒྱ་དགོན་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་ཡོད་ཚང་སོགས་ཀྱིས་གཟིགས་ཞིབ་དང་སློབ་མ་ཚོར་སློབ་གསོ་ཕྲན་བུ་རེ་གནང་རྗེས། ཐོག་མཐའ་བར་གསུམ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ངང་གྲོལ། ཏང་དང་རྒྱལ་ཁབ་དང་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་དོ་དམ་ཁང་གི་བླ་མ་ལས་སྣེ་ཐ་དག་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་ངེད་ཅག་དང་བླངས་པའི་དགེ་རྒན་དང་ལས་བཟོ་བ་སྦྱིན་བདག་བཅས་མི་སྣ་ཉི་ཤུ་ལྷག་གིས་གཙོས་ཁྱིམ་བདག་མང་ཚོགས་ཀྱི་རེ་བ་དང་ཡིད་ཆེས་ཀྱིས་བརྟས་པའི་སྟོབས་དང་། ཐུན་མོང་གིས་དང་བླངས་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་འགྲིག་འགྲིག་ལེགས་ལེགས་གཅིག་པུས་རྒྱུགས་ལེན་དང་སྦྱངས་འབྲས་འབུར་ཐོན་གྱི་སློབ་མ་དཔེ་ལེགས་ཅན་དག་ལ་གཟེངས་བསྟོད་བྱ་དགའ་ཕུལ་བའི་མཛད་སྒོ་ཡང་སྤྱི་ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར་ལེགས་པར་མཇུག་གྲུབ་སོང་ལ། དུས་ཐུང་ཟབ་སྦྱོང་སྒྲུབ་ཀྱིན་པའི་ཐད་ལ་ལྟ་སྟངས་དང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་མཆིས་ཀྱང་། ཐེངས་འདིའི་ང་ཚོའི་འཛིན་གྲྭ་སོ་སོའི་སློབ་མ་དག་གིས་རང་བསམ་གྱིས་ཉྭ་གུག་གུག་དང་མགོ་སྒུར་སྒུར་གྱིས་ལག་ཁ་བཏགས་དང་བཅས་དགེ་རྒན་དང་སྦྱིན་བདག་གཙོས་ལས་ཀ་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་འདེགས་གནང་མཁན་ཡོངས་ལ་བཀའ་དྲིན་ཞུ་ཚུལ་འདིས་ཀྱང་སྨྲ་བའི་ངལ་བ་ལ་མ་བརྟེན་པར་མང་བོ་ཞིག་གསལ་བཤད་བྱས་ཡོད་པས་ང་ཚོ་སྔར་བཞིན་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ནས་མདུན་དུ་བསྐྱོད་པའི་ཆོད་སེམས་མི་འགྱུར་རྡོ་རྗེའི་རང་ཁམས་སུ་གྲུབ་པ་ལགས་སོ།།


སྤྱི་ལོ་2017/ཟླ་1/ཚེས་15 ཉིན་མཚོ་སྔོན་ཁྲི་ཀ་རྫོང་འཕྲང་དམར་བདུད་ཤུལ་སྡེ་བ་རུ་སྐབས་ལྔ་བའི་དགུན་གནང་གསབ་སྦྱོང་འཛིན་གྲྭ་བསྡུས། ཐེངས་འདིའི་གསབ་སྦྱོང་ལ་ཁྲི་ཀའི་ཐོན་མིའི་སློབ་ཚོགས་ཀྱི་སློབ་མ་ཁྲི་སྙིང་རྒྱལ་དང་ཁྲི་ཀླུ་ཐར། བདུད་ཤུལ་སློབ་ཚོགས་ཀྱི་ཚོགས་མི་མདའ་ལྡོམ་དང་རྡོ་རྗེ་རྒྱལ། ཚེ་མཁར་རྒྱལ། རྡོ་རྗེ་སྐྱིད། ལྷ་ཡག་སྐྱིད་སོགས་ཀྱིས་བཀོད་སྒྲིག་དང་སྣེ་ཁྲིད་བྱས་ཤིང་། བདུད་ཤུལ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་བྱས་ཐོག  སློབ་ཆེན་པ་སྐལ་བཟང་བཀྲ་ཤིས། རིན་ཆེན་རྡོ་རྗེ། ཀུན་དགའ་འཚོ། བཙུན་མོ་སྐྱིད། རྡོ་རྗེ་སྒྲོལ་མ། སྙིང་དཀར་རྒྱལ་སོགས་ཀྱིས་སློབ་ཁྲིད་ཀྱི་ཕྱོགས་ཡོངས་ལ་འགན་ཁུར།ཐེངས་འདིའི་གསབ་སྦྱོང་ལ་དངོས་ཞུགས་ཀྱི་སློབ་མ་72ཡོད་ལ། ཁྲིད་གཞི་ནི་བོད་རྒྱ་དབྱིན་གསུམ་དང་། ས་རྒྱུས། རྩིས་རིག དམའ་འབྲིང་གི་རྒྱུགས་གཞི་སོགས་ལ་ཁ་ཕྱོགས་པ་བཅས་ཡིན།  སློབ་ཆེན་པ་འདི་དག་གིས་བཤད་རྒྱུར་ད་ལོའི་ཟབ་སྦྱོང་གི་ཚོགས་ཐེངས་འདི་ནི་ལོ་ལྔ་བ་ཡིན་ལ། ང་ཚོས་ལོ་བསྟུད་མར་འདི་ལྟར་སྒྲུབ་དོན་ལ་ཡང་རྒྱུ་མཚན་གསུམ་ཡོད་ཏེ། གཅིག་ནས་ང་ཚོ་ནམ་ཡང་ཕ་ཡུལ་དང་མཉམ་དུ་ཡོད་ལ། སློབ་ཆེན་པ་ཞིག་ཡིན་ཕྱིན་རང་གི་ཕ་ཡུལ་ལ་འགན་འཁུར་འོས། གཉིས་ནས་ང་ཚོས་དཀའ་སྡུག་མཉམ་མྱོང་གིས་དམངས་སེམས་གཅིག་ལ་བསྡུས་ཏེ་ཤེས་ཡོན་གྱི་ལམ་ཀ་གསར་བ་ཞིག་ལ་བསྒྱུར་ཨེ་ཐུབ་བལྟ་བ་ཡིན།  གསུམ་ནས་ང་ཚོས་ཕ་ཡུལ་གྱི་མནར་མ་སོན་པའི་པའི་འབྲོག་པ་མང་ཚོགས་ལ་སློབ་གསོའི་སད་རྟོགས་དགོས་པ་དང་། མི་རིགས་ཀྱི་རྐང་འཛིན་དུ་འགྱུར་བའི་སློབ་ཕྲུག་དག་ལ་རང་གི་རིག་གནས་ཀྱི་གཟུང་འཇུག་ཡག་པོ་ཞིག་དགོས་པའི་བླངས་བྱ་འདོན་པ་དེ་ཡིན་ཟེར།  གསབ་སྦྱོང་མཇུག་བསྡུ་ལ་ཉེ་བའི་ཞར་དུ་མི་རིགས་སློབ་ཆེན་གྱི་སློབ་མ་དབང་ཆེན་རྒྱལ་གཙོས་ཞབས་བྲོ་བ་སྐོར་ཞིག་གིས་སྲིད་གཞུང་དང་གྲོང་རྡལ་རིམ་པའི་ལོ་སར་རིག་རྩལ་འགྲན་བསྡུར་ལ་ཞབས་བྲོ་གཉིས་ལེགས་འགྲུབ་བྱུང་སྟེ་གྲ་སྒྲིག་ཨང་གསར་བྱས་ཡོད་པ་དང་། དེ་མིན་སྤྱི་ཟླ་2པའི་ཚེས་13ཉིན་ཁྲི་ཀ་སྟོད་རྒྱུད་ཀྱི་སྦྲ་ནག་སྡེ་བ་བདུན་གྱི་ལག་རྩེད་སྤོ་ལོ་འགྲན་ཁུལ་ལས་བདུད་ཤུལ་ཚང་གི་སྤོ་ལོ་རུ་ཁག་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་བཅས་སྡེ་བའི་བྱ་འགུལ་དག་རིམ་པ་བཞིན་དུ་རྒྱལ་ཁའི་ངང་མཇུག་བསྡུས། གསར་འགོད་པ། ཨོཾ་སྲས་བདེ་གྲོལ།

རྭ་རྒྱའི་སློབ་མ་རྟ་ནག་བཟོད་པ་སོགས་ཀྱི་བློན་པོ་གསེར་ཆེན་སྤྱི་གཉེར་གྱིས་ལོ་མཇུག་བྱ་བར་<<བློན་པོ་གསེར་ཆེན་སྤྱི་གཉེར་གྱི་སྐབས་དང་བོའི་ཚོང་ལས་དང་ཁྲིམས་ལུགས་སྐོར་གྱི་ཟབ་སྦྱོང་འཛིན་གྲྭ་>>བསྡུས།  ཟབ་སྦྱོང་དགེ་རྒན་དུ་རྒྱལ་སྤྱིའི་དོ་དམ་བློ་འདྲི་ཆེད་མཁས་པ་CMC  མཚོ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་ལྟ་སྐུལ་བདེ་སྲུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན།  མཚོ་ལྷོ་ཁུལ་2510འཇོན་མིའི་ལས་དོན་ཆེད་མཁས་པ།  དགེ་རྒན་ཆེན་མོ་ཚེ་རིང་རྡོ་རྗེ་ལགས་གདན་འདྲེན་ཞུས་ཏེ་<<ཚོང་ལས་བློ་སྒོ་འབྱེད་པ་དང་ཁྲིམས་ལུགས་རྒྱུན་ཤེས།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན།>>ཞེས་པའི་བརྗོད་གཞིའི་སྟེང་ནས་མཚོ་སྔོན་གྱི་ཁུལ་དང་རྫོང་མི་འདྲ་བ་ནས་ཕེབས་པའི་རིགས་སོ་སོའི་ན་གཞོན་ཤེས་ཡོན་ཅན་དྲུག་ཅུ་ལྷག་ལ་མཚོ་ལྷོའི་ལུང་ཧོ་མགྲོན་མཁར་ཆེན་མོ་རུ་རིན་མེད་ཟབ་སློབ་སྦྱོང་གི་གོ་སྐབས་སྤྲད་དེ་སྤྱི་ཕན་བྱ་འགུལ་སྤེལ།

 

    སྐབས་དགུ་བའི་སློབ་མ་ཁྲི་ཀའི་དཔལ་ལྡན་གྱིས་རང་ཡུལ་ས་ཆའི་སངས་རྒྱས་ཀྱི་བསྟན་པར་དམིགས་ཏེ2012ལོ་ནས་དགོན་པའི་གྲྭ་རྒྱུན་འགའ་བསྡུས་ཏེ་བཞུགས་ཁང་དང་འཚོ་བ། དཔེ་ཁྲིད།   ཇ་མ་བཅས་ཀྱི་འགན་ཁུར་བཞིན་ཡོད་ལ།  2016ལོར་སྒྲོམ་དགོན་པའི་གྲྭ་རྒྱུན་བན་དེ་འགའ་ཁར་བླངས་པ་དང་ཨ་ལགས་བན་གསར་གྱིས་དཔུང་རོགས་དང་བཅས་བས་དཔེ་ཁྲིད་ཀྱི་གནས་བབས་ཅུང་འཐུས་ཚང་དུ་སོང་ཡོད་ལ། 2017ལོའི་དབྱར་ཁར་རོང་ཞིས་དགོན་པའི་གྲྭ་རྒྱུན་འགའ་གསབ་སྦྱོང་དུ་ཡོང་བ་དང་དྷི་ཚའི་དགེ་བཤེས་རྨོག་ཡེ་ཤེས་ཚང་གིས་ཐུགས་བཀོད་གནང་བ་བཅས་ཀྱིས་ད་ལྟའི་མང་ཚོགས་ཀྱིས་ལྟ་སྟངས་ཅུང་ཇེ་ལེགས་སུ་སོང་ཡོད།   འགན་ནི་ཨ་ལགས་བན་གསར་མཆོག་དང་དཔལ་ལྡན་གཉིས་ཀའི་འགན་འཁུར་ཡོད་ལ།    དབྱར་ཁ་དགེ་སློབ་སོ་ལྔ་དང་དགུན་ཁར་དགེ་སློབ་སུམ་ཅུ་ལ་འཚོ་བ་དང་བཞུགས་ཁང་། ན་བཟའ་བཅས་ཀྱི་འགན་ཆ་ཚང་འཁུར་གིན་ཡོད་ལ་ཟླ་རེར་འཚོགས་རྗེས་ཉིན་ལྔ་དྲུག་ལ་གནང་བ་གཏོང་བ།  འཚོགས་གནས་རེས་འཁོར་བཅས་ཡིན།     ལོ་གསར་བ་ནས་རྒྱ་ཇེ་ཆེར་གཏང་ཅི་ཐུབ་ལྟ་འདོད་ཡོད་མོད་དཀའ་ཁག་མང་བོ་ལས་བརྒལ་ཐུབ་མིན་བཤད་དཀའ། ཁོ་བོས་བཤད་འདོད་པ་ནི།   ངས་རང་གི་འཚོ་བ་དང་སྐྱིད་སྣང་ཡོད་ཚད་རྒྱབ་ལ་བཞག་སྟེ་ཉིན་ནས་ཟླ། ཟླ་ནས་ལོ་བརྩེགས་ཏེ་ལུས་ཚེགས་དང་སེམས་ཚེགས་ཡོད་ཚད་ཁྲི་ཀའི་གྲྭ་རྒྱུན་འགའི་ཆེད་དུ་ཕུལ་དོན་ནི་ས་ཆ་འདིར་སངས་རྒྱས་ཀྱི་བསྟན་པ་ཉམས་གསོ་རེ་ཨེ་ཐུབ་ལྟ་བའི་ཆེད་ཡིན་ལ་ཨ་ལགས་བན་གསར་མཆོག་ཉིད་དཔུང་རོགས་སུ་ཡོད་པས་དང་ཀླུ་ཚང་ཨ་ལགས་རུ་སྔུན་ཚང་དང་དྷི་ཚའི་ཨ་ཁུ་ཡེ་ཤེས་ཚང་།  ཐར་ཤུལ་ཨ་ཁུ་བཤད་སྒྲུབ་ཚང་།  ཁྲི་ཀའི་སྐུ་ཕྱོགས་སྒོ་མང་ཚང་། བཅས་སོགས་ལ་སྐྱབས་འཇུག་བྱས་ཡོད་པས་ན་མ་འོངས་པའི་དཀའ་ཁག་ཐམས་ཅད་ལས་འབྲས་བཟང་རེ་ཨེ་སྨིན་སྙམ་པའི་དགའ་བ་རེ་སྒོམ་ཡོད།     སྤྱིར་ན་བན་དེ་སུམ་ཅུ་ལྷག་གཉོར་སྐྱོང་བྱ་བ་ནི་ཡ་མཚར་བ་ཞིག་མིན་ཡང་ཁྲི་ཀའི་ས་ཆ་དང་ད་ལྟའི་གནས་བབས་ལ་བསྡུར་ན་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་བྱ་བ་སྒྲུབ་རྒྱུ་ནི་ཅུང་དཀའ་མོར་སྣང་།    

༄༅།།འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མིས་བསྡུས་པའི་བོད་ཨ་མའི་རེ་བའི་དགེ་སྒྲུབ་གསོ་སྦྱོང་འཛིན་གྲྭའི་སྐབས་དྲུག་པའི་ཟབ་སྦྱོང་། 
 ༢༠༡༨ལོའི་སྦྱི་ཟླ༡པོའིཚེས༡༨ཉིན་ནས་ངེད་འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མིས་ལོ་རེ་བསྡུ་བཞིན་པའི་བོད་ཨ་མའི་རེ་བའི་དགེ་སྒྲུབ་གསོ་སྦྱོང་འཛིན་གྲྭ་སྐབས་དྲུག་པ་ད་ལོ་དངོས་སུ་འཚོགས་རྒྱུ་ཡིན། ཐེངས་འདིར་སྔོན་དང་མི་འདྲ་བར་སློབ་གྲྭ་ཆུང་འབྲིང་གི་རྨང་གཞིའི་ཤེས་བྱ་སྲ་བརྟན་དང་འབྲིང་རྒྱུགས་ཀྱི་རྒྱུགས་ཚད་གནད་དོན་གཙོ་བོར་བཟུང་ནས་རང་ས་གནས་ཀྱི་སློབ་བུ་མང་བོའི་འགྲོ་ལམ་ཡང་དག་པ་ཞིག་རྙེད་ཆེད་འབྲིང་རྒྱུགས་སོགས་སློབ་ལོ་འཕར་བའི་རྒྱུགས་ཚད་གནད་དོན་ཐག་གཅོད་ཡང་དག་ཞིག་ཡོང་བར་བཙུགས་པ་ཡིན། སློབ་ཆུང་གི་རྒྱ་ཡིག(三字经)དང་སློབ་འབྲིང་གི་བོད་ཡིག(དམའ་འབྲིང་གི་བོད་སྐད་ཡིག་གི་རྒྱུན་ཤེས་རིག་པ་གཞི་བཟུང་ནས་ལོ་དུ་མང་གི་རྒྱལ་ཡོངས་གཅིག་གྱུར་གྱི་བོད་ཡིག་རྒྱུགས་གཞི་ངོ་སྤྲོད)དམའ་འབྲིང་ལོ་རྒྱུས(འཛམ་གླིང་སྤྱི་དང་བོད་ཀྲུང་གཉིས་ཀྱི་ལོ་རྒྱུས་རིག་གཞུང་སོགས་གོ་བསྡུར་ཏེ་ལོ་དུ་མང་གི་རྒྱལ་ཡོངས་གཅིག་གྱུར་གྱི་ལོ་རྒྱུས་ཤེས་བྱའི་རྒྱུགས་གཞི་ངོ་སྤྲོད)བཅས་པ་ཁྲིད་མཁན་ཕྱོགས་ལས་རྣམ་རྒྱལ་ཡིན།  སློབ་ཆུང་གི་བོད་ཡིག་འདོན་ཀློག་སྦྱོར་དང་རྩིས་རིག་རྒྱུན་སྤྱོད་སྦྱི་འགྲོས།སློབ་འབྲིང་གི་ཆབ་སྲིད་ལ་(སླ྄ོབ་མའི་ཀུན་སྤྱོད་ཁྲིམས་སྐྱོང་གི་ཤེས་བྱ་འདོན་སྤེལབཅས་པ་ཁྲིད་མཁན་སངས་རྒྱས་ཡིན། སློབ་ཁྲིད་ཀྱི་དུས་ཡུན་ཉིན13ཡིན་ལ། རྗེས་ཀྱི་ཉིན་གཉིས་ཀྱིས་རིང་གསབ་ཁྲིད་ཀྱི་ནང་དོན་ལྟར་སློབ་གྲྭ་ཆུང་འབྲིང་གཉིས་ཀར་སྤྱི་རྒྱུགས་ཚད་ལྡན་ཅིག་བླངས་ཏེ་ཀུན་སྤྱོད་ཀྱི་བཟང་ངན་དང་སྦྱངས་འབྲས་ཀྱི་མཐོ་དམའ་ལྟར་རེ་བའི་བཟང་རྟགས་རིགས་གཉིས་ལ་བྱ་དགའི་དངུལ་དང་གཟི་བརྗིད་དཔང་ཡིག་སོགས་འོས་འཚམས་ཅིག་གནང་རྒྱུ་ཡིན་པ་དང་། དེ་བས་ངེད་ཟབ་སྦྱོང་འཛིན་གྲྭས་ལོ་དུ་མང་ལ་བསྡུས་པས་སློབ་མ་དང་ཁྱིམ་བདག་རྣམས་ལ་ཡིད་ཆེས་མི་དམན་པ་ཐོབ་ཡོད་པས། ད་ལོའི་ཟབ་སྦྱོང་འདིས་ཡང་རང་ས་གནས་ཀྱི་སློབ་མ་དང་ཁྱིམ་བདག་རྣམ་པར་ཡིད་ཆེས་ཟབ་མོ་ཞིག་འཇོག་པར་སྨོན། གཙོ་སྒྲུབ་བྱ་ཡུལ། འབའ་ཡུལ་ཐོན་མིའི་སློབ་ཚོགས་དང་གླིང་བདུན་རིག་ཚོགས་ཆེན་མོ་ཤར་བོད་རིག་གཞུང་གླེང་སྟེགས་གཉིས་ཀྱིས་མཉམ་སྒྲུབ་བྱས། གཙོ་སྒྲུབ་པ།  ཕྱོགས་ལས་རྣམ་རྒྱལ།    2018.1.15ཉིན།

རྒྱུས་ལོན་བྱས་པ་ལྟར་ན།  སྤྱི་ལོ་༢༠༡༧ལོའི་ཟླ་༡༢པའི་ཚེས་༢༢ཉིན་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ལྟེ་གནས་སུ་བོད་ཀྱི་ན་གཞོན་ཁེ་ལས་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་བཙུན་སྐྱབས་རྒྱལ་གྱིས་རང་ས་གནས་ཀྱི་ན་གཞོན་དུ་མ་ཞིག་དང་མཉམ་དུ་མ་རྐང་བསྡུས་པའི་མཉམ་འབྲེལ་ཁེ་ལས་དཔལ་དར་སུམ་འཛོམས་ཚོང་ལས་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་ཞེས་པ་ཞིག་བཙུགས་ཡོད།   ཐོག་མར་ས་གནས་ཀྱི་དགོས་མཁོ་དང་བོད་ཀྱི་ཁྲོམ་རའི་ཁ་སྐོང་ཞིག་གི་དོད་དམ་ཡང་ན་སློབ་ཆེན་པ་རྣམས་གཙོས་ན་གཞོན་མང་བོ་ལས་ཞུགས་བྱེད་པར་ཁ་གཏད་དེ་གཙང་ཤོག་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་ཞིག་རེད།      མིག་སྔར་བོད་ཀྱི་ཁྲོམ་རའི་ནང་དུ་གཙང་ཤོག་གི་ཁོར་ཡུག་ལ་དེ་འདྲའི་དང་དོད་བྱེད་མཁན་མང་བོ་ཞིག་མེད་པས།   ན་གཞོན་འདི་དག་གིས་ཆུང་ས་ནས་བོད་ཀྱི་ཁབ་སྐུད་པ་ཚུན་ཆོད་རང་གིས་ཐོན་སྐྱེད་དང་།   ཡང་ན་དྭངས་གཙང་གི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་འབག་བཙོག་མི་བཟོ་བའི་ཐབས་ལམ་ལ་མནོ་བསམ་དང་ཁ་ཡོད་ལག་ཡོད་ཅེས་པའི་སྤྱི་ཕན་ཁེ་ལས་ཤིག་གཉེར་བ་བསྙོན་དུ་མེད་པ་ཡིན་ཙང་། ཁེ་ལས་འདིར་བརྟེན་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་།  ན་གཞོན་ལས་སྒོ་གསར་སྤེལ་ལ་སྐུལ་འདེད་བཏང་ནས།  ས་གནས་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་ཚོང་ལས་སྡེ་ཁག་སོ་སོའི་ཚོང་རྟགས་གཙང་ཤོག་ངོས་ལ་ཕབ་སྟེ་ཁྱབ་བསྒྲགས་བྱེད་པ་དང་།  རྒྱལ་ཁབ་རིམ་པའི་ཆེད་མཁས་པ་གདན་ཞུ་བྱས་ཏེ་ལོ་རེར་རིན་མེད་གསབ་སྦྱོང་སྤེལ་བ་སོགས་རང་ས་གནས་གཙོས་ན་གཞོན་ཁེ་ལས་པ་མང་བོའི་མདུན་ལམ་སྔར་ལས་ཡངས་པར་རོགས་འདེགས་དང་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་པ་དེ་ཁོ་ཚོའི་དམ་བཅའ་དང་རེ་བ་རེད།  དེ་བས་ཁེ་ལས་པ་ཞེས་པ་ནི་སྤྱི་ཚོགས་ལ་འགན་འཁུར་མཁན་ཞིག་ལ་ཟེར་ཞིང་ཚོང་བ་ཟེར་ཚད་ཀྱིས་སྤྱི་ཕན་ལ་འགན་མ་ཁུར་སྟབས། ན་གཞོན་འདི་དག་གི་ལྷག་བསམ་དང་སྙིང་སྟོབས་ཀྱིས་གཙང་ཤོག་ལྟ་བུའི་ལས་ཀ་ཞིག་གི་དབུ་བཙུགས་ཏེ་ལས་སྒོ་སྣ་མང་གསར་སྤེལ་བྱ་བར་བློ་དཀར་བ་དེས་བོད་ཀྱི་ཚོང་ལས་ཁྲོམ་ར་བདེ་ཐང་ངང་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བ་ལ་སྔར་ལས་ལྷག་པའི་འབོད་སྐུལ་དང་ཆོད་སེམས་གསར་བ་ཞིག་བཞག་ཡོད།མདོར་ན་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་ལས་རིགས་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པ་ལས།  ཡང་ཡང་བསྐྱར་དཔར་བྱས་ཏེ་རང་གཞན་གཉིས་ཀྱི་ལམ་ཁ་མེད་པར་བཟོ་བ་ནི་ང་ཚོའི་མིག་སྔའི་ཉམས་མྱོང་ཁྲོད་ཀྱི་བོད་ཁྲོམ་ཉམས་རྒུད་དུ་འགྲོ་བའི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་མཁྱེན་པར་མཛོད།

༈ རྨོངས་སེལ་མཐུན་ཚོགས་ཀྱིས་སྒྲུབ་བཞིན་པའི་ཟབ་སྦྱོང་འཛིན་གྲྭ་འཚོགས་ཐེངས་བཅུ་གསུམ་པ།  
ང་ཚོ་རྨོངས་སེལ་མཐུན་ཚོགས་ཀྱི་བསམ་འདུན་ནི་དམངས་ཚོགས་ལ་ཁ་ཕྱོགས་ཤིང་ལག་ལེན་དམངས་ཚོགས་ལ་ཞུགས་པའི་གོ་རིམ་ཁྲོད་ནས་གྲུབ་འབྲས་ཀྱང་ལོ་རེ་བཞིན་གང་ལ་གང་འཚམ་ཞིག་འབྱུང་བཞིན་ཡོད་པ་ནི་ང་ཚོ་ཚང་མ་ཧ་ཅང་དགའ་འོས་པ་ཞིག་རེད། ཉིས་སྟོང་དྲུག་ནས་འགོ་བརྩམས་ཏེ་ཀྱག་ཀྱོག་གི་ལམ་ག་མང་ཙམ་ཞིག་བརྒྱུད་ནས་ལམ་ལ་ཆས་ཤིང་གོམ་ཁ་མདུན་དུ་སྤོས་ཏེ་མཚམས་མ་བཞག་པ་ནི་ང་ཚོར་མཚོན་ན་གཟི་བརྗིད་དང་ཕ་ཡུལ་ལ་མཚོན་ན་བྱས་རྗེས་ཤིག་གི་དོད་དུ་བརྩིས་ཆོག་སྙམ དང་བླངས་མི་སྣ་འགའ་ཞིག་གིས་དཔལ་འབྱོར་དང་ཐབས་ལམ་སོགས་རང་སྟེང་ནས་བསྐྲུན་ཏེ་ཡུལ་གྱི་དམངས་ཚོགས་ལ་ཁ་ཕྱོགས་ནས་ཡིག་རྨོངས་སེལ་བའི་བྱ་བ་དམིགས་སུ་བཟུང་ཞིང་དམངས་ལ་ཕན་པའི་བྱ་བ་བསྒྲུབས་ནས་ལོ་ངོ་བཅུ་གསུམ་འགོར་སོང་། བྱ་བ་འདི་འདྲ་སྒྲུབ་པ་ལ་ཕྱི་ནང་གཉིས་ཐད་ནས་བར་ཆད་མང་ཙམ་ཡོད་ཀྱང་བདེན་པ་བདེན་དྲང་གི་ལམ་ག་ཞིག་འགྲིམ་པའི་གྲུབ་འབྲས་ལ་བལྟས་ནས་བཤད་ན་ཧ་ཅང་ལེགས་པའི་ལམ་ཞིག་ཟིན་ཡོད་པས་དེ་ནི་རྨོངས་སེལ་མཐུན་ཚོགས་ཀྱི་སྤྱི་ཕན་རྣམ་དག་ཡིན་པ་མཚོན་བྱེད་དུ་ངོས་བཟུང་ན་ག་ལ་མི་ཆོག་ ད་སྐབས་རང་སྡེ་བའི་དཔོན་པོ་དངལས་སྣེ་བ་རྣམས་ཀྱིས་རྒྱབ་སྐྱོར་དང་ཐུགས་སེམས་མཉམ་བསྐྱོད་ཡོད་པས་ང་ཚོ་རྨོངས་སེལ་མཐུན་ཚོགས་ལ་སྤོབས་སེམས་དང་རེ་བ་སྔར་ལས་ལྷག་པ་ཞིག་ཡོད་རྐྱེན་ང་ཚོས་མཉམ་དུ་བརྩོན་པ་གནོངས་དང་ཕ་ཡུལ་ལ་དཔལ་ཡོན་འཛུགས་བསྐྲུན་བྱ་ཞེས་པའི་ཆོད་སེམས་བསྟན་ཡོད། ས་གནས། ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བན་ཡུལ་ཚོ། གཙོ་སྒྲུབ་མི་སྣ།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་སྔ་འགྱུར་བ་བློ་བཟང་དོན་གྲུབ། སྐབས་བཅོ་ལྔའི་མཐར་ཕྱིན་སློབ་མ་བློ་བཟང་རྣམ་རྒྱལ། སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་པདྨ་རྒྱ་མཚོ། སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་སྐལ་བཟང་བསོད་ནམས་དང་། ས་གནས་སློབ་ཆེན་པའི་སྡེ་ཁག་གི་མི་སྣ་བཅས་སོ། ། 
 རྩེ་གཞུང་མཉམ་སྐྱོད་གསབ་སྦྱོང་འཛིན་གྲྭ་འདི་ནི་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་རྩེ་རོང་ཆོས་མཆོག་གིས་གཙོ་སྒྲུབ་གནང་པ་ཡིན་ལ། སྔ་རྗེས་ལྟར་སྐབས་དགུ་བའི་མཐར་ཕྱིན་སློབ་མ་འོར་ཟེར་དང་། སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱ་མཚོ། སྐབས་བཅུ་གསུམ་པའི་མཕར་ཕྱིན་སློབ་མ་མྱི་སྐྱ་རྡོར་དབང་། སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་འཇིགས་མེད་བློ་གྲོས། རོང་བོ་བུ་རྒུ་དགོན་པའི་དགེ་རྒན་དཔལ་ལྡན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ལྕགས་ཐར་འབུམ་སོགས་གཙོ་སྒྲུབ་མི་སྣའི་གྲས་སུ་ཞུགས་ནས། སྤྱི་ལོ2006ལོནས2017བར་རྒྱུན་མ་ཆད་པར་མི་ལོ་བཅུ་དང་སྐབས་ཉེར་གསུམ་རིང་ལ་འཚོགས་པ་དང་། དེའི་རིང་འཛིན་གྲྭ69དང་སློབ་མ2413སློབ་ཞུགས་བྱས་ཟིན། འདི་ནི་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་རྩེ་གཞུང་རོང་བོ་སྡེ་གསུམ་གཙོར་བྱས་རྩེ་ཁོག་སྡེ་བཅུ་དང་། འབའ་རྫོང་། ཐུན་རིན་རྫོང་། སོག་རྫོང་སོགས་ཀྱི་ཤེས་བྱ་ཡོན་ཏན་ལ་དུང་བ་ཡོད་པའི་སློབ་མ་ཚོར་ནུས་ཚོད་ཀྱིས་ཞབས་ཞུ་སྒྲུབ་བཞིན་ཡོད། སློབ་ཁྲིད་ཀྱི་ཆ་ནས་སུམ་རྟགས་དག་གསུམ་དང་ཚད་མ་རིག་པ་གཙོས་རྒྱ་དབྱིན་གྱི་རྨང་གཞིའི་སློབ་ཁྲིད་བྱེད་བཞིན་ཡོད་ལ། སློབ་མའི་སྤོབས་པ་དང་སྨྲ་ལྕེ་སྐྱེད་སྲིང་ལ་དམིགས་ཏེ་འགྲན་སྣ་ཚན་པ་བཅུ་ལས་གྲུབ་པའི་ཤེས་རིག་འགྲན་གླེང་སྐབས་བརྒྱ་དང་ལྔ་བཅུ་ལྷག་འཚོགས་ཟིན།  གསབ་སྦྱོང་ཚོགས་ཐེངས་གཅིག་སྐབས་རེར་བརྩིས་ཏེ་ཐེངས་དྲུག་ལ་རྒྱུན་ཞུགས་བྱས་ན་སློབ་མཇུག་སྒྲིལ་བའི་ལག་འཁྱེར་སྤྲོད་བཞིན་ཡོད། ད་ལྟ་གསབ་སྦྱོང་འཚོགས་གནས་གཏན་འཁེལ་བྱས་ཟིན་ལ། ད་ལོའི་མཐར་ཕྱིན་འཛིན་གྲྭ་གངས་ཀྱི་རུས་པ་ཚང་གི་འཛིན་བདག་དགེ་རྒན་མྱི་སྐྱ་རྡོར་དབང་གཙོས། འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱིས་རྩེ་རོང་དཔེ་མཛོད་ཁང་གཙོ་སྒྲུབ་བྱས་ནས། དཔེ་དེབ་སྟོང་ལྔར་ཉེ་བ་ཞིག་གསབ་སྦྱོང་སློབ་རའི་ནང་བཙུགས་ཡོད། 
 
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་འཇམ་དཔལ་གྲགས་པ་དང་སྐབས་བཅུ་གསུམ་པའི་མཐར་ཕྱིན་སློབ་མ་བསོད་ནམས་དཔལ།  མཆོག་རབ།  བསོད་མཁས་རྣམས་ཀྱིས་ཕ་ཡུལ་གྱི་མི་སྣ་འགའ་དང་མཉམ་དུ་མགོ་ལོག་གཙང་སྐོར་ཞོལ་མ་ནས་༢༠༡༢ལོར་ཕ་ས་ཕ་ཡུལ་ལ་ཞབས་ཕྱི་ཞིག་གི་དོད་དང་སློབ་ལོ་བརྒལ་བའི་འབྲོག་ཕྱོགས་བྱིས་པ་དག་ལ་དམིགས་ཏེ་སམ་བྷོ་ཊ་ཤེས་རིག་དམངས་ཕན་སློབ་གྲྭ་གསར་དུ་བཙུགས་ནས་ད་ལྟའང་སློབ་གསོའི་ལམ་ཁ་ཞིག་སྙེགས་ཀྱིན་ཡོད།  འཛིན་གྲྭ་གསུམ་ལ་ཁྱོན་སློབ་མ་80ཡས་མས་ཤིག་ཡོད་ལ་སྐབས་དང་བོའི་མཐར་ཕྱིན་སློབ་མ་དང་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་སྐྱེས་པ་རྣམས་མ་ཡུམ་ཤེས་རིག་གླིང་ན་སློབ་གྲྭ་འདོན་བཞིན་པ་དང་བུད་མེད་རྣམས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་མགོ་ལོག་དར་རྒྱས་སྨན་རྩིས་སློབ་གླིང་།   རྡོ་རྗེ་བརྟན་ལག་རྩལ་སློབ་གླིང་བཅས་ན་སློབ་སྦྱོང་བྱེད་བཞིན་ཡོད། ༢༠༡༣ལོ་དང་༡༤ལོ་༡༥ལོ་སྟེ་ལོ་ངོ་གསུམ་གྱི་ཡུན་ལ་ས་མགོ་ལོག་ཕྱོགས་ཀྱི་ཆེས་གཞི་རྒྱ་ཆེ་བའི་འབྲོག་ཁུལ་རྨོངས་སེལ་འཛིན་གྲྭ་བསྡུས་ཏེ་ཁྱིམ་ཚང་སྟོང་གཅིག་ལྔ་བརྒྱའི་རྒྱ་ཆ་དགུ་བཅུའི་མི་དམངས་ཀྱི་ཡིག་རྨོངས་སེལ་ཏེ་རུ་ཆེན་སོ་སོས་བསྔགས་བརྗོད་དང་བསྟོད་བྱང་སོགས་ཐོབ་མྱོང་།  དེ་ཙམ་གྱིས་ངེད་ཅག་གི་ལས་ཀ་འཚམས་སྦྱོར་མདོར་བསྡུས་པའོ།།   



༢༠༡༨ལོའི་ཟླ་དང་བོའི་ཚེས་གསུམ་ཉིན་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་རུ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་ཐ་སྙད་ཚན་ཆུང་སྐབས་ཉེར་གཅིག་པའི་ཚོགས་མི་ཡོངས་ལ་མཐར་ཕྱིན་འཛིན་གྲྭའི་སློབ་བུ་པ་ཏྲ་རྒྱ་མཚོ་དང་སངས་རྒྱས་སྐྱབས་ཕུར་བ་མགོན་གསུམ་གཙོས་ས་གནས་སྲིད་གཞུང་གི་འགོ་ཁྲིད་རྣམས་དང་མང་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་གནས་དེར་༼རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་སྐབས་དང་བོའི་ཐ་སྙད་འགྲན་སྡུར༽་བདེ་ལེགས་ངང་སྤེལ་ཐུབ་པ་བྱུང་། འགྲན་སྡུར་ལ་ཞུགས་མཁན་སློབ་མ་དང་མང་ཚོགས་སྦྲགས་མ་བཅས་ཁྱོམ་མི་བདུན་བཅུ་ལྷག་ཡོད་ལ། འགྲན་སྐོར་གསུམ་ལ་ཕྱེས། བྱ་དཀའ་སྟེར་སྟངས་ནི་ཨང་དང་བོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ་རྟིང་སྐུལ་བཅུ་བཅས་ཁྱོན་བྱ་དགའ་ཐོབ་མཁན་བཅུ་དྲུག་ལ་གཟེངས་རྟགས་སྤྲད།  འདི་ནི་ངེད་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་དུས་ཡུན་རིང་བོར་སློབ་གྲྭའི་ནང་ཁུལ་དང་ལྷག་པར་ས་ཆ་གཞན་ལའང་སྤེལ་བཞིན་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། ཐེངས་འདིར་ཡང་ཡུལ་ཚོ་འདིར་ཐེངས་དང་པོར་འདི་འདྲའི་བྱ་འགུལ་ཞིག་སྤེལ་དོན་ཡང་དེང་གི་ཆ་འཕྲིན་དུས་རབས་ཀྱི་འཚོ་བར་གོམས་པའི་རང་རིགས་ཀྱི་ས་ཆ་མང་པོར་མཚོན་ན། མེས་པོའི་བཞག་པའི་སྐད་ཡིག་དང་ཕ་སྐད་རྣམ་དག་གི་རྒྱུན་ཆད་ལ་ཉེ་བས་ཆེད་དུ་མེས་པོས་བཞག་པའི་གཅེས་ནོར་ཕ་སྐད་མ་ཡིག་གི་དགོངས་དོན་རྒྱུད་སྒྲོག་དང་ཧུར་ཐག་གིས་རང་རིགས་ཀྱི་སྲོག་རྩ་ཡིན་པའི་ཕ་སྐད་ཀྱི་དོན་ཆེན་རང་བཞིན་ངོ་སྤྲད་པ་དང་མུ་མཐུད་དུ་མི་རང་ཉིད་ཀྱིས་འབད་པ་ཆེན་པོས་སྒྲུབ་དགོས་པ་དང་བསྒྲུབ་འོས་པའི་དོན་བྱ་དག་སྐུལ་འདེད་བྱས་ཏེ་ཡུལ་ཚོ་འདི་དང་ཡུལ་གྲུ་གཞན་ལའང་བྱ་འགུལ་འདི་དག་མུ་མཐུད་དུ་སྤེལ་དགོས་པའི་ཤུགས་རྐྱེན་ཐེབས་སུ་བཅུག་སྟེ་གྲུབ་འབྲས་མི་དམན་པ་བླངས།  གསར་གྱུར་མཁོ་སྤྲོད་པ་ཡོན་ཏན་ལྷུན་གྲུབ།

སྐབས་ཉི་ཤུ་བའི་མཐར་ཕྱིན་སློབ་བུ་རྐང་བསོད་བློའམ་བསོད་ནམས་བློ་གྲོས་ཀྱིས། སྡེ་བའི་ནང་གི་སློབ་ཆེན་སློབ་མ་འགའ་དང་ལྷན་དུ་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ད་ལྟའི་བར་དུ༼རེ་བའི་ཅོང་བརྡ༽ཞེས་པའི་གསབ་སྦྱོང་ཐེངས་གསུམ་ལ་བསྒྲུབས་ཤིང་། ཐེངས་རེར་སྡེ་བའི་ནང་གི་རྒན་པ་དང་ཤེས་ཡོན་པ། སྡེ་དཔོན། ཨ་ལགས་སོགས་འདན་དྲངས་ཏེ་སྦྱངས་འབྲས་གཟེངས་སུ་ཐོན་པའི་སློབ་མ་དག་ལ་བྱ་དགའ་གནང་བ་དང་། སློབ་གསོ་གནང་བ། སློབ་མའི་སྤོབས་པ་སྐྱེད་སྲིང་ཆེད་སློབ་མའི་འཐུས་ཚབ་པས་གཏམ་བཤད་གནང་བ་སོགས་གསབ་སྦྱོང་དང་བསྟུན་ནས་བྱ་འགུལ་རབ་དང་རིམ་པ་སྤེལ། གསབ་སྦྱོང་གི་ཁྲིད་བྱ་ལ་སུམ་རྟགས་དག་གསུམ་གཙོས་རྒྱ་རྩིས་དངོས་གསུམ་དང་སྐོར་བྲོ། སྐྲ་སློང་དང་བཤད་པ། དམངས་གླུ་སོགས་དམངས་སྲོལ་རིག་གནས་ཀྱི་ཉམས་ཆག་ལ་ཁ་གསབ་ཕྲན་བུ་བྱས། སྔ་གཞུག་ཏུ་སློབ་ཆུང་ལོ་རིམ་དང་བོ་ནས་སློབ་ཆེན་བར་གྱི་སློབ་མ་བཞི་བརྒྱར་ཉེ་བ་ཞིག་ལ་དཔེ་ཁྲིད་བྱས་པས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་གཙོས་ཁྱིམ་བདག་རྣམས་ཀྱིས་བསྟོད་བསྔགས་མང་དུ་གནང་སྟེ་དགེ་རྒན་རྣམས་ལ་བྱ་དགའི་རྟགས་མ་གནང་། 


   སྤྱི་ཕན་ཁོར་སྲུང་གི་བསྡུས་འཕྲིན།
སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་དཀོན་མཆོག་ཆོས་རྒྱན་གྱིས་གཙོ་སྒྲུབ་བྱས་པའི་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་ཀྱི་2017་ལོའི་ལོ་མཇུག་སྤྱི་སྡོམ་དང་2018ལོའི་འཆར་འགོད་ཚོགས་ཆེན་2018/2/1ཉིན་འཚོགས་ཏེ་སྤྱི་སྡོམ་བྱས་པ་ན་ལོ་གཅིག་གི་རིང་བྱ་འགུལ་ཆེ་ཆུང་ཐེངས་32སྤེལ་ཡོད་ལ་གད་སྙིགས་ཏུན་28.8བཏུས་པའི་ཤུགས་རྐྱེན་གྱིས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཀྱང་ཇེ་མཐོར་སོང་ནས་རང་མོས་ཀྱིས་སྡེ་ཆེན་གསུམ་གྱི་ཚོགས་མི་བརྒྱ་ལྷག་གསར་ཞུགས་བྱས་ཏེ་རྒྱལ་ཁབ་ཀྱི་ཆོག་མཆན་ཚང་བའི་ཚོགས་པ་འདི་ལས་རང་ནུས་ཅི་ལྕོགས་ཀྱིས་ལས་ཀར་འབད་རྒྱུའི་དམ་བཅའ་བརྟན་པོ་བཞག ཚོགས་མི་ཉིས་བརྒྱ་ལྷག་གི་ནང་སེམས་ཀྱི་དམིགས་བྱ་གཅིག་ལ་གཏད་དེ་མཉམ་མྱོང་བརྗེ་རེས་བྱས་ནས་ང་ཚོས་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་འདི་རང་སེམས་ལ་གཙང་སྦྲ་བྱེད་པའི་སྔོན་འགྲོར་བཟུང་ནས་བསྒྲགས་བྱང་སྣ་ཚོགས་འགེལ་བ་དང་རི་ཆུའི་རིག་གནས་ངོ་སྤྲོད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱི་སློབ་གསོ་གཏོང་བ། བཅའ་ཁྲིམས་རྒྱུན་ཤེས་གསོ་སྦྱོང་། རྩྭ་ཐང་དང་ནགས་ཚལ་མེ་འགོག་སོགས་ཀྱི་གསབ་སྦྱོང་འཛིན་གྲྭ་སྤེལ་བ།   སློབ་མའི་རྩོམ་ཡིག་འགྲན་བསྡུར་བྱས་ཏེ་གཞུང་གཉེར་གྱི་ཚགས་པར་སྟེང་འགོད་པ་མ་ཟད་མཐུན་ཚོགས་རང་ངོས་ནས་དཔེ་དེབ་བཟོས་ཏེ་རིན་མེད་གཟིགས་འབུལ་བྱེད་པ་དང་།  ཟླ་རེའི་འཆར་ཅན་ལྟར་གད་སྙིགས་བཏུ་ཞོར་ཆུ་ལོག་གིས་དེད་པའི་གྲོག་ཤུར་དང་སོས་དཀའ་བའི་ཁོར་ཡུག་གི་རྨ་ཁ་གསོ་སྐྱོང་བྱས་ཏེ་ཡང་དག་པའི་སྲིད་ཇུས་བཟང་བོའི་རྒྱབ་སྐྱོར་འོག་རྒྱལ་འབངས་རེ་རེ་ལ་འོས་འགན་ཡོད་པའི་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་གཙུག་འཛིན་བྱས་ཏེ་ལྗང་མདོག་གི་ཁོར་ཡུག་ལ་གཅེས་སྐྱོང་བདག་གཉེར་གྱི་མཆོད་པ་ལེགས་པོ་ཞིག་འབུལ་རྒྱུའི་ཆོད་སེམས་བརྟན་པོ་བཞག་སྟེ་རྒྱུན་སྐྱོང་བཞིན་མཆིས་སོ།།


2018ལོའི་ཟླ་1བོའི་ཚེས་10ཉིན།ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་སེར་རྒྱའི་དགོན་བཀྲ་ཤིས་དགེ་འཕེལ་གླིང་དུ་སྤྱི་ཕན་མཐུན་སྒྲིལ་ཤེས་རིག་ཟབ་སྦྱོང་འཛིན་གྲྭ་སྐབས་དང་བོ་དངོས་སུ་འཚོགས་ཐུབ་པ་བྱུང་།དེ་ཡང་ཟབ་སྦྱོང་འདི་ཉིད་རང་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ་ཀླུ་སྒྲུབ་རྒྱ་མཚོས་གཙོ་སྒྲུབ་གནང་ཞིང་།ཟབ་སྦྱོང་འདིའི་ཁ་གཏད་ཡུལ་གཙོ་བོ་གཡུང་དྲུང་བོན་གྱིས་མཚོན་པའི་གྲུབ་མཐའ་སྣ་མང་གིས་གྲུབ་པའི་སེར་རྒྱ་སྡེ་བ་དང་དགོན་པ་གཉིས་ཀྱི་མཐུན་སྒྲིལ་ཇེ་ཟབ་དུ་གཏོང་ཆད་དང་།འདི་གར་འབྱོར་བ་ཞན་པའི་སློབ་ཕྲུག་དག་གི་སློབ་སྦྱོང་ཡར་རྒྱས་སུ་འགྲོ་སླད་ཟབ་སྦྱོང་འདི་སྒྲུབ་དགོས་བྱུང་།སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་ལ་མིང་གནང་བ་དང་། དགོན་གཞུང་ནས་མ་དངུལ་གྱིས་རྒྱབ་སྐྱོར་བླ་མེད་གནང་སྟེ་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ།  གསར་འགོད་པ།མཁའ་འགྲོ་རྒྱལ།

  སྤྱི་ལོ་༢༠༡༨ལོའི་ཟླ་༡པའི་ཚེས་༡༧ཉིན་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་འཛིན་གྲྭ་གཉིས་པའམ་བླ་སྐར་དོན་བཞི་ཚང་གི་སློབ་མ་གདུགས་དཀར་རྒྱལ་དང་རྡོ་རྗེ་ཚེ་རིང་གཉིས་ཀྱིས་གཙོ་བྱས་ནས་རང་སྡེ་བའི་དང་བླངས་སློབ་ཆེན་སློབ་མ་ཤེས་རབ་སྒྲོལ་མ་དང་ཟླ་བ་སྒྲོལ་མ་ལྷ་མོ་ཀུན་བཟང་བཅས་མཉམ་དུ་ཉིན་བཅོ་ལྔ་ལྷག་གི་རིང་ལ་ཆོས་ཚ་སྡེ་བའི་རུ་ཁག་ལྔ་བར་སྐབས་དང་བོའི་༼ཐོན་མིའི་དུས་ཐུང་གསབ་སྦྱོང་༽ཞེས་པ་ཞིག་བསྒྲུབས་པ་ཡིན། གསལ་བཤད།    ཉིན་བཅོ་ལྔའི་རིང་ལ་དགེ་རྒན་ཚང་མས་བོད་ལྭ་གྱོན་པ་དང་ཕ་སྐད་གཙང་མ་ལ་དོ་སྣང་བྱས་པ་ཡིན།    

མགོ་ལོག་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོའི་རྫ་བ་སྡེ་བའི་མང་ཚོགས་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས།ངེད་གངས་ལྗོངས་ཤེས་རིག་སློབ་གླིང་གི་སྐབས་བཅུ་དགུ་བའ་ིམཐར་ཕྱིན་སློབ་མ་རིན་ཆེན་རྡོ་རྗེ་དང་ད་ལོའི་མཐར་ཕྱིན་སློབ་མ་རྟ་མགྲིན། དེ་མིན་སྡེ་བ་དེའི་སློབ་ཆེན་སློབ་མ་གོ་བུ་ཚེ་སྨྱོན་བཅས་ཀྱིས་2012ལོ་ནས་བཟུང་སྟེ་སྤྱིར་བཏང་གི་འབྲོག་ཁུལ་ཞིག་ནས་ཡིག་རྨོངས་སེལ་བའི་ཟབ་སྦྱོང་འཛིན་གྲྭ་ཞིག་གཉེར་འགོ་ཚུགས་པ་ཡིན་ལ། ད་ལྟའི་བར་དུ་མི་ལོ་དྲུག་གི་རིང་ལ་བོད་ཡིག་གཙོ་བྱས་ཏེ་དབྱིན་ཡིག་དང་རྒྱ་ཡིག གྲངས་རིག་བཅས་སྦྱང་བྱ་བཞི་ནུས་པ་ཅི་ལྕོགས་ཀྱིས་ཁྲིད་དང་ཁྲིད་མུས་སུ་ཡོད།

སྐབསགངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་བསོད་ནམས་མགོན་པོས་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོར་ཞོལ་མ་ཡུལ་ཚོ་རུ་སྤྱི་ལོ༢༠༡༧ལོའི་ཟླ༡པོར་སློབ་མ་བཞི་བཅུ་ལྷག་ལ་སུམ་ཅུ་བ་དང་།སྦྱོར་ཀློག རྨང་གཞིའི་སློབ་དེབ་སོགས་རང་ནུས་ཅི་ལྕོག་གིས་ཟབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པ་ཡིན།

སྐབས་བཅོ་བརྒྱད་པའི་མཐར་ཕྱིན་འཛིན་གྲྭའི་སློབ་གྲོགས་ཐུབ་བཟང་གིས2017ལོའི་ཟླ་དགུ་པའི་ཚེས་དགུ་ནས་འགོ་བརྩམས་གཟའ་འཁོར་གཅིག་རིང་པར་ལེན་རྨང་གཞིའི་གསབ་སྦྱོང་ཞིག་བསྡུས་པ་ཡིན། སློབ་མའི་ནང་ས་གནས་ཀྱི་དགོན་པའི་མཁན་པོ་དང་གྲྭ་པ། དེ་མིན་སློབ་མ་དང་འབྲོག་པ་སོགས་མི་བཅོ་ལྔ་ཙམ་ཡོད།

༢༠༡༧ལོའི་ཧོར་ཟླ་༡༢ཚེས་༢༠ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་དཔའ་ལུང་ཡུལ་གྱི་སློབ་གྲོགས་ལྷན་འཛོམས་སྐབས་གཉིས་པ་ཟི་ལིང་ཙོང་ཆུའི་འགྲམ་རྒྱུད་ནས་འབྲུ་སྔོན་མོ་བོད་ཟས་གསོལ་ཁང་ནས་གཟབ་རྒྱས་ངང་འཚོགས་ཤིང་།  ཚོགས་ཐོག་ཏུ་སློབ་གྲོགས་བཅུ་གཉིས་ཙམ་འཛོམས་ཤིང་མཉམ་ཟས་ལ་རོལ་རྗེས་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཡིག་བཅས་ཀྱིས་བྱ་བའི་གྲོས་འགོ་བརྩམས་ཤིང་དེ་བཞིན་སློབ་གྲོགས་རང་རང་གིས་བསམ་ཚུལ་བརྗོད་དེ་མ་འོངས་པའི་བྱ་བའི་འཆར་གཞི་ཕྱོགས་ནས་གྲོས་གཞི་གལ་ཆེན་བཏོན། སྐབས་བཞི་བའི་མཐར་ཕྱིན་སློབ་མའམ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གླིང་གི་སློབ་གཙོ་དཔའ་ལུང་བ་ཤེས་རབ་རྒྱ་མཚོ་མཆོག་གིས་རང་གིས་ད་སྔ་སྒྲུབ་མྱོང་བའི་བྱ་བའི་བརྒྱུད་རིམ་དང་ལྷག་ཏུ་ཐེངས་འདིར་ལེགས་འགྲུབ་བྱུང་བའི་གངས་ལྗོངས་དགའ་ཡ་ལྷ་དར་གྱི་བྱུང་འཕེལ་དང་དེ་སླར་གསོ་བྱ་དགོས་པའི་སྐོར་ནས་གཏམ་བཤད་གལ་ཆེན་གནང་བར་མ་ཟད་བྱ་བ་ཞིག་བསྒྲུབ་དགོས་ན་ཕམ་ཁ་ལ་སྐྲག་མི་ཉན་པ་དང་ལྷག་ཏུ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་པའི་སྐོར་ནས་གསུང་བཤད་བླ་མེད་གནངས་ཤིང་ལྷག་ཏུ་དཔའ་ལུང་ས་ཆར་མཚོན་ན་སློབ་གསོ་གལ་ཆེན་ཡིན་པར་མ་ཟད་དེའི་རམ་འདེགས་ལ་དཔལ་འབྱོར་མེད་དུ་མི་རུང་བ་སོགས་བརྗོད་གཞི་བྱས་ཏེ་རང་གིས་་བྱ་བའི་ཉམས་མྱོང་སྐོར་ནས་མ་གསང་ལྷུག་པོར་བརྗོད་པས་སློབ་གྲོགས་ཡོངས་ཀྱིས་དགའ་བསུ་ཚད་མེད་ཐོབ། མཇུག་ཏུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་སང་ལོའི་མཉམ་འཛོམས་ཀྱི་ཉི་མ་གཏན་འཁེལ་བྱས་ཏེ་དགོང་ཟས་ལ་རོལ་རྗེས་བཀྲ་ཤིས་བའི་གླུ་དབྱངས་ཀྱིས་ཚོགས་འདུ་མཇུག་བསྡུས་ཏེ་བདེ་ལེགས་ངང་གྲོལ།     ༢༠༡༧    ༡༢   ༢༠   

 ཨ་མྱེས་གླང་ཆེན་ཁོར་སྲུང་ཚོགས་པ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་བན་ཤུལ་པདྨ་ཡག་གིས་སྣེ་ཁྲིད་བྱས་པའི་མདོ་སྨད་བན་ཤུལ་སྡེ་བའི་སྡེ་མི་ལྔ་བཅུ་ལྷག་གིས་གྲུབ་ཅིང་།ཚོགས་པ་འདིས་་ཕྱིའི་ཁོར་ཡུག་གི་གད་སྙིགས་འཐུ་ཞོར་མང་ཚོགས་རང་བཞིན་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་འགལ་རྐྱེན་སེལ་ཅི་ཐུབ་དང་མཐུན་རྐྱེན་སྒྲུབ་ཅི་ནུས་སུ་མཆིས།

མང་རྫོང་སུམ་མདོ་བན་ཤུལ་སྡེ་བའི་ཟབ་སྦྱོང་འཛིན་གྲྭ།
གཙོ་གཉེར་བ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་འབུམ་རྩེ་ཡག དུས་ཚོད། 2017ལོའི་དབྱར་གནང་སྐབས། སྒྲུབ་པའི་དུས་ཡུན།  2009ལོ་ནས་མགོ་བརྩམས་པ་ནས་2017ལོའི་བར། དབྱར་གནང་དང་དགུན་གནང་སྐབས། དགེ་རྒན། ལོ་རེ་བཞིན་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱི་དང་བླངས་སློབ་མ་དང་རང་ས་ཁུལ་གྱི་དང་བླངས་པ་སྐོར་ཞིག ད་ལོའི་དབྱར་གནང་སྐབས་བན་ཤུལ་སྡེ་བའི་སློབ་ཆེན་དང་བླངས་པ་བཅུ་ཙམ་གྱིས་བོད་རྒྱ་དབྱིན་རྩིས་སོགས་གཙོ་མཛད་དེ་ཟབ་ཁྲིད་བྱས།སློབ་མའི་ཁ་གྲངས།.  སློབ་མ180ཙམ། ལོ་རིམ། ལོ་རིམ་དང་བོ་ནས་དྲུག་པའི་བར། 

  སྤྱི་ལོ2017ལོའི་ཟླ6པའི་ཚེས9ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བུ་ཀུན་ཐར་རྒྱལ་གྱིས་ཉིན་བཅོ་ལྔ་ལྷག་ལ་མང་ར་རྫོང་མགོ་མང་གྲོང་བརྡལ་ཚ་ནག་སྡེ་བར་སོང་ནས་སློབ་ཆུང་དང་དམའ་འབྲིང་གི་སློབ་མ་བརྒྱ་ལྷག་བསྡུས་ནས་རང་ནུས་ཅི་ཡོད་ཀྱིས་སློབ་ཡོན་སྐར་མ་གང་ཡང་མ་བླངས་པར་བསླབ་བྱ་བཞི་དཔེ་ཁྲིད་བྱས་ཤིང་།   སྐད་ཡིག   རྩིས་རིག  རྒྱ་ཡིག  དབྱིན་ཡིག་བཅས་དགེ་རྒན་བཞིས་དཔེ་ཁྲིད་བྱས་པ་དང་།  བསླབ་བྱ་གཞན་དག་གི་དགེ་རྒན་ནི་སློབ་ཆེན་གཞན་གྱི་སློབ་མ་ཡིན།ད་དུང་སློབ་མ་དེ་དག་རིམ་པ་གཉིས་སུ་བྱས་བ་ཡིན་ལ།  དཔེ་ཁྲིད་ཀྱི་བར་ལྷག་ནས་ཚ་ནག་སྡེ་བའི་ཨ་ཁུ་བསོད་ནམས་ཚང་དང་དགེན་ཚ་ནག་ཀུན་བཟང་སོགས་གདན་འདྲེན་བྱས་ནས་སློབ་གསོའི་ཚུལ་དུ་སློབ་མ་རྣམས་ཀྱི་ཀུན་སློང་ཇེ་ཡག་གཏོང་ཚུལ་སོགས་ཀྱི་སྐོར་ནས་ཁ་ཏ་བསླབ་བྱ་གནང་དུ་བཅུག 

 ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་ནང་དམེ་ཚང་སྡེ་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་དམེ་ཚང་ཨུ་རྒྱན་དང་ཤ་བྲང་འབྲུག་ལྷ་རྒྱལ་གཉིས་ཀྱིས་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་༼ ཐོན་མིའི་ཤེས་རིག་གསབ་སྦྱོང་འཛིན་གྲྭ༽སློབ་མ་བཅུ་ཕྲག་ལྷག་དང་སློབ་གྲྭར་འགྲོ་མ་མྱོང་བའི་ཡིག་རྨོངས་པའི་འབྲོག་པའི་མང་ཚོགས་འགའ་ལ་བོད་ཡིག་གི་སྦྱོར་ཀློག་དང་དག་ཡིག་མཁས་པ་དགའ་སྐྱེད་སོགས་ཟླ་ཕྱེད་ལྷག་ལ་གསབ་ཁྲིད་བྱས་ནས་མཇུག་རྫོགས། མཐར་བྱ་དགའ་ཐོབ་མཁན་གྱི་མི་སྒེར་དང་། འདི་ལ་རྒྱབ་སྐྱོར་བྱེད་པའི་སྦྱིན་བདག་སོགས་ལ་བཀའ་དྲིན་ཞུས་ཤིང་། འགྲན་ཞུགས་སློབ་མ་ཚོར་བྱ་དགའ་ཕུལ་ཏེ་ཡོངས་སུ་བསྡུས།      ཞེས་གཙོ་སྒྲུབ་པ་དམེ་ཚང་ཨུ་རྒྱན་གྱིས། ༢༠༡༨ཟླ་  ༢ ཚེས  ༣ ཉིན། 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་སྒྱིས་ཚང་བརྩོན་འགྲུས་ཀྱིས་གཙོ་སྒྲུབ་བྱས་པའི་སྒྱིས་ཚང་ཡུལ་གྱི་གསབ་སྦྱོང་འཛིན་གྲྭ་སྐབས་བཞི་བ། གསབ་སྦྱོང་གི་གནས་ཚུལ་མདོ་ཙམ། སློབ་འབྲིང་དང་སློབ་ཆུང་གི་སློབ་མ་ཁྱོན་སྡོམས་བརྒྱད་ཅུ་རྩ་གྲངས་ཤིག་དང་། སློབ་གྲྭ་བ་མ་ཡིན་པའི་སློབ་བུ་ལྔ། ཁྲིད་བྱ་ནི། བོད་ཡིག་གི་རྨང་གཞིའི་ཤེས་བྱ་དང་སུམ་རྟགས་དག་གསུམ། གཞན་རྒྱ་ཡིག་དང་རྩིས་རིག དུས་ཡུན་ཉིན་ཉི་ཤུ། ས་གནས། ཀན་ལྷོ་ཁུལ་བསང་ཆུ་རྫོང་སྒྱིས་ཚང་སྤང་རི།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གི་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་རིན་ཆེན་རྒྱལ་ལགས་ཀྱིས་ད་ལོར་ཨ་ཁྱམས་ཀྱི་སློབ་བུ་ཚོགས་པ་དང་མཉམ་དུ་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ།  

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་མཐའ་ཕྱིན་སློབ་མ་མཁའ་འགྲོ་ཚེ་རིང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བིས་མདོ་ཡུལ་འཚོ་ནས་སྤྱི་ལོ༢༠༡༨ལོའི་ཟླ་༡བོའི་ཚེས༡ནས་ཚེས་༣༠བརཉིན་༣༠རིང་་ལ་རང་རེའི་ས་ཆའི་མི་རིགས་སློབ་གསོ་དང་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཇེ་བཟང་དུ་འགྲོ་ཆེད་ལྷག་པར་དུ་འབྲིང་རྒྱུགས་ལ་བརྩོན་བཞིན་པའི་སློབ་མ་དག་གི་རྒྱུགས་འབྲས་བཟང་བོ་ཞིག་ལོན་པར་དམིགས་ཏེ་སློབ་ཆུང་དང་དམའ་འ་བྲིང་གི་སློབ་མ་བཞི་བཅུ་ལྷག་ལ་ལེགས་བཤད་ལྗོན་པའི་དབང་བོ་དང་།སློབ་ཆུང་དམའ་འབྲིང་ལ་འཕར་བའི་དཔེ་མཚོན་རྒྱུགས་གཞི།འབྲིང་རྒྱུགས་དཔེ་མཚོན་རྒྱུགས་གཞི།རྩིས་རིག་སོགས་རང་ནུས་གང་ཤེས་ཀྱིས་ཟབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པ་ཡིན།   ༢༠༡༨་༢་༥ཉིན་ཕ་ཡུལ་བིས་མདོ་དཀྱིལ་འཁོར་ནས་ཕུལ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་མཐའ་ཕྱིན་སློབ་མ་བྱམས་པ་འཕྲིན་ལས་ཀྱིས་དབུས་ཀྱི་ཉི་མ་ལྷ་ས་ནས་སྤྱི་ལོ2015དང་2016ལོར་བསྟུད་མར་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་ཤིང་།  ད་ལོ་སྟེ ༢༠༡༧ལོའི་ཟླ་༡ པོར་སློབ་མ་སུམ་ཅུ་ལྷག་ཙམ་ལ་སུམ་ཅུ་པ་དང་། ལོ་རྒྱུས་ངག་གི་མེ་ལོང་། རིག་ལམ་འཕྲུལ་ལྡེ། སྡེབ་སྦྱོར་རིན་ཆེན་རྒྱལ་མཚོ་སོགས་སློབ་ཁྲིད་བྱས་ཏེ་རང་ནུས་གང་ཡོད་ཀྱིས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ལྷག་པར་དུ་སྦྱོར་ཀློག་མི་ཤེས་པའི་རྒན་པ་དག་ལ་ཟླ་བ་གསུམ་རིང་སྦྱོར་ཀློག་བསླབ་པ་སོགས་ཀྱིས་མཚོན་རང་ནུས་གང་ཡོད་ཀྱིས་བླ་སྲོག་ལྟ་བུའི་ཕ་སྐད་མ་ཡིག་ལ་ཞབས་འདེགས་ཞུས་ཤིང་།  སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་གྱིས་ཐོག་མར་རང་གི་ཁྱིམ་ཚང་གི་ཡིག་རྨོངས་སེལ་བར་བྱ་ཞེས་གསུངས་པ་ལྟར་ད་ལྟ་ཁོ་རང་གི་ཁྱིམ་ན་ཡིག་རྨོངས་པ་གཅིག་ཀྱང་མེད་པ་འདིས་ཀྱང་སློབ་དཔོན་རིན་པོ་ཆེ་ཐུགས་བསྐྱེད་ཀྱི་ཆ་ཙམ་འགྲུབ་པ་ལ་གཅིག་ཏུ་བརྩོན་ཡོད་ང་ཚོས་ཤེས་ཐུབ་བོ།།

གངས་ལྗོངས་ཤེས་རིག་ནོར་ནུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་དབང་ལྡན་སྐྱབས་ཀྱིས་ས་གནས་ཀྱི་སློབ་ཆེན་སློབ་མ་འགའ་དང་མཉམ་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་དབྱར་དགུན་གནང་གི་སྐབས་སུ་དུན་ཡུན་ཉིན་ཉི་ཤུའི་རིང་ལ་གསབ་སྦྱོང་འཛུག་བཞིན་ཡོད། ད་ལོའི་སྐབས་བཞི་པའི་གསབ་སྦྱོང་འཛིན་གྲྭ་སྤྱི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་མགོ་བརྩམས་ཤིང་སྤྱི་ཟླ་གཉིས་པའི་ཚེས་དྲུག་ཉིན་མཇུག་བསྡུས། ཐེངས་འདིར་གསབ་སྦྱོང་ལ་ཞུགས་མཁན་གྱི་སློབ་མ་དྲུག་བཅུ་ལྷག་ཡོད། བསླབ་ཚན་ནི་བོད་རྒྱ་དབྱིན་གསུམ་དང་གྲངས་རིག་སོགས་ཁྲིད་བཞིན་ཡོད།
སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་དང་བོའམ་ཐུབ་རི་སྨྱུག་ཐོགས་རུ་དཔུང་གི་སློབ་མ་ཆོས་དབྱིངས་སམ་རྣམ་མཁྱེན་རྒྱལ་གྱིས། ད་ལོའི་དགུན་གནང་གི་སྐབས་སུ་ཕ་ཡུལ་བྲ་ཚ་རུ་རང་ཡུལ་གྱི་བྱིས་པ་ཚོའི་དགུན་གྱི་དུས་ཚོད་འཕྲོ་བརླག་དུ་མི་འགྲོ་བའི་ཆེད་རང་ཡུལ་དུ་ལོ་རིམ་དང་བོ་ནས་དྲུག་པའི་བར་གྱི་སློབ་མ་སོ་གསུམ་ལ་ཉིན་ཉི་ཤུའི་ཟབ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས།ཁྲིད་བྱ།  དགུན་གནང་གི་ལས་བྱ་གཙོ་བོར་བཟུང་ནས་ལེགས་བཤད་ལྗོན་དབང་ཟུར་ཁྲིད་བྱས།  ཚོགས་ཡུན་༢༠༡༧ལོའི་བོད་ཟླ་༡༢པའི་ཚེས་༥ནས་ཚེས་༢༥བར།   ཚོགས་གནས་བྲ་ཚ་ཡུལ་ཚོ།

ཁྲི་ཀའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཆུ་ནག་ཤེས་རབ་རྒྱ་མཚོས་ལོ་རེའི་འཆར་ཅན་ལྟར་ད་ལོའང་ཡོན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཨོ་རྒྱན་སློབ་ཆུང་གི་རེ་བ་ལྟར་ཉིན་ཉི་ཤུ་ལྷག་གི་རིང་ལ་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ལྔ་བཅུ་ལྷག་ལ་གསལ་བྱེད་ནས་འགོ་བརྩམས་ཏེ་ཡི་གེའི་སྦྱོར་ཀློག་དང་བོད་ཀྱི་ལོ་རྒྱུས་དང་གོམས་གཤིས་སོགས་སློབ་ཁྲིད་བྱེད་ཁུལ་བྱས་ཏེ་ཁྱིམ་བདག་རྣམ་པ་དང་སློབ་གཙོ་སོགས་ཀྱི་བསྟོད་པའི་མཐེ་བོང་དང་བཅས་མཇུག་སྒྲིལ་བ་ཡིན། སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ཆུ་ནག་ཤེས་རབ་རྒྱ་མཚོས།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་དཀོན་རྒྱ་མཚོ་གཙོས་ན་གཞོན་བསམ་བློ་བ་འགས་མང་རྫོང་མགོ་མང་ཡུལ་ཚོ་བྲག་དཀར་སྡེ་བ་རུ་སྐད་ཡིག་ཟབ་སྦྱོང་འཛིན་གྲྭ་ཞིག་ལོ་རེར་བསྒྲུབ་བཞིན་ཡོད་ལ་ད་ལོ་ཡང་ཧོར་ཟླ་10བའི་ཚེས20ནས་འགོ་བརྩམས་ཏེ་11གི་20བར་སློབ་སྦྱོང་བྱས་མཐར་རྒྱུགས་བླངས་ཤིང་བྱ་དགའི་མཛད་སྒོ་སྤེལ་ནས་བདེ་ལེགས་ངང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784747
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号