རྭ་རྒྱའི་གྲུ་ཁ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »རྭ་རྒྱའི་གྲུ་ཁ།
རྭ་རྒྱའི་གྲུ་ཁ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-01-18ལྟ་ཀློག (11039)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྭ་རྒྱའི་གྲུ་ཁ།

རྭ་རྒྱ་བཟོད་པ།

     རྭ་རྒྱ་ནི་མཚོ་ངོས་ལས་རྨིད་སུམ་སྟོང་བདུན་བརྒྱ་ཡོད་པའི་མཐོ་སྒང་དུ་ཆགས་ཡོད།  ད་ལྟའི་སྲིད་འཛིན་ས་ཁོངས་དབྱེ་སྟངས་ལྟར་ན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཁོངས་སུ་གཏོགས། རྭ་རྒྱ་དགོན་པ་མ་བཏབ་པའི་ཡར་སྔོན་ལ་གནས་འདིའི་མིང་ལ་རྭ་རྒྱ་བཀྲ་ཤིས་ལྗོངས་ཟེར།

     ཕྱིས་སུ་ཨ་རིག་དགེ་བཤེས་ཆེན་མོས་གནས་འདིར་དགོན་པ་འདེབས་དུས་ཀྱང་དགོན་མིང་ལ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཞེས་ས་ཆའི་མིང་སོར་བཞག་གིས་དགོན་མིང་བཏགས་པ་རེད།


     སྤྱིར་གྲུ་ཁ་ནི་རྒྱ་མཚོ་དང་ཆུ་བོའི་འགྲམ་དུ་གྲུ་གཟིངས་སྡོད་ས་དང༌མགྲོན་པོ་འབབ་འཇུག་དང་དངོས་རྫས་འགེལ་འབོགས་བྱ་བའི་ཆེད་དུ་བསྐྲུན་པའི་གནས་ཀྱི་མིང་ལ་ཟེར།   དེའི་ཕྱིར་རྭ་རྒྱའི་གྲུ་ཁའང་རྭ་རྒྱ་ནས་རྨ་ཆུར་བརྒལ་སའི་འགྲམ་ངོགས་དེ་ལ་ཟེར།  མི་ལོ་བརྒྱ་ཕྲག་དུ་མའི་ཡར་སྔོན་ནས་རྭ་རྒྱའི་གྲུ་ཁ་ནས་དད་ལྡན་མཇལ་བ་ལྷ་སར་འགྲོ་མྱོང་བ་དང་། དངོས་རྫས་ཉོ་ཚོང་བྱེད་པའི་ཚོང་བ་གང་མང་ཡང་གནས་འདི་བརྒྱུད་དེ་སྟོད་སྨད་གཉིས་ཀར་འགྲོ་མྱོང་བས་རྭ་རྒྱའི་གྲུ་ཁ་ནི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ས་ཚུགས་གལ་ཆེན་ཞིག་ཡིན། 

ལྷག་པར་དུ་རྭ་རྒྱའི་གྲུ་ཁ་ནི་རྭ་རྒྱ་དགོན་པ་དང་རྭ་རྒྱའི་ལྷ་སྡེའི་བར་གྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན། རྭ་རྒྱ་དགོན་པའི་ལྷ་སྡེ་ཕལ་ཆེ་བ་རྨ་སྲིབ་ཏུ་ཡོད་པས་དད་ལྡན་མཇལ་བ་རྣམས་ཕར་འགྲོ་ཚུར་འོང་དང་།  དགོན་པའི་བླ་གྲ་རྣམས་རྨ་ཆུའི་ཕ་རོལ་དུ་ཕེབས་སྐབས་རྐྱལ་གཟིངས་ལ་ངེས་པར་བརྟེན་དགོས། འོན་ཀྱང་དགུན་དུས་སུ་ཟླ་བ་རེ་འགར་རྨ་ཆུའི་དར་ཟམ་སྟེང་བགྲོད་ཆོག་པ་ལས་དེ་མིན་གྲུ་ཁ་འདི་བརྒྱུད་དགོས་པས་རྭ་རྒྱའི་གྲུ་ཁ་ནི་གནས་འདིའི་ས་ཚིགས་གལ་ཆེན་ཞིག་ཡིན། འོན་ཀྱང་ད་སྐབས་རྨ་ཆུར་ཟམ་པ་འཕངས་ཡོད་པས་སྔོན་གྱི་དཀའ་ངལ་དེ་དག་ནི་གཏམ་རྒྱུད་ལྟ་བུར་གྱུར་ཡོད།

     རྒན་པོ་ཚོའི་ངག་རྒྱུན་ལྟར་ན་སྨད་ཀྱི་མཇལ་བ་རྣམས་ལྷ་སར་འགྲོ་ཚེ་རྭ་རྒྱ་ནས་རྨ་ཆུར་བརྒལ་ཏེ་ཁལ་རྟ་མང་ན་བྱང་རྒྱབ་བརྒྱུད་དེ་འགྲོ་དགོས་ཟེར། རྒྱུ་མཚན་བྱང་རྒྱབ་ན་རྩ་ཆུ་འཛོམས་པོ་ཡོད་པས་བྱང་རྒྱབ་བརྒྱུད་དེ་ག་ལེར་སོང་ན་སྣ་རྟར་ཕན་ཟེར།  དེ་མིན་རྐང་ཐང་ལ་འགྲོ་མཁན་རྣམས་ཉེ་ལམ་བརྒྱུད་ནས་སོང་ཡང་ཆོག་ཟེར། རྭ་རྒྱ་ནས་རྨ་ཆུར་བརྒལ་ཚེ་རྐྱལ་གཟིངས་ལ་བརྟེན་དགོས་ཤིང་རྐྱལ་གཟིངས་དཀྲུགས་པར་བྱང་ཆ་ལྡན་པའི་ཆུ་བ་རྣམས་མི་རབས་མང་བོར་རྨ་ཆུའི་ཁར་འཚོ་བ་རོལ་མྱོང་།
རྭ་རྒྱའི་རྨ་སྲིབ་ཀྱི་ཚོ་བ་རྣམས་ཀྱང་རྭ་རྒྱའི་གྲུ་ཁ་བརྒྱུད་ནས་ཚོང་བར་འགྲོ་དགོས་ཤིང་འགྲོ་ཡུལ་སྐུ་འབུམ་དང་། བླ་བྲང་། ཟི་ལིང་། ཁྲི་ཀ སྐྱ་རྒྱ་དང་དོ་རྒྱ་སོགས་ཡིན། ད་དུང་རྭ་རྒྱ་ནས་མགོ་ལོག་ཕྱོགས་ཀྱི་ཚོང་བའང་སྨད་དུ་འགྲོ་མཁན་མང་ཞིང་ཁོ་ཚོས་རྭ་རྒྱའི་ཚོང་བ་ཡིན་ཞེས་བཤད་ན་ལམ་གྱི་དགྲ་ཇག་ཉུང་བ་དང་ཚོང་གི་རིན་གོང་ཡང་དམའ་བས་རྭ་རྒྱ་བརྒྱུད་ནས་ཚོང་ལ་འགྲོ་མཁན་ཚོས་རྭ་རྒྱའི་ཚོང་བ་ཡིན་ཞེས་བཤད་མཁན་མང་བར་གྲགས།

     དེའི་ཕྱིར་རིག་གསར་སྐབས་རྭ་རྒྱ་ན་འབྲུ་རིགས་མང་བོ་ཡོད་ཟེར་ནས་དམག་མི་ཆེད་དུ་མངགས་ཏེ་སྔོགས་བཤེར་ཡང་བྱེད་མྱོང་། 
སྔོན་གྱི་ལོ་རྒྱུས་ཡིག་ཚང་རྙིང་བ་དག་ལས་ལྡོང་དཔལ་ཤུལ་ཕུར་བ་ཐར་ཞེས་པའི་དཔའ་རྩལ་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དེ་རྭ་རྒྱའི་ཡུལ་འདིར་གནས་སྡོད་བྱེད་མྱོང་བ་དང་།  གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་ཀྱང་ཡུལ་འདིར་གཞི་བཟུང་མྱོང་བ་སོགས་ལ་དཔག་ན་རྭ་རྒྱའི་ཡུལ་འདིར་གནའ་སྔ་མོ་ཞིག་ནས་ཕར་འགྲོ་ཚུར་འགྲོ་འོང་བྱེད་མཁན་མཚམས་མི་ཆད་པར་ཡོད་པས་རྭ་རྒྱའི་གྲུ་ཁ་ནི་རྨ་ཆུར་བརྒལ་སའི་ས་ཚུགས་གལ་ཆེན་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ།

རྗེ་རིན་པོ་ཆེའི་དངོས་སློབ་མེན་ཇུ་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་མཆོག་དབུས་སུ་ཕེབས་སྐབས་རྭ་རྒྱ་ནས་རྨ་ཆུ་ལ་གྲུ་བརྒྱབ་ནས་ཐོན་མཚམས། བོན་པོ་ལོ་དྲུག་ཅུ་བརྒལ་བ་ཞིག་བྱུང་། རྒྱང་ནས་ཕྱག་འཚལ་ཏེ་བསྐོར་བ་བྱེད་པ་ལ། དྲུང་འཁོར་ཞིག་གིས། ངེད་བན་དེ་ཚོ་ཅིག་ཡིན། ཁྱོད་བོན་པོར་སྣང་བས་འདི་བཞིན་བྱེད་པ་ཅི་ཡིན་ཞེས་དྲིས་པར། ང་བོན་པོའི་དྲང་སྲོང་ཞིག་ཡིན།  སྦོམ་རའི་མགུལ་དུ་ལོ་དགུའི་བར་དུ་སྒྲུབ་པ་བྱས།  དེང་སང་རི་བྲག་ཅིག་ན་ཡོད། ཞག་འགའི་སྔོན་རྨ་ཆེན་འཁོར་བཅས་བར་སྣང་གང་བར་བསུ་བ་ལ་ལང་སོང་།  ད་ལྟ་ཇ་ཐེར་དཀར་བོ་འདི་ལ་སྐོར་བ་བྱེད་ཅིང་འདུག  བླ་མ་འདི་སྐྱེས་བུ་དམ་པ་ཞིག་ཡིན་ཐག་ཆོད། མཇལ་ཀ་དང་ཆོས་འབྲེལ་གཅིག་ཞུ་བ་ཡིན།  དེ་མ་གཏོགས་པའི་ཤེས་འདོད་ཅི་ཡང་མེད་ཟེར།  སྒར་ཚིག་གསུམ་གྱི་བར་ཉིན་རེ་བཞིན་ཕྱག་དང་བསྐོར་བ་བྱེད་ཅིང་བསྐྱལ། སྐུ་འཁོར་ཚོར་བླ་མ་འདི་ལ་ཐ་མལ་བའི་སེམས་མ་སྐྱེད།  སངས་རྒྱས་ཀྱི་འདུ་ཤེས་སྐྱེད་ལ་མཉེས་པ་སྒྲུབས་ཤིག་ཅེས་ཟེར་ནས་རང་གནས་སུ་སོང་། ཞེས་དེབ་ཐེར་རྒྱ་མཚོ་ལས་གསུངས་པས།འདི་ལས་གནའ་བོའི་རྭ་རྒྱའི་ཡུལ་འདི་སྔོན་གྱི་དབུས་ལམ་འཁྲུལ་མེད་ཅིག་ཡིན་པ་རྟོགས་ཐུབ་པ་མ་ཟད། བན་བོན་གྱི་གྲུབ་ཐོབ་དང་། རྣལ་འབྱོར་བ་མང་བོ་ཡུལ་འདིར་བྱོན་པའང་གསལ་བོར་རྟོགས་ཐུབ།

     དེ་མིན་ཀརྨ་རོལ་བའི་རྡོ་རྗེ་དང་། ཀརྨ་དེ་བཞིན་གཤེགས་པའི་རྣམ་ཐར་སོགས་ལས་ཀྱང་རྭ་རྒྱའི་ཡུལ་འདིར་གནའ་བོའི་བགྲོད་ལམ་གལ་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ་པ་མ་ཟད། རྒྱའི་ཡིག་ཚང་རེ་འགར་ཡང་རྒྱ་བཟའ་ཕྱི་མ་གནས་འདི་ནས་དབུས་སུ་སོང་བར་བཤད་པ་སོགས་བདེན་ན་རྭ་རྒྱ་ནི་བོད་བཙན་པོའི་དུས་སྐབས་ཀྱི་འགྲིམ་འགྲུལ་གྱི་གནས་གལ་ཆེན་ཞིག་ཏུ་འཁུམས་མོད་ད་དུང་དཔྱད་པའི་གནས་སོ།།

    ཕྱི་གླིང་བ་ལོ་ཁུJ.F.Rockཟེར་བས་བརྩམས་པའི་ཨ་མྱེས་རྨ་ཆེན་གྱི་རི་རྒྱུད་དང་དེའི་ཉེ་འཁོར་གྱི་ཡུལ་སྡེ་ཞེས་པའི་དེབ་ལས་ཀྱང་ལོ་ཁུ་རྭ་རྒྱ་ནས་རྨ་ཆུར་བརྒལ་ཏེ་རྨ་ཆེན་གངས་རིའི་ཉེ་འདབས་དང་། ཁམས་ཕྱོགས་སུ་སོང་བ་སོགས་ལ་ག་ལེར་དཔྱད་ན་རྭ་རྒྱའི་གྲུ་ག་ནི་གནའ་བོའི་བཞུད་ལམ་གལ་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ། དེར་མ་ཟད་རྭ་རྒྱའི་རྨ་འགྲམ་གཡས་གཡོན་གྱི་རི་ངོས་དག་ན་གནའ་བོའི་རྐང་ལམ་ཟབ་མོ་དག་ད་དུང་ཡང་མ་འཇིག་པར་གསལ་ལེར་མངོན་པ་འདི་ལས་ཀྱང་ཡུལ་འདི་བོད་ཡུལ་སྟོད་སྨད་ཀུན་ལ་འགྲོ་སའི་ས་གནས་གལ་ཆེ་བ་ཞིག་ཡིན་པའང་རྟོགས་ཐུབ། རྭ་རྒྱའི་གྲུ་ཁ་དང་འབྲེལ་བའི་དབུས་ལམ་ཞིག་བདག་གིས་ས་ཁྲར་བཀོད་དེ་འབྲི་བར་འབད་བརྩོན་བྱེད་ཀྱིན་པས་གནས་སྐབས་འདི་ཙམ་གྱིས་འཐུས་པར་བྱས་སོ།།

ཞེས་རྭ་རྒྱ་བཟོད་པ་བཟང་བོས་ཤེས་རིག་ནོར་བུའི་སློབ་གླིང་ནས་སྦྱར་བ་དགེའོ།། ༢༠༡༦.༥.༡




རྭ་རྒྱའི་ཡུལ་ལྗོངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506346
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།