བོད་ཁུལ་ཁེ་ལས་ཆེད་བསྐྱོད་རྒྱུས་ལོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བོད་ཁུལ་ཁེ་ལས་ཆེད་བསྐྱོད་རྒྱུས་ལོན།
བོད་ཁུལ་ཁེ་ལས་ཆེད་བསྐྱོད་རྒྱུས་ལོན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-02-03ལྟ་ཀློག (6390)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་བོད་ཁུལ་ཁེ་ལས་ཆེད་བསྐྱོད་རྒྱུས་ལོན་དུ་ཕྱིན་པ། 

---གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་དང་མཚོ་སྔོན་གངས་གཡག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་བོད་ཁུལ་ཁེ་ལས་ཆེད་བསྐྱོད་རྒྱུས་ལོན་དུ་ཕྱིན་པ། 

མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བ་ལ་རིག་གནས་ཀྱི་སློབ་གསོ་བ་ཆིག་རྐྱང་བ་ཙམ་གྱིས་མི་ཆོག་པར་མི་རིགས་དེའི་འཚོ་བའི་ཐོན་ཁུངས་ཕྱོགས་ཡོངས་ནས་སྔོག་འདོན་དང་། ཐོན་ལས་ཁྲོམ་ར་ཅན་དུ་བཏང་ནས་རང་སྐྱ་འཕེར་བའི་ཁེ་ལས་གསར་འཛུགས་ཀྱི་ལམ་ག་ཡག་པོ་ཞིག་བསྙེག་འེ་ཐུབ་ལྟ་རྒྱུ་ནི་མི་རིགས་དེའི་འཚོ་གནས་ཀྱི་ཤི་གསོན་དང་འབྲེལ་བའི་གཟུར་དུ་མེད་པའི་འགན་འཁྲི་གཙོ་བོ་ཞིག་ཡིན། དེ་བས་མི་རིགས་གང་དེའི་འཚོ་བའི་ཐོན་ཁུངས་དང་རིག་གནས་ཀྱི་ཐོན་ཁུངས་སོགས་མང་བོ་ཞིག་སྔོག་འདོན་བྱས་ནས་ཐོན་ལས་ཅན་དང་། ཐོན་རྫས་ཅན། སྤྱི་ཚོགས་ཅན། ཁྲོམ་ར་ཅན། དགོས་མཁོ་ཅན། སྤྱོད་རྒྱ་ཅན་དུ་གྱུར་ནས་ཐད་ཀར་འཚོ་གནས་ཀྱི་མ་རྐང་དུ་གྲུབ་ཐུབ་པ་ཞིག་བྱུང་ན་ད་གཟོད་མི་རིགས་དེའི་རིག་གནས་ལ་རེ་བ་ཡོད་པ་ཡིན་ལ། མི་རིགས་དེའི་དཔལ་འབྱོར་ལའང་རེ་བ་ཡོད་པ་ཡིན། མདོར་ན་མི་རིགས་གང་དེའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་རེ་བ་བླ་ལྷག་ཡོད་པ་ཡིན་ནོ།། དེ་བས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་དང་མཚོ་སྔོན་གངས་གཡག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་བོད་ཀྱི་ས་གནས་སོ་སོར་ཆེད་དུ་བསྐྱོད་ནས་བོད་རང་གི་ཁེ་ལས་ལ་རྒྱུས་ལོན་དང་། བོད་ཀྱི་ན་གཞོན་རྣམས་ལ་སྐུལ་འདེད། བོད་ཀྱི་ཁེ་ལས་འཕེལ་རྒྱས་ལ་མིག་དཔེ། བོད་རང་གི་ཁེ་ལས་པ་ཚད་ལྡན་དག་ལ་རྒྱབ་སྐྱོར་ཞིག་གི་ཚུལ་དུ་བོད་ཀྱི་ཁེ་ལས་ཀྱི་སྡེ་མང་བོ་ཞིག་ལ་ཆེད་བཅར་བྱས་པ་ཡིན་ཞིང་། ང་ཚོ་མཉམ་རུབ་ཀྱི་སྒོ་ནས་མི་རིགས་རང་གི་རིག་གནས་ཀྱི་འཚོ་ཐབས་དང་མཐུན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡོངས་སུ་འཚམ་པའི་ཁེ་ལས་འཛུགས་སྐྲུན་གྱི་ལམ་ག་གསར་བ་ཞིག་བསྙེག་ཐུབ་རྒྱུ་དེ་ལྡོག་ཏུ་མེད་པའི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་འགན་འཁྲི་ཡིན་པར་མ་ཟད། བོད་རང་གི་སྐད་ཡིག་ཆོས་སྲིད་རིག་གནས་དང་བཅས་པ་འཛམ་གླིང་འདིར་ཡུན་རིང་གནས་ཐུབ་མིན་གྱི་གནད་འགག་ཀྱང་འདི་ལ་ཐུག་ཡོད་པས་ཐེངས་འདིར་ང་ཚོ་བོད་ཁུལ་གྱི་ཁེ་ལས་གྲགས་ཅན་ཉི་ཤུ་ལྷག་ལ་དངོས་སུ་བསྐྱོད་ནས་རྒྱུས་ལོན་བྱས་ཡོད།  


སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡ཚེས་༢༣ཉིན་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་ཁང་དང་མཚོ་སྔོན་གངས་གཡག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་ཉིན་བཅུ་ལྷག་བེད་སྤྱད་ནས་འབའ་རྫོང་དང་། རྨ་ཆེན་རྫོང་། མགོ་ལོག་ཁུལ། གཅིག་སྒྲིལ་རྫོང་། རྔ་བ་རྫོང་། རྨ་ཆུ་རྫོང་། ཀླུ་ཆུ་རྫོང་། ཀན་ལྷོ་ཁུལ། བསང་ཆུ་རྫོང་། སོག་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་ཁུལ། གཅན་ཚ་རྫོང་། བ་ཡན་རྫོང་། ཟི་ལིང་། ཁྲི་ཀ་རྫོང་སོགས་མཚོ་སྔོན་དང་སི་ཁྲོན། ཀན་སུའི་བཅས་ཞིང་ཆེན་གསུམ་གྱི་མངའ་ཁོངས་སུ་ཡོད་པའི་བོད་རང་གི་སྲོལ་རྒྱུན་ཁེ་ལས་ཀྱི་རྨང་མ་བོར་ཞིང་། དུས་རབས་གསར་བའི་འགྲོས་དང་འཚམ་པ། བོད་རང་སའི་དཔལ་འབྱོར་གྱི་ཐོན་ཁུངས་དེ་རང་སྲུང་རང་སྤེལ་གནང་བ་ལ་དམིགས་བསལ་གྱིས་ཁྱད་ཆོས་འབུར་དུ་ཐོན་པའི་བོད་ཁུལ་གྱི་ཁེ་ལས་གྲགས་ཅན་ཉི་ཤུ་ལྷག་ལ་དངོས་སུ་བསྐྱོད་ནས་རྒྱུས་ལོན་དང་ཞིབ་འཇུག་བྱས་ཤིང་། ཐེངས་འདིའི་འགྲུལ་བཞུད་ཁྲོད་ཆེད་བསྐྱོད་ཡུལ་ངོས་རྒྱུས་ལོན་གྱི་ཁྱབ་ཁོངས་སུ་ཚུད་པའི་ཁེ་ལས་དག་ནི་རྨ་ཆེན་རྫོང་གོ་པག་ཆེད་གཉེར་མཉམ་སྒྲུབ་མཐུན་གཉེར་ཁང་། མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་སྤྲི་ཆར་བཟོ་གྲྭ། རྨ་ཆེན་རྫོང་མར་ལོ་འོ་རྫས་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་། གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་རིག་གནས་ལྗོངས་རྒྱུ་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་། ཀན་ལྷོ་ཁུལ་ནོར་ལྷ་འཁེལ་འཐག་བཟོ་གྲྭ། ཀན་ལྷོ་ཁུལ་ནོར་བུ་བཟང་པོ་དྲ་ལམ་ཚོང་དོན་གསར་སྤེལ་འགན་འཁྲི་སྤྱི་གཉེར་ཁང་། བསང་ཆུ་རྫོང་གངས་ལྗོངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ། རྔ་བ་རྫོང་ལྷ་གཡག་རྟགས་མའི་སྤྱི་གཉེར་ཁང་། རྔ་བ་རྫོང་ཀུན་ཕན་གློག་རྡུལ་ཚན་རྩལ་ཚད་ཡོད་མཐུན་གཉེར་ཁང་།རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་། རྔ་བ་རྫོང་ཡར་འཕེལ་བོད་སྤོས་ཚད་ལྡན་སྤྱི་གཉེར་ཁང་། རྔ་བ་རྫོང་ཨ་ཁུ་སྟོན་པ་ཚན་རྩལ་སྤྱི་གཉེར་ཁང་། རྩེ་ཁོག་རྫོང་གཡང་དཀར་འབའ་སྒྲ་ཁུལ་བལ་བཟོ་ལས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་ཁང་། གཅན་ཚ་ཚེ་སྦྱིན་མི་རིགས་མཁོ་ཆས་ཚད་མཐུན་སྤྱི་གཉེར་ཁང་། གངས་ལྗོངས་དགའ་ཡ་སྤྱི་གཉེར་ཁང་། ཁྲི་ཀ་རྫོང་བློ་བཟང་ཚན་རྩལ་སྤྱི་གཉེར་ཁང་སོགས་ཡིན།   


སྤྱི་ཚེས་༢༣ཉིན་གྱི་ཕྱི་དྲོར་མགོ་ལོག་རྨ་ཆེན་རྫོང་མར་ལོ་འོ་རྫས་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་ལ་ཆེད་བསྐྱོད་རྒྱུས་ལོན་བྱེད་དུ་སོང་ཞིང་། ཟས་རིགས་རིགས་མཐུན་གཉེར་ཁང་གི་སྤྱིའི་འགོ་གཙོ་ཚོང་དཔོན་བྷ་ཡོ་ལགས་ཀྱིས་མཐུན་གཉེར་ཁང་འདིས་ཀྱག་ཀྱོག་གི་བཞུད་ལམ་དང་མ་འོངས་པའི་ཁ་ཕྱོགས་དང་དམིགས་ཡུལ་ང་ཚོར་ངོ་སྤྲོད་ཞིབ་རྒྱས་གནང་། ཁོང་གིས་ཉིས་སྟོང་དྲུག་ལོ་ནས་བཟུང་འོ་མ་གཙོ་བྱས་པའི་བོད་རང་གི་ཟས་རིགས་སྣ་ཚོགས་ཐོན་རྫས་ཚད་ལྡན་དུ་ཅན་བཏང་ནས་སྤྱི་ཚོགས་ཚོང་ར་འཚོལ་བའི་ལས་ཀ་འདིའི་འགོ་བཟུང་ཞིང་། ད་ལྟ་རྒྱལ་ཁབ་རིམ་པའི་ཆོག་མཆན་ཚད་ལྡན་ཡོངས་སུ་ཐོབ་ཡོད་པ་དང་། ད་ལྟ་སྤྱི་གཉེར་ཁང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྟོང་གསུམ་ལྷག་ཡོད་ཅིང་། གཏན་འཇགས་མ་རྩ་སྒོར་ཁྲི་ཆིག་སྟོང་བརྒྱ་ལྷག་བཏང་ཡོད། ཚོང་དཔོན་བྷ་ཡོས་འདས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་རྒྱལ་ནང་གི་ཟས་རིགས་སྤྱི་གཉེར་ཁང་གྲགས་ཅན་མང་བོ་ཞིག་ལ་ཆེད་བསྐྱོད་ཀྱིས་རྒྱུས་ལོན་དང་འབྲེལ་ཡོད་ཆེད་ལས་མི་སྣ་ལ་བློ་འདྲི་སོགས་བརྒྱུད་ནས་ད་ལྟ་བོད་རང་གི་སྲོལ་རྒྱུན་གྱི་ཟས་བྲོ་དང་ཁྱད་ཆོས་མ་ཡལ་ཞིང་། སྔོན་ཐོན་ལག་རྩལ་གྱིས་རབ་ཏུ་ཕྱུག་པའི་མར་ལོ་རྟགས་ཅན་གྱི་ཐོན་རྫས་བཅུ་ཕྲག་ལྷག་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་བཀྲམ་པས་རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ཀྱིས་ཀྱང་དགའ་བསུ་བླ་མེད་ཐོབ་པར་མ་ཟད། མར་ལོ་རྟགས་ཅན་གྱི་ཚོང་རྟགས་ལ་རྒྱལ་ཁབ་རིམ་པས་མགོ་ལོག་ཁུལ་གྱི་ཚོང་རྟགས་མིང་གྲགས་ཅན་གྱི་མཚན་སྙན་གྱི་གཟི་བརྗིད་གནང་ཡོད་ལ། ད་ལྟའི་བར་ཞིན་ཧྭ་དྲ་བ་དང་། ཧྲང་ཧེ་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་བོད་བོད་སྐད་བརྙན་འཕྲིན་ཁང་སོགས་གསར་འགྱུར་བརྒྱུད་ལམ་གྲགས་ཅན་དག་ནས་མཐོང་ཆེན་བྱས་ཏེ་མར་ལོ་རྟགས་ཅན་གྱི་བོད་ཀྱི་ཟས་རིགས་ཐོན་རྫས་ཁྱབ་བསྒྲགས་གནང་མྱོང་། ཚོང་དཔོན་བྷ་ཡོས་བཤད་རྒྱུར། ང་ཚོ་བོད་རང་གི་ཟས་རིགས་ཀྱི་ཐོན་ཁུངས་ནི་ང་ཚོ་རང་ཉིད་ཀྱིས་དོ་དམ་དང་སྔོག་འདོན་ཡག་པོ་བྱས་ནས་ཐོན་རྫས་ཅན་དང་ཚོང་ར་ཅན་དུ་མི་གཏོང་ན་སུ་ཞིག་གིས་གཏོང་སྟེ། འདི་ནི་ང་ཚོ་ལ་མེས་པོ་རྣམས་ཀྱིས་བཞག་པའི་འཚོ་བ་དང་ང་ཚོ་མི་རབས་གསར་བའི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་ཡིན་ཟེར།  


ཚེས་༢༤ཉིན་གུང་ཙམ་ལ་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་རིག་གནས་ལྗོངས་རྒྱུ་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་ལ་འབྱོར་ཞིང་། བཟོ་གྲྭ་འདིས་བོད་རང་གི་བལ་འཁེལ་ལག་འཐག་གི་བཟོ་རྩལ་མ་ཉམས་པར་རྒྱུན་འཛིན་གནང་སྟེ་འཐག་བཟོའི་རྒྱུ་ཆ་ལས་གྲུབ་པའི་རྒྱབ་ཁུག་སྣ་ཚོགས་དང་། བོད་ལ། གདན་ཆ། ཅ་དངོས་ཀྱི་ཤུབ་སྣ་ཚོགས་སོགས་མདོར་ན་བོད་ཀྱི་འཐག་བཟོའི་ཐོན་རྫས་མང་བོ་ཚད་མཐོའི་བཟོ་རྩལ་ལ་བརྟེན་ནས་ཐོན་བསྐྱེད་བྱས་པ་བོད་རང་གི་ཐོན་རྫས་ཀྱི་ཁྱད་ཆོས་མ་ཉམས་ཤིང་། དེང་རབས་ཀྱི་དགའ་ཕྱོགས་དང་མཐུན་པའི་ཇུས་འགོད་བྱས་པ་ཧ་ཅང་བབ་ཆགས་ཤིང་མཛེས་ཆ་ཆེ་བ། སྲོལ་རྒྱུན་གྱི་ལག་རྩལ་གྱི་བྲོ་བ་སྟུག་ཅིང་དུས་རབས་ཀྱི་བཟོ་དབྱིབས་ཀྱི་ཁྱད་ཆོས་མངོན་ཆེ་བས་ང་ཚོའི་འཚོ་བའི་ཐོན་ཁུངས་ཀྱི་རྒྱུ་ཆ་མང་བོ་ཞིག་སྔོག་འདོན་བྱས་ཏེ་དུས་རབས་ཀྱི་མཛེས་དཔྱོད་དང་ཡོངས་སུ་འཚམ་པའི་ཐོན་རྫས་སུ་གཏོང་དགོས་ན་འདི་ལྟར་གཏོང་དགོས་པ་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་ང་ཚོ་ངང་གིས་སྟེར་ཐུབ། བཟོ་གྲྭའི་འདིའི་སྤྱིའི་འགོ་གཙོ་ཚེ་རིང་ལགས་ཀྱིས་བཤད་དོན། ང་ཚོའི་དམིགས་ཡུལ་གཙོ་བོ་སྲོལ་རྒྱུན་གྱི་ལག་རྩལ་དང་ཐོན་ཁུངས་མང་བོ་ཞིག་དེང་རབས་ཀྱི་སྤྱི་ཚོགས་ནང་དུ་དངོས་སུ་བཀོལ་ཐུབ་པ་དང་སྤྱོད་སྒོ་གནང་ཐུབ་པ་ཞིག་བྱུང་ན་སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཟེར་བའང་འདི་ལས་མི་འདུག་སྙམ་སོང་ཟེར།  


ཚེས་༢༥ཉིན་གྱི་སྔ་དྲོར་ཨ་ཁུ་སྟོན་པ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་འཇམ་དབྱངས་ལགས་ལ་ཐུག་ནས་ཁེ་ལས་སྤྱི་དང་ནང་སྒོས་ཨ་ཁུ་སྟོན་པ་སློབ་སྦྱོང་ལག་དེབ་ཅེས་པའི་གློག་ཀླད་ཕྱོགས་ནས་རྒྱུས་ལོན་དང་ལབ་གླེང་བྱས་པ་ཡིན། ཁོས་མི་ལོ་མང་བོའི་རིང་དཀའ་ཁག་རབས་དང་རིམ་པ་བརྒྱུད་ནས་གསར་བཏོད་བྱས་པའི་ཨ་ཁུ་སྟོན་པ་སློབ་སྦྱོང་ལག་དེབ་གློག་ཀླད་འདི་ནི་ཨ་ཁུ་སྟོན་པ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གཙོར་བྱས་དཔེ་སྐྲུན་ཁང་སོ་སོ་དང་ལོ་མང་བོའི་རིང་ལ་བོད་ཡིག་གསུང་འབུམ་སྐོར་གྱི་ཕྱག་ལས་ཚད་ལྡན་གནང་བའི་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།ཧི་མ་ལའི་རིག་མཛོད་ཁང་སོགས་གཞུང་སྒེར་གྱི་ལས་ཁུངས་མང་བོས་ཕྱོགས་སོ་སོ་ནས་ལས་རོགས་དང་རྒྱབ་སྐྱོར་བྱས་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་དགེ་བའི་བཤེས་གཉེན་དང་མཁན་པོ། ཆེད་མཁས་པ་དང་དགེ་རྒན་ཆེན་མོ་སོགས་ཉེ་རབས་བོད་ཀྱི་ཤེས་ཡོན་པ་མང་བོས་ལོ་ངོ་གསུམ་བཞིའི་རིང་ལ་ཞིབ་འཇུག་དང་བརྟག་དཔྱད་རིམ་པར་བྱས་པ་བརྒྱུད་ནས་ད་སྔ་བོད་ཀྱི་སྤྱི་ཚོགས་སྟེང་གླེང་རན་ཡོད་པའི་ཨ་ཁུ་སྟོན་པ་སློབ་སྦྱོང་ལག་དེབ་ཅེས་པ་འདི་དངོས་སུ་ལེགས་འགྲུབ་བྱུང་བ་རེད། འཕྲུལ་དེབ་འདིར་ཨན་སྒྲོལ་མ་ལག་གསར་ཤོས་6.0 ཅན་ནང་འཇུག་བྱས་ཡོད་པས།བོད་ཡིག་གཏགས་བདེ་ཞིང་ཤོང་ཚད་2G+32G ལ་སླེབས་ཡོད། དེ་ཡང་གནས་རིམ་64 ཅན་དང་། དཀྱིལ་སྙིང་སྒྲིག་བཀོད་4 ཅན། 1200*1920ཅན་གྱི་G+G རེག་ངོས་TP དང་། ཚུན་10.1ཅན་གྱི་འཆར་ངོས། མདུན་རྒྱབ་ཀྱི་པར་སྤུས་སོ་སོར་ཁྲི500ཅན་དང་ཁྲི་800ཅན།2.4G+5G ཟུང་འཇུག་གི་WIFI སོགས་རྩེར་སོན་སྒྲིག་བཟོ་མང་པོ་ཞིག་འདུས་ཡོད། རྒྱ་ཆེ་བའི་སློབ་སྦྱོང་བྱེད་མཁན་རྣམས་ལ་སྟབས་བདེ་ཡོང་ཆེད།ལག་དེབ་འདིར་ཨན་སྒྲོལ་གྱི་མཚམས་ངོས་དང་སློབ་སྦྱོང་ལག་དེབ་ཀྱི་མཚམས་ངོས་གཉིས་སུ་དབྱེ་ཡོད་པས།ཁྱེད་ཀྱིས་འདྲེད་འགུལ་བྱས་པ་བརྒྱུད་འོས་བབ་ཀྱི་མཚམས་ངོས་སུ་ཞུགས་ཆོག་པ་ཡིན། 

གློག་ཀླད་ལག་དེབ་འདིའི་ནང་དོན་ནི་ས་བཅད་ཆེན་པོ་བདུན་གྱིས་ཡོངས་སུ་གྲུབ་པར་བྱས་ཡོད་པ་གཤམ་ལྟར། 

༡ བོད་ཡིག་སློབ་གླིང་ཞེས་པའི་ནང་དུ་རིག་གནས་ཆེན་མོ་བཅུ་དང་ཆོས་བརྒྱུད་ཆེན་མོ་བརྒྱད།གནའ་དེང་གསུང་འབུམ། རིག་གཞུང་གསར་བ་སྣ་ཚོགས། སློབ་གྲྭའི་སྐོར་སོགས་དོན་ཚན་ལྔ་རུ་བྱས་ནས་བཀོལ་ཡོད།འདི་ནི་བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་སའི་སློབ་གླིང་གསར་བ་ཞིག་ཡིན།

༢ རྒྱ་ཡིག་སློབ་གླིང་ཞེས་པའི་ནང་དུ་བྱིས་པའི་སློབ་ཐབས་ཀྱི་སྐོར་དང་སློབ་ཆུང་གི་སྐོར།དམའ་འབྲིང་གི་སྐོར། མཐོ་འབྲིང་གི་སྐོར་སོགས་ཀྱི་སློབ་དེབ་ཆ་ཚང་བ་བཞག་ཡོད་ལ་དེར་གཞིར་བཟུང་ནས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་ལ་གློག་སྨྱུག་དང་སློབ་ཁྲིད་ཀྱི་བརྙན་རིས་སོགས་དེང་རབས་སློབ་ཐབས་སྣ་ཚོགས་སྤྱད་ནས་འཐུས་སྒོ་ཚང་བའི་སློབ་སྦྱོང་མཉེན་ཆས་བཟོས་ཡོད་པ་མ་ཟད། གྲགས་ཆེ་བའི་དྲ་ལམ་སློབ་ཁྲིད་ཀྱི་མཉེན་ཆས་མང་པོའང་བཞག་ཡོད།

༣ དབྱིན་ཡིག་སློབ་གླིང་ཞེས་པའི་ནང་དུ་ཉེ་རབས་སྤྱི་ཚོགས་ཀྱི་དགོས་མཁོ་གཙོ་བོར་བྱས་ནས་རྒྱུན་སྤྱོད་དབྱིན་ཡིག་སློབ་སྟངས་སྣ་ཚོགས་དང་རྒྱལ་ནང་ལ་རྒྱུགས་ཆེ་བའི་དབྱིན་ཡིག་སྐོར་གྱི་མཉེན་ཆས་ཚད་ལྡན་འགའ་ཤས་ཡང་བཞག་ཡོད་པས་ཁྱོད་ཚོས་སློབ་པ་ལ་རོགས་ཐུབ་པར་ཐེ་ཚོམ་མེད།  

༤ ལི་ཙཱ་གླིང་ཞེས་པའི་ནང་དུ་ཡིག་སྒྱུར་གྱི་ལས་ཀ་གཉེར་པའི་ལོ་ཙཱ་བ་དང་དགེ་རྒན་ཚོ་གཙོར་བྱས་པའི་ཤེས་ཡོན་པའི་སྡེ་ལ་དམིགས་ནས་བོད་ཡིག་དང་རྒྱ་ཡིགདབྱིན་ཡིག ཉི་ཧོང་གི་སྐད། ཧྥ་སྐད། ཁོ་རེ་ཡའི་སྐད་སོགས་སྐད་རིགས་ཉི་ཤུ་ལྷག་ཡོད་པའི་མཉེན་ཆས་སྣ་ཁ་མང་པོ་བཞག་ཡོད་ལ།གཞན་ད་རུང་དྲ་ལམ་ཡིག་སྒྱུར་གྱི་འབྲེལ་ལམ་ཁ་ཤས་ཡོད།

༥ ཚིག་མཛོད་གླིང་ཞེས་པའི་ནང་དུ་བོད་ཀྱི་དགོན་སྡེའི་སློབ་གཉེར་བ་དང་སློབ་གྲྭའི་སློབ་མ་ཚོ་ལ་ཆེད་དམིགས་བྱས་ནས་བོད་ཡིག་ཚིག་མཛོད་དང་རྒྱ་ཡིག་ཚིག་མཛོད།དབྱིན་ཡིག་ཚིག་མཛོད་སོགས་སྐད་རིགས་གསུམ་གྱིས་གྲུབ་པའི་ཚིག་མཚོད་བཅུ་ཕྲག་ཁ་ཤས་བཞག་ཡོད།

༦ ལག་ཆ་ཞེས་པའི་ནང་དུ་ཡིག་ཆའི་སྐོར་རྩོམ་སྒྲིག་བྱེད་ཐབས་དང་འདྲ་པར་གཅད་གཏུབ་བྱེད་སྤྱད་ཕབ་ལེན་བྱེད་སྤྱད་ཀྱི་མཉེན་ཆས་སོགས་ཉེར་མཁོའི་ལག་ཆ་སྐོར་ཕྱོགས་གཅིག་ཏུ་བསྡུས་ཡོད།

        

ཚེས་༢༥ཉིན་གྱི་ཕྱི་དྲོར་རྔ་བའི་ན་གཞོན་རེ་བ་ཅན་བཀྲ་བྷོ་ལགས་གཙོས་པའི་ཁོའི་ལས་གྲོགས་འགའ་ལ་དངོས་སུ་ཐུག་ནས་ཁོ་རང་སློབ་མཐར་ཕྱིན་ནས་ད་བར་གཉེར་བའི་ཁེ་ལས་ཀྱི་ཕྱོགས་ལ་རྒྱུས་ལོན་བྱས་ཤིང་། ཁོ་རང་མི་སྒེར་དང་མཉམ་འབྲེལ་སོགས་ཀྱི་སྒོ་ནས་ད་ལྟའི་བར་ཁོས་མཐུན་གཉེར་ཁང་མི་འདྲ་བ་གསུམ་ལྷག་གཉེར་བཞིན་ཡོད་ལ། མཐུན་གཉེར་ཁང་རེ་རེའི་ལས་ཀའི་ཁ་ཕྱོགས་དང་དམིགས་ཚད་ཀྱང་བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་མ་བོར་བའི་སྟེང་དུས་རབས་དང་འཚམ་པའི་མཆོང་བསྐྱོད་ཀྱི་རེ་བས་ཀུན་ནས་བརྟས་ཡོད། ཁོ་རང་གིས་ང་ཚོ་དངོས་སུ་མཐུན་གཉེར་ཁང་སོ་སོ་ལ་ཁྲིད་ནས་མཚམས་སྦྱོར་དང་འབྲེལ་ཁོ་རང་གིས་ཁེ་ལས་གཉེར་བའི་དམིགས་ཡུལ་སོགས་འགྲེལ་བཤད་གནང་བར་མ་ཟད། ཧ་ཅང་ངང་རྒྱུད་རིང་བོས་རྔ་ཡུལ་གྱི་ཁེ་ལས་གྲགས་ཅན་ཕལ་མོ་ཆེ་ལ་ཁོ་རང་གིས་འགྲོ་རོགས་བྱས་ནས་ང་ཚོའི་འཆར་གཞི་མཇུག་གྲུབ་པར་བྱས། ཁོ་དང་གྲོགས་པོ་འགའི་མཉམ་འབྲེལ་གྱིས་གཉེར་བའི་རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་རྔ་བ་རྫོང་གི་ལྷོ་ཁུལ་གྲོང་གསར་དུ་སྤྱི་ལོ༢༠༡༦ལོའི་ཟླ༧པར་གསར་འཛུགས་བྱས་ཤིང་། མཐུན་གཉེར་ཁང་གསར་འཛུགས་ཐད་ལ་བོད་ཁུལ་གྱི་སློབ་ཆེན་སློབ་མ་བཞི་ཡིས་མཉམ་འབྲེལ་སྒོས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་བཏང་སྟེ་གསར་འཛུགས་བྱས་པ།ཞིག་ཡིན། མཐུན་གཉེར་ཁང་འདི་གནས་ཡུལ་ནི་རི་མཐོ་ས་གཙང་གི་མདོ་དབུས་མཐོ་སྒང་གི་ཐུན་མིན་གྱི་སྐྱེ་ཁམས་དང་། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་ཕུན་སུམ་ཚོགས་པའི་རྔ་བའི་ས་བབ་ཀྱི་དམིགས་བསལ་ཁྱད་ཆོས་ཀྱིས་ཡུལ་འདིའི་ཞིང་ལས་གཙོར་བྱས་པའི་འདེབས་འཛུགས་ལས་རིགས་ལ་ས་ཁུལ་གཞན་དང་མི་འདྲ་བའི་དགེ་མཚན་བསྐྲུན་ཡོད་པས་སྣོད་བཅུད་ཀྱི་ལེགས་ཚོགས་རང་དབང་གིས་འདུ་བའི་གནས་མཆོག་ཅིག་ཏུ་ངང་གིས་གྲུབ་ཡོད། མཐུན་གཉེར་ཁང་འདིའི་ད་ལྟའི་ཁེ་ལས་གཉེར་བྱ་གཙོ་བོ་ནི་མཐོ་སྒང་གི་ལྗང་མདོག་ཟས་རིགས་ཀྱི་ཚད་གཞིའི་སྟེང་ནསམེས་སྲོལ་བོད་སྣུམསྟེ། པད་ཁ་འདེབས་འཛུགས་དང་བཙོ་སྦྱངས། ཐོན་སྐྱེད། ཕྱིར་འཚོང་བཅས་བྱེད་བཞིན་ཡོད་ཅིང་། 

     མདོར་ན་ན་གཞོན་སློབ་ཆེན་པ་འདི་དག་གིས་ཕ་ཡུལ་གྱིས་རང་ལ་བཞག་པའི་འོས་འགན་མ་བརྗེད་པར་ཕྱིར་ཕ་ཡུལ་དུ་ལོག་ནས་ཁེ་ལས་གསར་འཛུགས་ཀྱི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གཞི་རྒྱ་ཆེ་བའི་ས་ཞིང་དང་བཟོ་གྲྭ སྒྲིག་ཆས། རྒྱལ་ཁབ་ཀྱི་ཚད་ལྡན་ཐོབ་ཡིག་བཅས་བླངས་ནས་མ་འོངས་ཁེ་ལས་ཀྱི་མདུན་ལམ་སྔར་ལས་ཕུན་སུམ་ཚོགས་པར་འབད་འབུངས་བྱེད་བཞིན་ཡོད་པར་མ་ཟད། སྤྱིར་རྔ་བའི་ཡུལ་ནི་བོད་ཁུལ་གཞན་དང་བསྡུར་ན་ཁེ་ལས་ཀྱི་ལམ་ལ་བསྐྱོད་པ་སྔ་ཞིང་། ཁེ་ལས་གསར་སྤེལ་གྱི་ཁོར་ཡུག་དང་རྒྱབ་ལྗོངས་ངེས་ཅན་ཞིག་ཆགས་ཡོད་པས་རང་ས་རང་འཛིན་དང་། རང་ཁེ་རང་སྤེལ། རང་མི་མཉམ་འབྲེལ་སོགས་ཀྱིས་མཚོན་པའི་མི་རིགས་ཁེ་ལས་ཀྱི་མ་མཐའི་འདུ་ཤེས་དང་ཆ་རྐྱེན་སོགས་ཧ་ཅང་སྲ་བརྟན་དུ་གྲུབ་ཡོད་པས་རྒན་རབས་ཁེ་ལས་པ་རྣམས་ཀྱི་རྩ་འཛུགས་དཔུང་བཙན་ཞིང་། གཞོན་རབས་ཁེ་ལས་པ་རྣམས་ཀྱི་དུས་རབས་ཀྱི་འགན་འཁྲིའི་འདུ་ཤེས་ཤུགས་དྲགས་པས་རང་ཡུལ་སྐྱོང་བ་ལ་ཕྱི་ཡི་ལྕགས་རི་དང་ནང་གི་ཁབ་སོ་གཉིས་འཛོམས་ལྟ་བུར་གྱུར་བའི་རྔ་ལྗོངས་ཕྱུག་མོ་འདི་ནི་ད་ལྟ་དཔལ་འབྱོར་གྱིས་འཁོས་ཞན་པའི་ང་ཚོའི་མི་རིགས་འདིའི་གདོང་མཆོང་ལྟ་བུར་སྔོན་དུ་གྲོང་ངེར་བུད་འདུག་པས་ང་ཚོས་མིག་དཔེ་དང་རྒྱུས་ལོན་བྱ་འོས་སྙམ།  

     

 ཚེས་༢༥ཉིན་གྱི་དགོང་ཁ་ཙམ་ལ་ང་ཚོ་རྔ་བ་རྫོང་ཡར་འཕེལ་བོད་སྤོས་ཚད་ལྡན་སྤྱི་གཉེར་ཁང་ལ་རྒྱུས་ལོན་བྱེད་དུ་སོང་ཞིང་། རྔ་བ་རྫོང་ཡར་འཕེལ་བོད་སྤོས་ཚད་ལྡན་སྤྱི་གཉེར་ཁང་ནི་གངས་ལྗོངས་ཚོང་ལས་ཀྱི་ལྟེ་གནས་རྔ་བ་རྫོང་དུ་སྤྱི་ལོ་༢༠༡༡ ལོར་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། བོད་རང་གི་ཐུན་མོང་མ་ཡིན་པའི་བོད་སྤོས་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ་གཙིགས་སུ་བཟུང་སྟེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་དམ་པ་གོང་མའི་མན་ངག་ཇི་བཞིན་སྦྱོར་བཟོ་བྱས་པའི་ཡར་འཕེལ་རྟགས་ཅན་གྱི་བོད་ལུགས་བདུག་སྤོས་སོགས་ཐོན་རྫས་སྣ་མང་ཅན་གྱི་བཟོ་གྲྭ་ཞིག་ཡིན། རྔ་བ་རྫོང་ལ་མཚོན་ན་རྒྱལ་ཁབ་རིམ་པའི་ཚོང་རྟགས་དང་དཔང་ཡིག་འཐུས་ཚང་ཐོབ་མཁན་གྱི་ཐོག་མའི་གྲོས་ཡིན་ལ། རྒྱལ་ཡོངས་ཀྱི་ཐོན་རྫས་གྲགས་ཅན་འགྲན་སྡུར་མང་བོ་ཞུགས་པར་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་རང་རྒྱལ་གྱི་གསར་ལམ་གྲགས་ཅན་མང་བོ་ཞིག་ནས་ཁྱབ་བསྒྲགས་བྱས། བཟོ་གྲྭ་འདིས་ལས་སྣོན་བྱས་པའི་བོད་སྤོས་ཀྱི་ཐོན་རྫས་དག་རྒྱལ་ཡོངས་ས་གནས་སོ་སོ་གཙོ་བྱས་པའི་ཁ་ཎ་ཊ་སོགས་ཕྱིའི་རྒྱལ་ཁབ་འགའ་རེ་ལའང་འགྲེམས་འཚོང་བྱེད་བཞིན་ཡོད། བཟོ་གྲྭ་འདིའི་སྤྱིའི་འགོ་གཙོ་ཡར་འཕེལ་གྱིས་བཤད་རྒྱུར། བོད་རང་གི་ཐོན་རྫས་བཟོ་ལས་ཀྱི་ལག་རྩལ་བོད་སྤོས་བཟོ་སྦྱོར་འདི་ལྟ་བུ་ཞིག་ནུས་ཚོད་ཀྱིས་རྒྱུན་བསྲིངས་ནས་གཉེར་ཐུབ་པ་འདི་ཡང་རང་གི་བསོད་ནམས་དང་མི་རིགས་ལ་བཅངས་པའི་སེམས་མཚོན་ཙམ་ཡིན་ཟེར།  


ཚེས་༢༧ཉིན་ང་ཚོ་ཀན་ལྷོ་མཛོད་དགེ་ཡུལ་ཚོ་རུ་སྟོད་མར་བཙུགས་པའི་ནོར་ལྷ་བཟོ་གྲྭ་རུ་རྒྱུས་ལོན་བྱེད་དུ་སོང་ཞིང་། ཉིན་འདིར་ལམ་ཡོངས་ཁ་བའི་གོས་དཀར་གྱིས་ཡོངས་སུ་བཀླུབས་ཏེ་འགྲོ་ལམ་བདེ་མོ་མིན་ཡང་གྲོགས་པོ་མཛོད་དགེ་བ་འཕྲིན་ལས་དང་ནོར་ལྷའི་བཟོ་གྲྭའི་ཕྱིར་འཚོང་འགན་འཛིན་པ་སློབ་གྲོགས་དགའ་ཕ་ལམ་གཉིས་ཀྱི་རྒྱབ་སྐྱོར་དང་སྣེ་ལེན་འོག་ནོར་ལྷའི་བཟོ་གྲྭ་རུ་སླེབས་ཐུབ་པ་བྱུང་། ཀན་སུའུ་ནོར་ལྷ་ཞིང་ཕྱུགས་འཕེལ་རྒྱས་ཚད་ཡོད་ལས་ཁུངས་ནི་སྤྱི་ལོ་༢༠༠༧ལོར་གསར་དུ་ཚུགས་པའི་ནོར་ཁུལ་ལས་སྣོན་བྱེད་པའི་བཟོ་གྲྭ་ཞིག་ཡིན། ལོ་དེར་ད་ལྟའི་བཟོ་ལས་ཁང་གི་མདུན་ཐད་ཀྱི་ཆུ་ངོགས་ནས་གུར་ཕུབ་སྟེ་ཆེས་ཐོག་མའི་ཚོད་ལྟའི་ལས་རིམ་གྱི་འགོ་ཚུགས་པ་ནས་ད་ལྟའི་བར་དུ་ཐོག་མའི་སྦྲ་གུར་གྱི་རྣམ་པ་ནས་དེང་གི་བོད་ལུགས་བཟོ་ལས་ཁང་གི་རྣམ་པ་རུ་ཕྱོགས་ཡོངས་ནས་གཞི་རྒྱ་བསྐྱེད་པ་དང་། བོད་ཀྱི་སྲོལ་རྒྱུན་སྡོད་ཁང་འཛུགས་སྐྲུན་ལག་རྩལ་དང་དེང་རབས་འཛུགས་སྐྲུན་རིག་པའི་དགེ་མཚན་ཟུང་སྦྲེལ་སྒོས་ལེགས་པར་གྲུབ་ཡོད་ཅིང་། ནོར་ལྷ་ལས་ཁུངས་ཀྱིས་༢༠༠༧ལོའི་སྤྱི་ཟླ་ལྔ་བར་ལས་བཟོ་བ་ཉི་ཤུ་འཚོལ་བསྡུ་བྱས་པ་ནས་བཟུང་ལོ་རེ་བཞིན་ལས་བཟོ་བའི་ཁ་གྲངས་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་ནས།དེང་སྐབས་ལས་བཟོ་བ་བརྒྱ་དང་སུམ་ཅུ་ལྷག་ཡོད།དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་བ་རེ་གཉིས་མ་གཏོགས་སྤྱིར་བཏང་གི་ལས་བཟོ་བ་ཚང་མ་ས་གནས་རང་གི་འབྲོག་པ་མང་ཚོགས་ཡིན་པས་བཟོ་གྲྭ་འདིས་ས་གནས་མང་ཚོགས་ཀྱི་སྐྱིད་སྡུག་དང་ལས་འགན་ཡལ་བར་མ་དོར་བར།འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཀྱི་ཀུན་སྤྱོད་ཚད་གཞི་དང་ཚད་ལྡན་ཁེ་ལས་ཀྱི་ལམ་ལུགས་བཅས་ཕན་ཚུན་སྐྱ་བཏབ་པ་བཞིན་གནའ་དེང་དང་གསར་རྙིང་།ཕྱི་ནང་དང་རང་གཞན་བཅས་ཟུང་དུ་འབྲེལ་བའི་ཁེ་ལས་ཀྱི་ལམ་ཁ་གསར་བ་ཞིག་ལ་བསྐྱོད་དང་སྐྱོད་བཞིན་ཡོད་ཅིང་། དགེ་བའི་ངོ་བོ་དང་རྣམ་པ་གཙང་མའི་གཏན་འཇགས་ཀྱི་ལས་ཀ་མཁོ་སྤྲོད་དང་།འབྲོག་ས་ནས་ཐད་ཀར་རང་བྱུང་རྒྱུ་ཆ་ནོར་ཁུལ་ཉོ་བསྡུ་སོགས་ས་གནས་མང་ཚོགས་ལ་རྟ་ནོར་ལུག་གསུམ་ཁོ་ན་འཚོ་སྐྱོང་བྱེད་མི་དགོས་པར་རྩ་ཐང་ནས་ཀྱང་དཔལ་འབྱོར་གྱི་ཡོང་ཁུངས་གཉེར་ཐུབ་པར་འབྲོག་པ་མང་ཚོགས་ལ་སྔ་ན་མེད་པའི་འཚོ་ཚིས་འཚོལ་སྒྲུབ་ཀྱི་རྣམ་པ་གསར་བ་ཞིག་གི་སྒོ་འཕར་ཡངས་པོར་ཕྱེས་ཡོད། ནོར་ལྷ་ལས་ཁུངས་ནི་སྤྱི་ཚོགས་ཁེ་ལས་གཉེར་བའི་བཟོ་གྲྭ་ཞིག་ཡིན་པས།དེ་ལ་ཐོན་སྐྱེད་དང་ཚོང་ལས།རྩིས་གཉེར་དང་སྲིད་འཛིན།ཉོ་སྒྲུབ་བཅས་སྡེ་ཁག་ཆེན་པོ་ལྔར་བགོས་ཤིང་།ཐོན་སྐྱེད་གཅིག་པུའི་ཁོངས་སུའང་འཁེལ་འཐག་དང་རུམ་འཐགའཚེམ་བཟོ།ཕྱིང་ལས་བཅས་སྡེ་ཚན་བཞི་ཡོད། ནོར་ལྷའི་རང་བྱུང་གི་ཐོན་སྐྱེད་རྒྱུ་ཆ་ནི་ནོར་ཁུལ་གཙོས་པའི་བལ་དང་ར་ཁུལ།རྒྱ་ནག་གི་དར་ སྐུད་བཅས་ཡིན་ཞིང་།ཐོན་ཁུངས་ཀྱི་དབང་དུ་བྱས་ན་བོད་ཀྱི་ལྗོངས་ཞིང་ལྔའི་ས་གནས་འབྲོག་པ་མང་ཚོགས་ཀྱི་ལག་ནས་ལྷད་མ་འདྲེས་པའི་རང་བྱུང་རྒྱུ་ཆ་ནོར་ཁུལ་ཉོ་བསྡུ་བྱེད་ཀྱིན་ཡོད་ཅིང་། ་འཁེལ་འཐག་དང་རུམ་འཐགའཚེམ་བཟོ།ཕྱིང་ལས།ལག་སླེ་བཅས་ལག་ཤེས་མི་འདྲ་བ་རིགས་འགའ་ཡི་གྲུབ་པ་དང་།བཟོ་གྲྭ་འདིས་བོད་མི་རིགས་ཀྱི་ཆེས་རྩ་བར་གྱུར་བའི་སྲོལ་རྒྱུན་གྱི་ལག་རྩལ་འདི་དག་ཡང་བསྐྱར་སྔོག་འདོན་དང་བེད་སྤྱོད་བྱས་པའི་རྨང་གཞིའི་སྟེང་དུ།ཕྱི་རྒྱལ་དང་རྒྱལ་ནང་ནས་ཆེད་ལས་ལག་རྩལ་བ་གདན་དྲངས་ཐོག་གཞན་གྱི་དེང་རབས་ལག་ཤེས་བཟོ་རྩལ་གྱི་ལེགས་ཆས་ཟུར་བརྒྱན་ནས།མི་རིགས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་དང་གསར་གཏོད་བྱེད་མུས་ཡོད་པར་མ་ཟད། ཐོག་མཐའ་བར་གསུམ་དུ་ལས་བཟོ་བའི་ལས་རིགས་ལག་རྩལ་ཡར་ཐོན་ཡོང་ཐབས་ལ་སྦྱོང་བརྡར་དང་གསོ་སྐྱོང་རབ་དང་རིམ་པ་བྱ་རྒྱུ་ནི་ལས་ཁུངས་འདིའི་འདོར་དུ་མེད་པའི་རྩ་དོན་ཉག་གཅིག་ལྟ་བུ་ཡིན་པར་སྣང་ཞིང་། བཟོ་གྲྭ་འདིས་ཐོན་བསྐྱེད་བྱས་པའི་ཐོན་རྫས་ཀྱི་དབང་དུ་བྱས་ནའང་སྐེ་དཀྲིས་དང་ཕྲག་ཁེབས།ཉལ་ཁེབས།ས་གདན།ཕྱིང་ཞྭ་དང་ཕྱིང་གདན།ཕྱིང་ལྭ།སྟོན་པའི་ན་བཟའ་ཆ་ཚང་།བོད་ལྭ་ཆ་ཚང་།ཁུག་མ་སྣ་ཚོགས།རྩེད་ཆས།ནུབ་ལུགས་གྱོན་ཆས་རིགས་སོགས་ཕུན་སུམ་ཚོགས་པའི་ཐོན་རྫས་སྣ་མང་ཡོད་ཅིང་། བཟོ་གྲྭ་འདིས་ད་དུང་དེང་གི་འཛམ་གླིང་ཚད་ལྡན་ཚོང་རྭའི་ཐུན་མོང་གི་འཕེལ་ཕྱོགས་གཞིར་བཟུང་ནས།མི་རིགས་དང་རྒྱལ་ཁབ་ལས་བརྒལ་ཐུབ་པ།ས་ཁོངས་དང་དུས་ཚོད་ལས་བརྒལ་ཐུབ་པའི།ཁ་དོག་དང་དབྱིབས།རི་མོ་དང་བཟོ་ལྟ།སྲབ་མཐུག་མི་འདྲ་བའི་ཐོན་རྫས་སྣ་ཚོགས་ལོ་དང་དུས་ཚིགས་བཞིན་དུ་གསར་སྒྱུར་དང་འཆར་འགོད།ཐོན་སྐྱེད་བྱེད་ཀྱི་ཡོད་ལ།ད་དུང་མདོ་དབུས་མཐོ་སྒང་གི་རང་བྱུང་རྒྱུ་ཆ་དག་མ་དང་ས་གནས་མང་ཚོགས་ཀྱི་ལག་ཤེས་བཟོ་རྩལ་ཁོ་ནས་གྲུབ་པའི་ཐོན་རྫས་དག་མིའི་ལུས་ལ་འཕྲོད་ཅིང་རེག་བྱ་འཇམ་པ།དྲོད་འཛིན་དང་གྲང་འགོག་གི་ཁྱད་ཆོས།ཡུན་རིང་བཀོལ་སྤྱོད་དང་ཉར་ཚགས་རིན་ཐང་གིས་མངོན་པར་ཕྱུག་ཅིང་།ནོར་ལྷའི་ཐོན་རྫས་དག་ཐོན་རྫས་ཀྱི་གད་སྙིགས་སུ་མི་འགྱུར་རྒྱུ་ནི་ཁོ་ཚོས་མཐའ་གཅིག་ཏུ་འབད་འབུངས་བྱེད་ས་ཡིན་པར་སྣང་། མ་འོངས་པར་བཟོ་གྲྭ་འདིའི་ཁ་ཕྱོགས་དང་དམིགས་ཡུལ་གཙོ་བོ་ནི་རང་གི་ཁྱད་ཆོས་དང་རིན་ཐང་གིས་མངོན་པར་ཕྱུག་པའི་རང་རྐྱ་འཕེར་བའི་ནོར་ལྷའི་ཚོང་རྟགས་ལ་བརྟེན་ནས་འཛམ་གླིང་གི་ཆེས་ཚད་མཐོ་བའི་ཚོང་རྭའི་སྟེང་དུ་གོ་གནས་གལ་ཆེན་འཛིན་རྒྱུ་དང་། ནོར་ལྷ་ནི་བཟོ་གྲྭ་ཙམ་དུ་མ་ཟད།རྒྱལ་སྤྱིའི་རང་བཞིན་ཅན་གྱི་རྒྱས་སྤྲོས་ཚོང་རྟགས་ཤིག་ཏུ་འགྱུར་ཐུབ་པར་རེ་བ་དང་ཡིད་ཆེས་ཟབ་མོས་ཁེངས་ཡོད་ཅིང་། མདོར་ན་བཟོ་གྲྭ་འདིས་བོད་ཁུལ་ནས་བོད་ཀྱི་ཐོན་ཁུངས་མང་བོ་ཐོན་ལས་ཅན་དང་ཚོང་ར་ཅན་དུ་བསྒྱུར་ནས་རྒྱལ་ནང་དང་བོད་ནང་།རྒྱལ་ཡོངས་སུ་ཆེས་ལེགས་འགྲུབ་བྱུང་ཡོད་པའི་སྤྱི་ཚོགས་ཁེ་ལས་ཀྱི་མ་དཔེ་གསོན་པོ་ཞིག་ཏུ་གྱུར་ཏེ་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནོར་ཁུལ་ལས་གཞི་རྒྱ་ཆེ་རུ་བསྐྱེད་པ་དང་།རོང་འབྲོག་མང་ཚོགས་ལ་རང་གི་ས་གནས་ནས་འཚོ་བའི་ཡོང་སྒོ་སྲ་བརྟན་དུ་གཏོང་ཐུབ་པའི་ཡུན་རིང་གི་ལས་ཀ་གཙང་མ་ཞིག་སྤྲོད་པར་ཕྱོགས་ཡོངས་ནས་འབད་པ་དང་ཧུར་བརྩོན་བྱེད་བཞིན་ཡོད་འདུག  

 

ཚེས་༢༨ཉིན་གུང་ཙམ་ལ་ང་ཚོ་གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭར་དངོས་སུ་འབྱོར་ཞིང་། བཟོ་གྲྭ་འདི་ནི་སྔར་ཡོད་ཀྱི་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་དང་ཀན་ལྷོ་ཁུལ་ཨ་མྱེ་སྐུ་བླ་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟི།ད་དུང་བསང་ཆུ་རྫོང་གངས་ལྷ་མི་རིགས་ཐོན་རྫས་ལས་སྣོན་འགན་འཁྲི་ཀུང་ཟི་གསུམ་མཉམ་འབྲེལ་སྒོས་བཙུགས་པ་ཞིག་ཡིན་ལ།གཙོ་བོ་མཐོ་དབུས་མཐོ་སྒང་གི་འབྲོག་པའི་ཐོན་ཁུངས་ལ་དམིགས་ཡོད་པ་དང་།ལྷག་པར་ཏུ་ས་གནས་རང་གི་སློབ་ཐོན་པ་དག་ལ་འཁེལ་འཐག་ལག་རྩལ་ཆེད་སྦྱོང་དང་རང་གི་ཐོན་ཁུངས་རང་གིས་བདག་རྒྱག་ཐུབ་པའི་ཀུན་སློང་བརྟན་པོ་ཡོང་བར་བྱ་སའི་བོད་ཀྱི་ཆེས་ཐོག་མའི་ཆེད་ལས་རང་བཞིན་ལྡན་པའི་དེང་རབས་ཀྱི་འཁེལ་འཐག་བཟོོ་གྲྭ་ཞིག་ཡིན།བཟོ་གྲྭའི་འདིའི་ལས་གཞི་གཙོ་བོ་ནི་འབྲོག་པའི་བལ་ཁུལ་ལ་དེང་རབས་ཀྱི་ལས་སྣོན་རྒྱབ་ནས་རྒྱལ་སྤྱིའི་རང་བཞིན་གྱི་རས་སོགས་འཐག་རྒྱུ་གཙོ་བོ་བྱས་ཡོད་ལ། ལྷག་པར་ཏུ་བཟོ་གྲྭ་འདིས་རང་བྱུང་ཁོར་ཡུག་དང་མི་རིགས་རིག་གནས་ཀྱི་རྒྱབ་ལྗོངས་དང་མཐུན་པའི་རྒྱུ་བལ་དཀར་རྐྱང་བས་ལས་སྣོན་བྱས་པའི་ཁ་བཏགས་ཞིག་གསར་བཟོ་བྱེད་ཐུབ་པ་བྱུང་ཡོད་ཅིང་། བལ་དཀར་ཁ་བཏགས་འདི་ནི་འཛད་སྤྱོད་པས་བཀོལ་སྤྱོད་བྱས་ཏེ་བེད་མེད་དུ་གྱུར་ཚར་རྗེས་བཟོ་གྲྭས་ཕྱིར་བསྡུ་ཉོ་བྱ་རྒྱུའི་འཆར་གཞི་ཡོད་པས། བོད་ཀྱི་ཁ་བཏགས་དང་འབྲེལ་བའི་གད་སྙིགས་སྣ་ཚོགས་ཉུང་བ་ནས་མེད་པར་བཟོ་བའི་ཕྱོགས་ལ་བཟོ་གྲྭ་འདིས་སྔར་མེད་འཕེལ་རྒྱས་ཀྱི་གོམ་ཞེང་ཆེན་པོ་གཅིག་གདེངས་ཚོད་ཡོད་པའི་ངང་མདུན་དུ་སྤོས་ཡོད། གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭའི་སྔར་ཡོད་ཀྱི་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭ་ནི་2015ལོའི་སྤྱི་ཟླ་དྲུག་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོག་མཆན་བརྒྱུད་ཕ་ཡུལ་ཁོ་ཚེ་ལྷ་སྡེ་རུ་བཙུགས་ཡོད་ལ། ད་ལྟ་གཅན་ཚ་དང་རྨ་ཆུ་སོགས་སུ་ཡན་ལག་གི་བཟོ་གྲྭ་དངོས་སུ་འཛུགས་བཞིན་པའི་སྒང་ཡིན་འདུག མཐར་ཁོ་ཚོས་བཤད་དོན། རང་ཉིད་ཀྱི་བཟོས་བའི་དངོས་པོ་དེས་རང་ཉིད་ཀྱི་གཤིས་ཀ་དང་རྒྱབ་ལྗོངས་མཚོན་པ་ནང་བཞིན་ང་ཚོས་ཀྱང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་འཇིག་རྟེན་ཀུན་ལ་སྐྱེས་སུ་འབུལ་ཐུབ་རྒྱུའི་ཧུར་བརྩོན་དང་རེ་སྨོན་ཞུ་གི་ཡོད་ཟེར།  


ཚེས་༢༨ཉིན་གྱི་ཕྱི་དྲོ་ཙམ་ལ་ང་ཚོ་རྩེ་ཁོག་རྫོང་གཡང་དཀར་འབའ་སྒྲ་ཁུལ་བལ་བཟོ་ལས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་ཁང་ལ་རྒྱུས་ལོན་བྱེད་དུ་འབྱོར་ཞིང་། རྩེ་ཁོག་རྫོང་གཡང་དཀར་འབའ་སྒྲ་ཁུལ་བལ་བཟོ་ལས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་ཁང་ནི་སྤྱི་ལོ་2013 ལོར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གི་སྐབས་དགུ་བའི་མཐར་ཕྱིན་འཇམ་དཔལ་གྲགས་པས་གསར་འཛུགས་བྱས་པ་ཞིག་ཡིན་ལ། བཟོ་གྲྭ་འདི་འདྲ་ཞིག་འཛུགས་དགོས་པའི་དམིགས་ཡུལ་ཡང་འབྲོག་ཁུལ་གྱི་བལ་དང་ཁུལ་ལི་སོགས་འཚོ་བ་དང་འབྲེལ་བའི་རྒྱུ་ཆ་མང་བོ་ཞིག་བཟོ་ལས་ཅན་དང་ཐོན་རྫས་ཅན་དུ་བསྒྱུར་བར་ཚོད་ལྟ་ཅི་ནུས་ཀྱིས་བྱ་རྒྱུ་དེ་ཡིན་ཞིང་། དེ་ཡང་ཐོག་དང་བོར་བཟོ་གྲྭ་འདིས་ཁྲིན་ཏུ་ནས་ཉལ་ཐུལ་བཟོ་ལས་ཀྱི་འཕྲུལ་ཆས་ཆ་ཚང་ནང་འདྲེན་བྱས་ཏེ་ཕྱི་ནང་གཉིས་ཀྱི་རྒྱུ་ཆ་100% བལ་ཡིན་པའི་ཉལ་ཐུལ་དང་གདན་སོགས་ལས་སྣོན་བྱས་པ་དང་། 2015 ལོར་ཉལ་ཐུལ་དང་གདན་སོགས་ཀྱི་ནང་དུ་བོད་ཀྱི་གསོ་རིགས་མན་ངག་གཞིར་བཟུང་ནས་མཁལ་མ་དང་རུས་ལ་ཕན་པའི་སྨན་སྣ་མང་པོ་སྡེབ་སྦྱོར་བྱས་ཏེ་གསར་བཟོ་བྱས་པས་ཧྲང་ཧྭེ་དང་ཧྭ་ཨར་པེན་སོགས་རྒྱ་ནང་གི་གྲོང་ཁྱེར་སོ་སོ་ནས་འཛད་སྤྱོད་བྱེད་པ་མང་དུ་བྱུང་བ་བསྟུན་དགའ་བསུ་ཡང་རྒྱ་ཆེར་ཐོབ། 2017 ལོར་རྒྱུ་ཆ་85 % བལ་ཁུལ་ཡིན་པའི་རྐང་འབོབ་དང་ལྷམ་མཐིལ་སྣ་ཚོགས་བཟོ་ལས་བྱས་པས་བོད་ཁུལ་གྱི་ས་ཆ་སོ་སོའི་འཛད་སྤྱོད་པ་རྣམས་ཀྱིས་ཀྱང་དགའ་བསུ་བླ་མེད་ཐོབ་སྟེ་བོད་ཁུལ་ཐོན་རྫས་ཚད་ལྡན་གྱི་གྲལ་དུ་སྙེག་པ་དང་བསྟུན་བཟོ་གྲྭའི་མདུན་ལམ་ལའང་སྔར་མེད་ཀྱི་རེ་བས་ཀུན་ནས་ཁེངས་ཡོད་དོ།།


ཚེས་༢༩ཉིན་གྱི་སྔོ་དྲོ་ཙམ་ལ་ང་ཚོ་གཅན་ཚ་ཚེ་སྦྱིན་མི་རིགས་མཁོ་ཆས་ཚད་ཡོད་མཐུན་སྤྱི་གཉེར་ཁང་དུ་ཐོན། གཅན་ཚ་ཚེ་སྦྱིན་མི་རིགས་མཁོ་ཆས་ཚད་ཡོད་མཐུན་སྤྱི་གཉེར་ཁང་ནི་སྤྱི་ལོ2014ལོའི་སྤྱི་ཟླ4བའི་ནང་གསར་དུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་སྟེ། ས་བབས་ཀྱི་མཐོ་ཚད་མཚོ་ངོས་ལས་རྨི་2070ཡས་མས་ཡོད་པའི་ཟི་ལིང་གྲོང་ཁྱེར་ལ་ལམ་ཐག་སྤྱི་ལེ100དང་རྨ་ལྷོ་ཁུལ་ཐོག་ལ་སྤྱི་ལེ60ཙམ་ཡོད་པའི་གཅན་ཚ་རྫོང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་རྭ་སྐོར་ནང་དུ་ཡོད། སྤྱི་གཉེར་ཁང་གི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་700ལྷག་ཡོད། སྤྱིའི་མ་དངུལ་སྒོར་ཁྲི200དང་། ལས་བཟོ་བ་མི་25དང་དེའི་ནང་ཆེད་ལས་ལག་རྩལ་པ་མི་10 ཡོད། སྤྱི་གཉེར་ཁང་ལ་ཚོང་རྟགས་རིགས་མིམའདྲ་བ་གཉིས་ཡོད་ཅིང་། དེ་ནི་ཚེ་སྦྱིན་རྟགས་མ་དང་། ཡང་བཟང་རྟགས་མ་གཉིས་ཡིན། སྤྱི་གཉེར་ཁང་འདི་ལ་བཟོ་གྲྭ་གཉིས་ཡོད་ཅིང་། བཟོ་གྲྭ་དང་པོ་ནི་གཅན་ཚ་རྫོང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་རྭ་སྐོར་ནང་དུ་ཡོང་ལ། དེའི་ལས་གཞི་གཙོ་བོ་ནི་བོད་སྤོས་དང་། སྔས་མགོ རྐེད་བཅིངས། པུས་བཅིངས་སོགས་མི་ལུས་བདེ་ཐང་ལ་ཕན་པའི་རིགས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་བཞིན་ཡོད། བཟོ་གྲྭ་གཉིས་པ་ནི་ཉ་མོ་ལུང་པའི་གནས་སྤོར་ཁུལ་དུ་ཡོད་ཅིང་། དེའི་ལས་གཞི་གཙོ་བོ་ནི། སྲོལ་རྒྱུན་ལྟར་པགས་པ་མཉེད་པ་དང་། འཁེལ་འཐག བཙེམ་བཟོ་སོགས་ཀྱི་ལག་རྩལ་བེད་སྤྱད་དེ་རྩག་པ་སོགས་གྱོན་ཆས་དང་། ལྷམ་རིགས། ཞྭ་མོ། རྒྱབ་ཁུག་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཁོ་ཆས་དང་། གནས་སྐོར་ལེགས་སྐྱེས་འདྲ་མིན་ཐོན་སྐྱེད་དང་ཚོང་གཉེར་བྱེད་བཞིན་ཡོད། དེ་ལས་ཀྱང་ང་ཚོ་ངོ་མཚར་དགོས་པ་ཞིག་ལ་བཟོ་གྲྭ་འདིས་མི་རིགས་ཀྱི་ཉམས་རྒུད་གསུམ་སྟེ། དཔལ་འབྱོར་ཉམས་རྒུད་དང་། སྲོལ་རྒྱུན་ཉམས་རྒུད། བདེ་ཐང་ཉམས་རྒུད་གསུམ་ལ་དམིགས་ནས་དུས་རབས་ཀྱི་འཕེལ་འགྱུར་དང་། འབྲོག་ཁུལ་གྱི་དགོས་མཁོ། བཟོ་གྲྭ་རང་གི་ཉམས་མྱོང་བཅས་ལ་གཞིགས་ཏེ་པགས་མཉེད་འཕྲུལ་ཆས་རིགས་བདུན་དང་སྐུད་འཁེལ་འཕྲུལ་ཆས་སོགས་གསར་གཏོད་བྱས་ཏེ་ལེགས་འགྲུབ་བྱུང་བ་དེས་བཟོ་འཚོང་ཁེ་ལས་གཉེར་མཁན་དག་གི་དགོས་མཁོ་དང་། མི་རིགས་རང་གི་སྲོལ་རྒྱུན་རྒྱུན་འཛིན། ནང་དངུལ་བརྟན་སྲུང་། བོད་ཁུལ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད། བཟོ་གྲྭ་འདིའི་སྤྱི་གཉེར་བ་རྒན་གངས་སྲས་ལགས་ལ་བོད་རང་གི་ཁེ་ལས་ཀྱི་ཕྱོགས་ལ་བཟུང་བའི་ཐུན་མོང་མ་ཡིན་པའི་གནད་འགག་གི་ལྟ་ཚུལ་འགའ་ཡོད་དེ། དེ་ནི་ཁོང་གིས་གསུང་དོན། ཁེ་ལས་རབ། ཕྱི་དངུལ་ནང་འགུགས། ཁེ་ལས་འབྲིང་། ནང་དངུལ་བསྟན་སྲུང་། ཁེ་ལས་ཐ་མ། ནང་དངུལ་ཕྱི་ཤོར་ཡིན་ཟེར།  


ཚེས༢༩ཉིན་གུང་ཙམ་ལ་ན་གཞོན་དྲག་རྩལ་བ་སངས་རྒྱས་དོན་གྲུབ་ལགས་ཀྱིས་གཙོ་གཉེར་གནང་བའི་གཅན་ཚ་རྫོང་གངས་ཅན་དྲག་རྩལ་ལུས་སྦྱོང་ཁང་ལ་རྒྱུས་ལོན་བྱེད་དུ་སོང་ཞིང་།གཅན་ཚ་རྫོང་གངས་ཅན་དྲག་རྩལ་ལུས་སྦྱོང་ཁང་ནི་༢༠༡༦ལོར་བོད་ཀྱི་ན་གཞོན་ཕུགས་བསམ་ཅན་སངས་རྒྱས་དོན་གྲུབ་ལགས་ཀྱིས་ལོ་མང་བོར་དྲག་རྩལ་ཆེད་སྦྱོང་དང་སློབ་མ་གསོ་སྐྱོང་གནང་བའི་ཉམས་མྱོང་བརྒྱུད་རིམ་ཁྲོད་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། ཁོས་དྲག་རྩལ་ལུས་སྦྱོང་ཁང་འདི་འདྲ་ཞིག་འཛུགས་དགོས་པའི་དམིགས་ཡུལ་ཡང་གཙོ་བོ་ང་ཚོ་མཐོ་སྒང་གི་ལུས་རྩལ་རིག་གནས་འདི་ཕྱོགས་མང་བོ་ནས་སྔོག་འདོན་དང་དར་སྤེལ་བཏང་ནས་ཚན་རིག་དང་མཐུན་པའི་ལུས་སྦྱོང་མ་ལག་གསར་འཛུགས་དང་། བདེ་ཐང་ལ་ཕན་པའི་ལུས་སྦྱོང་འདུ་ཤེས་མཐོར་འདེགས། དུས་རབས་དང་འཚམ་པའི་འཚོ་བའི་སྤུས་ཚད་ལ་རམ་འདེགས། བོད་རང་གི་ལུས་རྩལ་གྱི་རིག་གནས་མང་བོ་ཞིག་ཕྱོགས་ཡོངས་ནས་འཚོ་བའི་ནང་སྤྱོད་སྒོ་ཅན་དུ་བཏང་ནས་བོད་རང་གི་ལུས་རྩལ་རིག་གནས་ཀྱི་སྟོང་ཆ་འདི་ལ་ནུས་ཤུགས་གང་ཡོད་ཀྱིས་ཁ་གསབ་དང་རྒྱུད་འཛིན་བྱ་རྒྱུ་དེ་ཡིན་པས་ང་ཚོ་ལ་མཚོན་ན་ལུས་རྩལ་རིག་གནས་འདི་རིག་ཚན་ཅན་དང་ཆེད་ལས་ཅན་དུ་ཕྱོགས་པའི་གོམ་ཞེང་ཆེན་པོ་ཞིག་ཀྱང་ཁོང་ནས་མདུན་ལ་སྤོས་ཡོད་པས་བོད་རང་གི་རིག་གནས་ཀྱི་སྟོང་ཆ་ཞིག་བསྐངས་ཡོད་ཅེས་བཤད་ནའང་ཧ་ཅང་ཐལ་ཆེ་བར་མི་འགྱུར་བར་སྙམ་ཞིང་། ཁོང་གི་སློབ་མ་མང་བོ་ཞིག་ད་ལྟ་མགོན་པོའི་དྲག་རྩལ་ཁང་ལ་བསྐྱལ་ནས་སློབ་སྦྱོང་བྱེད་དུ་བཅུག་ཡོད། དྲག་རྩལ་ལུས་སྦྱོང་ཁང་འདིའི་འགན་འཛིན་པ་ཁོང་གིས་བཤད་རྒྱུར། མ་འོངས་པར་ང་རང་ནས་འགོ་བརྩམས་ཏེ་བོད་ཀྱི་ན་གཞོན་མང་བོ་ཞིག་དྲག་རྩལ་ལུས་སྦྱོང་འདིའི་ཕྱོགས་ལ་ཆེད་ལས་ཅན་དུ་ཕྱོགས་ཏེ་བོད་རང་ལ་དཔུང་སྡེ་གཏན་ཆགས་ཤིག་ཆགས་ཐུབ་རྒྱུ་ནི་ང་རང་གི་རྨི་ལམ་དང་ཕུགས་བསམ་ཡང་ཡིན་ལ། ནམ་ཞིག་ལ་དེ་ལྟར་ཡོང་བར་ང་རང་ལ་ཡིད་ཆེས་ཀྱང་ཡོད་ཟེར།  


ཚེས་༢༩ཉིན་གྱི་ཕྱི་དྲོར་ང་ཚོ་གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་བཟོ་གྲྭར་འབྱོར་ཞིང་། གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་བཟོ་གྲྭ་ནི་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ལོ་༢༠༠༩ ལོའི་ཟླ་༦པའི་ཚེས་༨ཉིན་དངོས་སུ་དབུ་བཙུགས་ཤིང་། དཔའ་ལུང་བ་ཨ་ཁུ་ཤེས་རབ་རྒྱ་མཚོ་ལགས་ཀྱི་དཀའ་སྤྱད་དང་འབད་བརྩོན་ལ་བརྟེན་ནས་ཤ་བོ་འགག་ཆུ་གློག་ས་ཚིགས་ཀྱི་ཉེ་འགྲམ་དུ་བཟོ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༡༣༣༤༠ཡོད་པའི་སར་འཛུགས་བསྐྲུན་གྱི་རྨང་བཏིང་ཞིང་། སྒོར་ཁྲི་ཆིག་སྟོང་ཉིས་བརྒྱ་ལྷག་གི་མ་དངུལ་བཏང་ནས་རང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབས་དང་། ལྷག་པར་དུ་ཁོང་གིས་ལོ་མང་རིང་དཀའ་སྤྱད་འབད་འབུངས་ཀྱིས་བསྐྱངས་ཤིང་། མི་རིགས་སློབ་གསོའི་བྱ་གཞག་ལ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་དང་ཐོན་བཞིན་པའི་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་སྒྲུབ་རོགས་དངུལ་གྱི་མཐུན་རྐྱེན་ལ་དམིགས་ནས་བཙུགས་པ་ཞིག་ཡིན་པས། གཅིག་ནས་བོད་རང་གི་ཐུན་མིན་ལག་རྩལ་སྔོག་འདོན་དང་། གཉིས་ནས་ཁེ་ལས་རྐྱང་བ་ཙམ་མ་ཡིན་པར་མིག་རྒྱང་རིང་ཞིང་འདུ་ཤེས་བཟང་བོའི་དམིགས་ཡུལ་ངེས་ཅན་དང་ལྡན་པའི་སྒོ་ནས་ཆེས་ཐོག་མའི་བོད་ཀྱི་ཚད་ལྡན་ཚོང་རྟགས་གངས་ལྗོངས་དགའ་ཡ་རྟགས་ཅན་གྱི་གྱོན་ཆས་གཙོ་བྱས་པའི། བོད་ཀྱི་སྲོལ་རྒྱུན་རྒྱན་རིས་དང་འཁྲབ་སྟོན་ལ་བ། གྲྭ་ལྭ་དང་གཉེན་སྟོན་ལ་བ་སོགས་རིགས་མི་འདྲ་བའི་ཐོན་རྫས་མང་བོ་ཐོན་བསྐྱེད་དང་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད། དགའ་ཡ་ཀུང་ཟིས་རྒྱ་ཆེའི་རེ་འདོད་མཁན་དག་གི་འདོད་བློ་སྐོང་ཕྱིར་དགའ་ཡ་བཟོ་གྲྭའི་རྣམས་པ་ཆེས་ཆེར་རྒྱ་བསྐྱེད་དེ་མཚོ་སྔོན། ལྷ་ས། ཟི་ཁྲོན། ཀན་སུའུ། ཡོན་ནན་ཞིང་ཆེན་སོགས་ཀྱི་ཁུལ་དང་རྫོང་སོ་སོའི་ཚོང་བ་མང་པོར་མཉམ་འབྲེལ་བྱས་པ་བརྒྱུད་ནས་བོད་ཀྱི་ས་གནས་མང་བོར་དགའ་ཡ་གྱོན་ཆས་ཕྱིར་འཚོང་ཁང་གི་ཡན་ལན་ལག་ཕྱེས་པས་ཕྱོགས་སོ་སོའི་འཛད་སྤྱོད་པ་རྣམས་ཀྱིས་དགའ་བསུ་བླ་མེད་ཐོབ། གཞན་ད་ལོ་ནས་བཟུང་དགའ་ཡ་བཟོ་གྲྭས་མི་རིགས་ཤིག་གི་དེད་དཔོན་གྱི་མཛད་འཕྲིན་རླབས་པོ་ཆེ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་དམ་ཟབ་ཡོད་པ། ད་དུང་མི་རིགས་ཤིག་གི་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་སྤུས་སྲིང་བལ་དང་དར་སྐུད་ཟུང་འབྲེལ་གྱིས་བྱས་པའི་དགའ་ཡ་ཁོར་སྲུང་ལྷ་དར་ཞེས་པའི་སྔ་ན་མེད་པའི་དྲི་མེད་ཁ་བཏགས་གསར་བ་ཞིག་ཐོན་བསྐྱེད་བྱས་པ་དེས་དགའ་ཡ་བཟོ་གྲྭས་བོད་རང་གི་ཆོས་སྲིད་རིག་གནས་དཔལ་འབྱོར་ལ་བཅངས་པའི་ལྷག་བསམ་དང་སྙིང་སྟོབས། མིག་རྒྱང་བཅས་མཚོན་ཡོད་པ་རེད། དགའ་ཡ་བཟོ་གྲྭའི་སྤྱི་གཉེར་བ་ཨ་ཁུ་ཤེས་རབ་རྒྱ་མཚོས་བཤད་རྒྱུར། བོད་རང་གི་སློབ་གསོ་དང་ཁེ་ལས་མཉམ་ལས་གཉེར་བའི་དཀའ་ཁག་གི་བརྒྱུད་རིམ་ཁྲོད་ང་རང་ཐེངས་བརྒྱ་ལ་ཕམ་ཡང་དཔའ་མི་ཞུམ་ཟེར།

  

གངས་ལྗོངས་གཅེས་ནོར་སྤྲི་ཆར་བཟོ་གྲྭ་རུ་རྒྱུས་ལོན་བྱེད་དུ་བསྐྱོད་པ། 


རྔ་བ་རྫོང་ལྷ་གཡག་རྟགས་མའི་ཐོན་རྫས་ཕྱིར་འཚོང་ཁང་ལ་རྒྱུས་ལོན་བྱེད་དུ་བསྐྱོད་པ།  


ཀན་ལྷོ་ཁུལ་ནོར་བུ་བཟང་པོ་དྲྭ་ཐོག་ཚོང་དོན་སྤྱི་གཉེར་ཁང་ལ་རྒྱུས་ལོན་བྱེད་དུ་བསྐྱོད་པ། 


བློ་བཟང་ཚན་རྩལ་སྤྱི་གཉེར་ཁང་ལ་རྒྱུས་ལོན་བྱེད་དུ་བསྐྱོད་པ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502939
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།