རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བདུན་པ།༽
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 22 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» བོད་ཁུལ་གྱི་དཔལ་འབྱོར། »རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒ
རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བདུན་པ།༽
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2018-02-01ལྟ་ཀློག (3453)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། 

ཡིག་མཁན། ཨ་བུ་འབྲོང་།

  ༧ ང་ཚོས་ཡུན་རིང་ཞིང་ཡང་དག་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་དེ་ཇི་ལྟར་བཙལ་དགོས།

   སྤྱིར་སྤྱི་ཚོགས་ཟེར་བ་འདི་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་སྣ་ཁ་གཉིས་ཀྱི་ཐད་ནས་འགྲོ་དགོས་པ་རེད་མ་གཏོགས་དཔལ་འབྱོར་གཅིག་པུ་དར་རྒྱས་ལ་སོང་བ་དེ་སྤྱི་ཚོགས་དར་རྒྱས་གོང་འཕེལ་སོང་བ་ལ་མི་བརྩི། དེ་ཅི་ཡིན་ཞེ་ན། སྤྱི་ཚོགས་དར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་བསམ་བློའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ཀ་མཉམ་དུ་དར་ཞིང་རྒྱས་དགོས། དེང་སྐབས་མི་མང་བོ་ཞིག་གི་བསམ་བློའི་འཛིན་སྟངས་དང་གཤིས་རྒྱུད་སོགས་ཇེ་ངན་ཇེ་བཙོག་ལ་འགྲོ་ཡིན་ཡོད་པ་ནི་དེ་གཉིས་དོ་མ་མཉམ་པས་ཡིན་ཏེ་མི་རྣམས་དངོས་པོའི་དཔལ་ཡོན་དང་ཚོང་ལས་དཔལ་འབྱོར་གྱི་དབང་དུ་སོང་དྲག་སྟེ་བསམ་བློའི་དཔལ་ཡོན་ཐང་ལ་གཡུགས་ཤིང་ཡལ་བར་དོར་བ་རེད། གལ་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་མཉམ་དུ་འཕེལ་རྒྱས་སུ་སོང་བ་ཡིན་ན་གཟོད་དཔལ་འབྱོར་གྱི་ཆེད་དུ་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་ལ་གནོད་པའི་ལས་རྣམས་མི་བྱེད་ཅིང་བྱ་བ་ཅི་ལས་ཀྱང་སྤྱི་ཚོགས་དང་ཁོར་ཡུག འཛམ་གླིང་། རྒྱལ་ཁབ། རང་གི་ས་ཆ་བཅས་ལ་བསམ་བློ་གཏོང་བ་རེད།

   སྤྱིར་ན་གཏེར་ཁ་རྐོ་བའང་རྒྱལ་ཁབ་གཞུང་གི་ཆེད་དུ་འོས་འཚམ་ཞིག་བརྐོ་བ་ལས་མི་སྒེར་གྱི་ཆེད་དུ་གཏན་ནས་བརྐོ་མི་ཆོག་པར་མ་ཟད་རྒྱལ་ཁབ་གཞུང་གི་ཆེད་དུ་བརྐོ་བ་ལའང་རྒྱལ་ཁབ་རང་གི་ཆོག་མཆན་ངེས་པར་ཡོད་དགོས། དེ་རྒྱལ་ཁབ་ཀྱི་ཁྲིམས་རེད། ཡིན་ནའང་དེང་སང་ཡོད་ཚད་དཔལ་འབྱོར་གྱི་དབང་གིས་ཁྱེར་ཏེ་འགོ་བ་ཐམས་ཅད་རྒྱུ་ཡིས་ཉོས། ཁྲིམས་ཐམས་ཅད་ཀྱང་རྒྱུས་ཉོས་ཏེ་མི་ཆོག་པ་ཐམས་ཅད་ཆོག་པར་གྱུར་ཡོད།

    སྤྱིར་གཏེར་སྒོ་ཕྱེ་བ་དང་དུག་སྒོ་ཕྱེ་བ་གཉིས་དུས་མཉམ་ཡིན་ཞེས་པ་བཞིན་གཏེར་སྒོ་འབྱེད་པ་འདིས་འཛམ་བུ་གླིང་གི་མཁའ་དབུགས་ལ་གནོད་པ་ཆེན་པོ་བཟོ་བཞིན་ཡོད་ལ་ལྷག་ཏུ་ལྕགས་རིགས་­༼金属༽ཀྱི་གཏེར་ཁ་ཞིག་ཡིན་ཚེ་དེར་དུག་མེད་ས་གཅིག་ཀྱང་མེད་ལ་དེའི་སྒོ་ཕྱེ་བ་དང་མཉམ་དུ་དུག་གི་སྒོ་ཡང་ཕྱེ་བ་ཡིན་པས་ས་ཆ་གང་ལའང་ཡུན་རིང་བོའི་བར་གནོད་པ་ཡིན། ས་ཆ་གང་ཞིག་གཙང་མི་གཙང་ལ་བལྟ་བ་ནི་ཕར་བལྟས་ཚོད་ལ་ཡུལ་ལྗོངས་ཡག་པ་ཙམ་དང་དེར་གད་སྙིགས་མེད་ཅིང་གྲལ་དག་ཡིན་པ་དེ་ཙམ་མ་ཡིན་པར། གཅིག ས་དེའི་ཆུ་དང་། གཉིས། སའི་རྒྱུ་བ། གསུམ། མཁའ་དབུགས་བཅས་སུ་འབག་བཙོག་ཤོར་ཡོད་མེད་ལ་བལྟ་དགོས་པ་རེད། འོན་ཀྱང་གཏེར་ཁ་བླངས་པ་ན་དེ་དག་ཡོད་ཚད་བརླགས་ཤིང་དུག་རྫས་ཅན་དུ་འགྱུར་བཞིན་ཡོད། དེ་བས་ན་ཁོར་ཡུག་སོགས་ལ་གནོད་མིན་མི་བལྟ་བར་དཔལ་འབྱོར་གཉེར་བ་འདི་ནི་དོན་དང་མཐུན་པའམ་ཁྲིམས་དང་མཐུན་པའི་བྱ་སྤྱོད་ཅིག་མ་ཡིན་ནོ། །

     ང་ཚོ་བོད་ལ་རྒྱལ་ཐབས་སྡེ་བཞི་ཞེས་གཞན་ལས་རྒྱལ་བར་བྱེད་པའི་སྡེ་བཞི་ཟེར་བ་ཞིག་ཡོད། དེ་དག་ནི་དཔལ་འབྱོར་གྱི་སྡེ་དང་། དམག་གི་སྡེ། ཁྲིམས་ཀྱི་སྡེ། མངའ་ཐང་གི་སྡེ་བཅས་ཡིན། འདི་ལ་བསམ་ནའང་དཔལ་འབྱོར་མེད་ན་གཞན་ལས་རྒྱལ་མི་ཐུབ་པ་ཤེས་ཤིང་དཔལ་འབྱོར་འཕེལ་ཐབས་སུ་ཚན་རིག་ལག་རྩལ་སོགས་བསླབ་དགོས་པའང་ཤེས་ཐུབ། ད་ལོ་ང་ཚོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་རྣམས་ལ་སྐུལ་སློང་བྱས་ཏེ་ཕྱི་རྒྱལ་དང་ནང་ལོག་བཅས་ལ་སོང་ནས་ཚན་རིག་ལག་རྩལ་སོགས་ཆེད་ལས་སྣ་ཚོགས་བསླབ་རྒྱུར་འབད་པ་བྱས་པ་ཡིན། ཡིན་ནའང་རྐྱེན་སྣ་ཚོགས་ཀྱི་དབང་གིས་འགྲོ་ཐུབ་མི་ཐུབ་གཉིས་ཀ་འདུག  སྐུལ་སློང་འདི་འདྲ་ཅིའི་དོན་དུ་བྱས་པ་ཡིན་ཟེར་ན། ང་ཚོའི་སློབ་མ་ཚང་མའི་བསམ་ཚུལ་ལ་ལག་རྩལ་ནི་ལས་རིགས་ངན་པ་ཞིག་ཏུ་བསམ་ཡོད། གཞན་དར་རྒྱས་སུ་ཕྱིན་པའི་ཨ་རི་སོགས་སུ་ལག་རྩལ་བ་དང་དགེ་རྒན་ནི་ཆེས་འཇོན་ཐང་ཅན་དུ་བརྩིས་ཏེ་མཐོང་ཆེན་བྱེད་ཅིང་ཟླ་ཕོགས་ཀྱང་མཐོན་པོ་སྟེར་བ་རེད། དཔེར་ན། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཚང་མས་འདི་ལྟར་བཤད་མྱོང་སྟེ། འཇར་པན་གྱིས་ཕམ་ཁ་འདི་འདྲ་རག་པས་ད་ཡར་རྒྱས་འོང་དཀའ་ཞིང་དཔལ་འབྱོར་དང་འཚོ་བ་ཧ་ཅང་སྐྱོ་བོ་ཆགས་རྒྱུ་རེད་ཟེར། ཡིན་ནའང་འཇར་པན་ནི་དེ་ལས་ལྡོག་སྟེ་ལག་རྩལ་སོགས་འབུར་དུ་ཐོན་ཅིང་སྤྱི་ལོ་༡༩༤༥ལོར་ཟླ་བ་རེར་གནམ་གྲུ་སྟོང་རེ་བཟོ་བཞིན་འདུག་ཟེར། དེ་ཅིའི་ཕྱིར་ཟེར་ན། སྐབས་དེར་འཇར་པན་པའི་ལག་རྩལ་གྱི་དམག་དཔུང་སྟོབས་ཆེ་བས་ན་རྐང་དམག་དང་མཚོ་དམག མཁའ་དམག་སོགས་ཀྱིས་རྒྱལ་ཁ་མ་ལོན་ཡང་མཐའ་མཇུག་ཁོ་ཚོས་རང་གི་ལག་རྩལ་གྱི་དམག་དཔུང་ལ་བརྟེན་ནས་རྒྱལ་ཁ་བླངས་པ་རེད། ལག་རྩལ་གྱི་དམག་དཔུང་ནི་ཆེས་སྟོབས་ཤུགས་ཆེ་བ་དང་ཡུན་རིང་བ། རྒྱལ་ཁབ་དང་མི་རིགས། ས་གནས་གང་ལའང་ཕན་ཁེ་ཆེ་བའི་དམག་དཔུང་ཆེན་པོ་ཞིག་ཡིན་ཞེས་བཤད། དེ་བས་ང་ཚོས་ཀྱང་ཆེད་ལས་སྣ་ཚོགས་ཀྱི་ཕྱོགས་ལ་འབད་པ་བྱས་ཏེ་རིགས་གཅིག་རྐང་འཛིན་ནམ་ཆེད་ལས་པ་མང་བོ་སྐྱེད་སྲིང་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས། ས་གནས་བཅས་དར་རྒྱས་གོང་འཕེལ་འོང་བའི་ཆ་རྐྱེན་གལ་ཆེན་ཞིག་རེད་དོ། །

    ངས་གོང་དུ་བཤད་པ་བཞིན་ཨ་རི་ནི་ཚོང་ལས་དཔལ་འབྱོར་དར་རྒྱས་ཆེ་ཞིང་ཁེ་ལས་དང་དཔལ་འབྱོར་གྱི་སྒྲིག་གཞི་གྲལ་དག་པ། མཐུན་གཉེར་ཁང་གི་སྒྲིག་ལམ་དང་སྒྲིག་གཞིའི་ལམ་ནས་རྒྱལ་ཁབ་རྩ་འཛུགས་བྱས་ཏེ་ཡོང་བས་དཔལ་འབྱོར་གྱི་ཐད་ནས་རྒྱལ་ཁབ་ཕུལ་དུ་བྱུང་བ་ཞིག་རེད། ཨ་རིའི་ད་ལོའི་རྩིས་བཤེར་ཁྱབ་སྒྲོག་བྱས་པར་གཅིག་བལྟས་ན་ད་ལོ་ནི་ཨ་རིའི་(JDP)༼དཔལ་འབྱོར་གྱི་མཚོན་བྱེད༽ཆེས་མཐོ་བའི་ལོ་ཞིག་རེད་ཟེར། ཡིན་ནའང་ཨ་རིའི་ལས་ཞུགས་མི་སྣའི་ཟླ་ཕོགས་ཆེས་དམའ་བ་ནི་ད་ལོ་ཡིན་ལ་གསར་དུ་ལས་ཀར་ཞུགས་པ་རྣམས་གྱི་ཟླ་ཕོགས་དེའང་བརྒྱ་ཆའི་ལྔ་ཡིས་ཇེ་དམའ་རུ་སོང་འདུག་ཟེར། དེ་རྒྱུ་མཚན་ཅི་ཟེར་ན། ཨ་རི་འཕྲུལ་ཆས་ཅན་དུ་འགྱུར་བཞིན་པས་རེད་ཟེར། འཕྲུལ་ཆས་ཅན་དུ་གྱུར་ན་རྒྱལ་ཁབ་གཞུང་གི་ཡོང་སྒོ་ཇེ་མཐོ་རུ་འགྲོ་ཞིང་མི་སྒེར་གྱི་ཡོང་སྒོ་ཇེ་ཉུང་ལ་འགྲོ་བ་རེད། དཔེ་མཚོན་ཞིག་བཤད་ན། འཛམགླིང་ན་ཧྥོས་ཧྲི་ཁང་༼富士康༽ཞེས་པའི་ཁེ་ལས་ཆེན་པོ་ཞིག་ཡོད་པ་རེད། འདི་ཚང་གིས་ད་ལོ་ལས་བཟོ་བའི་ཁྲོད་དུ་འཕྲུལ་མི་༼འཕྲུལ་ཆས་ཀྱི་མི་༽ཁྲི་༢ནང་འདྲེན་བྱས་འདུག་ཟེར་ཞིང་མ་འོངས་པར་ལོ་རེར་ཆེས་ཉུང་ན་འཕྲུལ་མི་ཁྲི་༣༠རེ་བསྡུ་རྒྱུ་རེད་ཟེར། ལོ་གསུམ་གྱི་ནང་ལ་ཁྱོན་འཕྲུལ་མི་ཁྲི་༡༠༠ཁེ་ལས་དེའི་ནང་འོང་རྒྱུ་རེད་ཟེར། ད་ཁྱེད་ཚོས་གཅིག་སོམས་དང་། འཕྲུལ་མི་ཁྲི་༡༠༠འོང་བའི་དབང་ཏུ་བཏང་ན་ཆེས་ཉུང་ནའང་ལས་བཟོ་བ་མི་ཁྲི་༡༠༠དགོས་མཁོ་མེད་པ་ཐག་གིས་ཆོད། ད་རུང་འཕྲུལ་མིའི་ལས་ཆོད་ནི་ཤ་རུས་གདོས་བཅས་ཀྱི་མི་དང་བསྡུར་ན་ཤིན་ཏུ་ཆེ་བ་ཡིན་ཏེ་མི་ཞིག་གི་ལས་ཡུན་ནི་ཆེས་རིང་ན་ཆུ་ཚོད་༨དང་༩ཡར་མར་ཙམ་རེད། འོན་ཀྱང་འཕྲུལ་མིས་ནི་ཆུ་ཚོད་༢༤བོར་ལས་རྒྱུ་རེད། དེ་ལྟར་བྱས་ན་མི་རྣམས་ལས་ཀར་འགྲོ་ས་མི་རྙེད་པར་འགྱུར་ཞིང་བར་མཚམས་ཞིག་ལ་ལས་བྱེད་པའི་ས་ཁོངས་ཀྱང་མེད་པར་འགྲོ་རྒྱུ་རེད།

   དེ་ན་ང་ཚོ་བོད་ལ་མཚོན་ན་འཕྲུལ་ཆས་ཅན་དུ་འགྱུར་བ་ལ་ཆུ་ཚད་མེད་ཅིང་ཉེན་ཁའང་ཤིན་ཏུ་ཆེ། ད་ཅི་བྱ་དགོས་ཟེར་ན་སྔར་གྱི་སྲོལ་རྒྱུན་གྱི་འཚོ་སྟངས་དེ་གཞིར་བྱས་ནས་ཐོན་ལས་ཅན་དུ་འབད་རྒྱུ་ནི་ལམ་ཁ་ཡང་དག་ཅིག་རེད། དེ་ལས་ཀྱང་སྲོལ་རྒྱུན་གྱི་ལག་ཤེས་རྣམས་རྒྱུད་འཛིན་བྱེད་ཅིང་དེ་ལ་བརྟེན་ནས་ཐོན་རྫས་སྣ་ཚོགས་བཟོས་པ་ཡིན་ན་བོད་ཀྱི་དཔལ་འབྱོར་ནི་ཡུན་རིང་ལ་དར་རྒྱས་སུ་འགྲོ་ཐུབ་པའི་ལམ་ཞིག་རྙེད་རྒྱུ་རེད། དེང་སྐབས་མི་མང་བོ་ཞིག་གིས་ལག་ཤེས་༼རྒྱ་སྐད་དུ་手工ཟེར༽ལས་བྱུང་བའི་དངོས་པོ་ལ་མཐོང་ཆེན་བྱེད་ཅིང་། ལྷག་པར་ཟ་མའི་རིགས་ནི་ལག་པས་བཟོས་ཤིང་ལྷད་མ་འདྲེས་པ་ལ་དགའ་བོ་བྱེད་པ་ལས་འཕྲུལ་ཆས་ཀྱིས་བཟོས་པ་རྣམས་ལ་དགའ་བོ་མི་བྱེད་པས་ན་ང་ཚོར་དེའི་ཆ་རྐྱེན་དེ་ཚང་བསྡད་ཡོད་པ་རེད། དེ་དག་ཇི་ལྟར་སྔོན་འདོན་བྱས་ནས་ཐོན་རྫས་སུ་བསྒྱུར་བ་དང་དེ་ཡང་ཚོང་ར་ཅན་དང་རིན་ཐང་ཅན་དུ་ཇི་ལྟར་བསྒྱུར་བ་ནི་ང་ཚོའི་ལག་ན་ཡོད་པ་རེད། དེ་ལྟ་མ་ཡིན་པར་ད་སྐབས་ཀྱི་འགྲོ་འགྲོ་འདི་ལྟར་སོང་ན་ཡུན་རིང་གི་འཕེལ་རྒྱས་ཀྱི་ལམ་ཞིག་རྙེད་མི་ཐུབ་པར་མ་ཟད་བར་སྐབས་ཞིག་ལ་སྔར་ཡོད་རྣམས་ཀྱང་མེད་པར་གྱུར་ཏེ་འགྲོ་ས་མི་རྙེད་པ་ཞིག་ཏུ་འགྱུར་རྒྱུ་རེད། དེ་བས་ཚང་མས་སྔོན་དཔག་བྱས་ཏེ་མ་འོངས་པར་འཕེལ་རྒྱས་སུ་ཇི་ལྟར་འགྲོ་བ་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་ལ་སོང་ན་ང་ཚོར་གནོན་ཤུགས་དང་འགལ་རྐྱེན་ཨེ་ཡོད་དམ། ཡོད་ན་ང་ཚོ་རང་ཉིད་དང་མཚམ་ཤིང་ང་ཚོའི་མཐུན་རྐྱེན་དུ་འགྱུར་བའི་ལམ་དེ་ཇི་ལྟར་བཙལ་བ་སོགས་ལ་བསམ་བློ་གཏང་དགོས། དེ་མིན་མ་འོངས་པར་འགྱོད་པ་ལས་ཀྱི་ཐ་མ་རུ་གྱུར་ན་དེ་དུས་ཚར་སོང་བ་རེད། དེ་བས་ད་སྐབས་ཁ་གར་འཁོར་རང་གི་ལག་ན་ཡོད་དུས་ཚང་མས་བསམ་བློ་ཡག་པོ་བཏང་སྟེ་བྱ་བ་ཡག་པོ་རེ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེའོ། ། ༼མུ་འགོད།༽


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་གླེང་བ། ༼ཁག་བདུན་པ།༽   སྤེལ་མཁན།: དྲང་ངེས་པ། སྤེལ་དུས:2018/2/1
ཁོང་གི་གསུང་ལག་ལེན་དུ་འདེབས་རྒྱུ་ང་ཚོ་ཚང་མའི་འོས་འགན་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5945745
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号