རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བྱིས་པའི་སློབ་གསོ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་འཇིགས་མེད་རྒྱལ་མཚན། »རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བྱིས་པའི་སློབ་གསོ་གླེང་བ།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བྱིས་པའི་སློབ་གསོ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-01-05ལྟ་ཀློག (12663)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བྱིས་པའི་སློབ་གསོ།

 འཆད་མཁན་རྭ་རྒྱ་འཇིགས་མེད་རྒྱལ་མཚན།

 ཡིག་ཕབ་པ། རུ་ངར་ལྕགས་མདའ།
 ཐོག་མའི་གཏམ། 
   འོ་ལགས་སོ།།  ཐོག་མར་བོད་ཁུལ་བྱིས་པའི་སློབ་གསོའི་བགྲོ་གླེང་འདི་ཉིད་སྒྲུབ་མཁན་དང་།  འདི་ལ་མཐུན་རྐྱེན་སྦྱོར་མཁན་གྱི་ཚོགས་པ་གཉིས་དང་བཅས་པས་འདི་འདྲའི་གོ་སྐབས་ཤིག་གནང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག་ཏུ་དེ་རིང་འདིར་བྱོན་ཡོད་པའི་མཁས་དབང་དང་དགེ་རྒན་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ང་ལ་མཚོན་ན་དེ་རིང་གི་གཏམ་བཤད་འདིར་གྲ་སྒྲིག་ཀྱང་གང་ཡང་བྱེད་མ་ཐུབ་པས་ཐད་གར་བཤད་དགོས་བྱུང་སོང་།    གལ་སྲིད་གྲ་སྒྲིག་བྱེད་ཐུབ་པའི་དབང་དུ་བཏང་ན་ཡང་ཉམས་མྱོངས་ཅན་དེ་འདྲ་གང་ཡང་མིན་པས་ཡ་མཚན་པ་ཞིག་བཤད་རྒྱུ་མེད། འོན་ཀྱང་ང་ལ་མཚོན་ན་མི་ལོ་ཉེར་གཉིས་ཀྱི་རིང་ལ་སྒེར་བཙུགས་སློབ་གྲྭ་བསྒྲུབས་ཏེ་ཡོང་མཁན་དེ་འདྲ་ཞིག་ཡིན།  དེ་ཡིན་ན་འདི་བསྒྲུབས་པའི་གོ་རིམ་ཁྲོད་ཀྱི་རང་གི་མཐོང་ཐོས་དོགས་གསུམ་དང་འབྲེལ་བའི་སྒོ་ནས་བཤད་བསམ་རྒྱུའི་སྐད་ཆ་འགའ་བཤད་རྒྱུ་ཡིན།  དུས་ཚོད་ཐུང་བའི་དབང་གིས་སྐད་ཆ་མང་བོ་ཞིག་བཤད་ཁོམ་ཡང་མི་འདུག  སྤྱིར་བཏང་བྱིས་པའི་སློབ་གསོ་ནི་མིའི་རིགས་ཀྱི་སློབ་གསོའི་རྨང་རྡོ་ལྟ་བུ་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། མི་རིགས་ཤིག་ཡིན་ན་འདྲ། རྒྱལ་ཁབ་ཅིག་ཡིན་ན་འདྲ། གང་དང་གང་ཞིག་ཡིན་རུང་འཕེལ་རྒྱས་སུ་འགྲོ་དགོས་ན་ཐོག་མར་རྨང་རྡོ་ལྟ་བུའི་སློབ་གསོ་འདི་དམ་དུ་གཟུང་དགོས་པ་རེད།  འདི་དམ་དུ་མི་འཛིན་པའི་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་དེ་ཚང་མའི་རྗེས་སུ་ལྷག་འགྲོ་བ་ནི་ཆོས་ཉིད་ཅིག་རེད།  རང་རེའི་བོད་མི་རིགས་ལ་མཚོན་ན་བྱིས་པའི་སློབ་གསོ་འདི་དམ་འཛིན་དང་གཙིགས་ཆེན་དུ་བཟུང་བའི་ཆ་ནས་འདང་གིན་མི་འདུག  དེ་བས་བླ་མ་དཔོན་པོ། ལས་བྱེད་པ། མང་ཚོགས། ཁྱིམ་བདག་སོགས་སུ་ལ་མཚོན་ནའང་བྱིས་པའི་སློབ་གསོ་འདི་ལ་དོ་སྣང་དང་གཙིགས་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།  འདི་ལ་དོ་སྣང་བྱ་དགོས་ཚེ་ངས་བསམ་ན་དོན་ཚན་བཞིའི་སྟེང་ནས་ངེས་པར་མཉམ་འཇོག་བྱ་དགོས་པ་འདྲ།
དོན་ཚན་དང་བོ།  ཨ་མའི་སློབ་གསོའི་ནུས་པ།
   གཅིག་ཕ་མའི་སློབ་གསོ་འདི་ཧ་ཅང་གལ་ཆེན་པོ་རེད།  དེའི་ནང་ནས་ཀྱང་ཨ་མའི་སློབ་གསོ་འདི་ཧ་ཅང་གལ་ཆེན་ཞིག་རེད།  སྤྱིར་བཏང་སློབ་གསོ་ཟེར་བ་ནི།  མ་ཤེས་པ་ཤེས་པར་བྱེད་པ།  གསོ་མ་ནུས་པ་གསོ་བར་བྱེད་པ། མ་སྨིན་པ་སྨིན་པར་བྱེད་པ།  ཡང་ན་ལམ་ལོག་ཏུ་སོང་ཡོད་པ་མཐའ་དག་ཕྱིར་ལེགས་ལམ་དུ་འདྲེན་པར་བྱེད་པ་དེ་འདྲ་ཞིག་ལ་གོ་དགོས།  ཁྱད་པར་དུ་བྱིས་པའི་སློབ་གསོ་ལ་མཚོན་ན།  དགེ་རྒན་གྱི་ཆེས་ཐོག་མ་ནི་རང་ཉིད་ཀྱི་ཨ་མ་རེད།  དེའི་རྒྱུ་མཚན་གྱིས་ངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྒྲུབ་སྐབས་དེ་བསྒྲུབ་དགོས་པའི་དམིགས་ཡུལ་ཟེར་ནའང་འདྲ། དེ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་མྱོང་། བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན། མིའི་རིགས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས་ན་ཐོག་མར་བུ་མོའི་སློབ་གསོ་གལ་ཆེན་དུ་འཛིན་དགོས་ཞེས་སྐད་ཆ་ཞིག་བཤད་པ་ཡིན། སྐད་ཆ་འདི་ལ་བརྟེན་ནས། ཧི་ལན་གཞུང་ཚབ་ཁང་དང་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པ། ཡ་གླིང་མཐུན་སྒྲིལ་ཚོགས་པ་ལ་སོགས་པའི་རྒྱབ་སྐྱོར་ཐོབ་ཅིང་མ་དངུལ་གྱིས་མཐུན་རྐྱེན་སྦྱར་ནས་བུ་མོའི་སློབ་གྲྭ་བསྒྲུབས་པ་ཡིན།  གལ་སྲིད་ཨ་མ་བྱམས་སེམས་དང་ལྷག་བསམ་ལྡན་པ་ཞིག་ཡིན་ན་དེས་རང་གི་བྱིས་པ་ཐམས་ཅད་ཀྱང་ལམ་ཡག་པོ་ཞིག་ལ་འཁྲིད་ཐུབ་པར་སྙམ་པའི་བསམ་བློའི་་སྟེང་ནས་ཨ་མའི་སློབ་གསོ་ནི་གཙོ་བོ་ཞིག་རེད་ཅེས་བཤད་བཞིན་ཡོད། ལྷག་པར་དུ་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེའི་ཨ་མ་རྣམས་ཤེས་འཇོན་ཅན་དུ་བསྒྱུར་རྒྱུ་ནི་ཧ་ཅང་གལ་ཆེན་རེད། ཐོག་མར་འབྲོག་ཕྱོགས་ཀྱི་བུད་མེད་ཚོས་འཚོ་བའི་དཀའ་སྡུག་གི་ཁྲོད་ནས་ཤེས་ཡོན་སྦྱོང་བའི་གོ་སྐབས་མ་རེག་པར་བསམ་བློ་སོགས་རྗེས་སུ་ལུས་བཞིན་པའི་སྣང་ཚུལ་འདི་བསྒྱུར་མ་ཐུབ་ན་བོད་ཀྱི་སློབ་གསོའི་སྤུས་ཀ་མཐོ་རུ་གཏོང་དགོས་ཞེས་འུར་ཅི་ལྟར་བརྒྱབ་ཀྱང་གྲུབ་འབྲས་འབྱུང་མི་སྲིད། 
དོན་ཚན་གཉིས་པ།  བྱིས་པའི་སློབ་གསོའི་ཁ་ཕྱོགས། 
   བྱིས་པའི་སློབ་གསོའི་ཁ་ཕྱོགས་འཛིན་པའི་ཚེ་ན་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་མ་དཔེ་ལེན་དགོས་ས་ཡང་ཡོད་སྲིད་རྒྱུ་རེད། འོན་ཀྱང་མཐའ་གཅིག་ཏུ་ཡོད་ཚད་གཞན་ལ་བསྟུན་དགོས་པའི་ངེས་པ་མེད་པར་མ་ཟད་ཡོད་ཚད་གཞན་ལ་བསྟུན་ན་ནོར་འཁྲུལ་རེད་བསམ་བཞིན་ཡོད། དུས་ད་ལྟའི་བར་དུ་ང་ཚོས་སློབ་གསོའི་ཁ་ཕྱོགས་གླེང་བའི་ཚེ་ན་ཕྱི་རྒྱལ་གྱི་མཁས་པ་ཞིག་དང་ཡང་ན་རྒྱའི་མཁས་པ་ཞིག་གི་ལེགས་བཤད་དྲངས་ནས་དེ་ལ་ཁོངས་གཏུག་བཞིན་ཡོད་པ་རེད། སྤྱིར་དེའི་ནང་ན་ལེགས་ཆ་མེད་པ་མ་རེད།  འོན་ཀྱང་ང་ཚོས་གཞན་ལ་ཁུངས་བཅོལ་རྒྱུ་ཐལ་དྲགས་པས་རང་གི་སློབ་གསོའི་ཁ་ཕྱོགས་སྒྱུར་བཞིན་འདུག  ང་ཚོ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་བསམ་བློ་ཞིག་དང་། མིང་འདོགས་སྟངས་ཤིག་ཡོད་པ་འདི་བཀོལ་རྒྱུ་ལས་ཡོད་ཚད་ཆུ་སྣ་གར་ཁྲིད་བྱས་ན་ཡག་རྒྱུ་མ་རེད།  དེ་བས་ངས་བསམ་ན་ང་ཚོས་བྱིས་པའི་སློབ་གསོ་འདི་རིམ་པ་གསུམ་ལ་བསྒོས་ཤིང་དེའི་ཐ་སྙད་ཀྱང་གཏན་ཆགས་སུ་བཀོད་ན་ཡག་གི་བསམ། 

 གཅིག་མངལ་གྱི་སློབ་གསོ།  

དེ་ནི་བྱིས་པ་མའི་མངལ་དུ་ཆགས་པ་ནས་མངལ་ནས་བཙས་བའི་བར་སྟེ། མའི་ནུ་ཞོ་དང་ཆུ་ལ་སོགས་པ་ཁ་ནང་དུ་མ་སོང་ཞིང་། ཕྱིའི་དངོས་པོ་གཞན་གྱིས་མ་གོས་པའི་སྔ་རོལ་ལ་ཟེར། ཕྱིའི་དངོས་པོ་སོགས་མཐོང་ཐོས་དྲན་རེག་ཏུ་གྱུར་བ་ནས་བཟུང་བྱིས་པའི་ལྟ་བ་དང་རང་བཞིན་འཕེལ་རྒྱས་སུ་འགྲོ་བ་ལ་འགྱུར་ལྡོག་བྱུང་ཚར་བ་རེད། 

གཉིས་པ་མ་འབྱར་སློབ་གསོ།
དེ་ནི་བྱིས་པ་བཙས་མ་ཐག་པ་ནས་ལོ་གསུམ་གྱི་བར་ལ་ཟེར།  ཐ་སྙད་འདི་ཡང་བོད་རང་གི་ཐ་སྙད་རེད།  མ་འབྱར་ཞེས་པ་ནི་མ་དང་ཁ་འབྲལ་མི་ཐུབ་པར་མ་ལ་བརྟེན་ནས་འཚོ་དགོས་པས་དེ་ལྟར་བཏགས་པ་ཡིན། དང་བོ་བྱིས་པ་ཧ་ཅང་ཆུང་བའི་གནས་སྐབས་སུ་མའི་ལུས་དྲོད་ཀྱིས་གསོས་ནས་ནར་སོན་དགོས་སྟབས་ཨ་མའི་རུམ་དང་མ་བྲལ་བར་བསྐྱངས་ན་དེ་ལ་ཐུན་མིན་གྱི་ཁྱད་ཆོས་མང་བོ་ཡོད།   དེའི་འཕྲོར་མའི་མིག་གིས་འཚོ་བ་སྟེ་ཨ་མའི་རུམ་དང་བྲལ་ཆོག་ན་ཡང་ད་དུང་བྱིས་པའི་བར་ཐག་ནི་ངེས་པར་མའི་མིག་གིས་མཐོང་ས་ནས་འཇོག་དགོས་པས་མ་དང་འབྲལ་མི་ཐུབ་པ་སྟེ་མ་འབྱར་སློབ་གསོ་ཟེར།  དེའི་འཕྲོར་མའི་སེམས་ཀྱིས་འཚོ་བ་སྟེ། མའི་རུམ་དང་མིག་གིས་མཐོང་ས་ནས་འབྲལ་དུ་རུང་ཡང་ད་དུང་སྒོ་ཕྱི་ཁྱིམ་གར་ཡོད་སོགས་སེམས་ཀྱིས་འཚོ་དགོས་ཤིང་མའི་སེམས་དང་ཁ་འབྲལ་ཐུབ་མེད་པས་དེ་ཡང་མ་འབྱར་སློབ་གསོ་ཟེར།
གསུམ་པ་ཁྱེའུའི་སློབ་གསོ།
འདི་ལ་གཞུང་མང་བོ་ལས་འགྲེལ་ཚུལ་སྣ་ཚོགས་ཤིག་ཡོད་དེ། ལ་ལས་ལོ་བཅུའི་མན་ཟེར་བ་དང་། ལ་ལས་ལོ་བརྒྱད་ཀྱི་མན་ཟེར་བ་དང་།  ཡང་ལ་ལས་ལོ་དྲུག་གི་མན་ཟེར་བ་སོགས་བཤད་ཚུལ་འགའ་རེ་ཡོད་མོད། ལོ་དྲུག་གི་མན་བྱས་ན་འཛམ་གླིང་སྤྱིའི་བཤད་ཚུལ་དང་མཐུན་ལ། འདུལ་བ་ལས་ཀྱང་ཁྱེའུ་བྱ་རོག་སྐྲོད་ནུས་ན།། ཞེས་པ་གསུངས་པ་ལྟར་ལོ་དྲུག་ནས་བཟུང་རབ་ཏུ་བྱུང་ཆོག་པར་བཤད་དོ།།  དེ་བཞིན་དུ་མིང་འདོགས་སྟངས་ཀྱི་ཆ་ནས་བཤད་ན་ཡང་བོད་རང་ལ་ཡོད་པའི་ཐ་སྙད་དེ་བཀོལ་སྤྱོད་བྱས་ཏེ་རྒྱུན་འབྱམས་སུ་བཏང་ན་གཞན་ཞིག་བལྟས་ན་མིང་ཁོ་ནའི་སྟེང་ན་ཡང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་བོ་ཞིག་མངོན་ཐུབ་རྒྱུ་རེད་བསམ་ཡོད།


དོན་ཚན་གསུམ་པ།   བྱིས་པའི་སློབ་གསོའི་དོན་སྙིང་།
   བྱིས་པའི་སློབ་གསོ་ཞེས་པས་གསོ་རྒྱུ་ནི་གང་རེད།  དེ་ང་ཚོས་ངེས་པར་དུ་ངོས་ཟིན་དགོས་པ་རེད།  གཅིག བསམ་བློ་གསོ་བ་སྟེ། ཤེས་པའི་ངོ་བོ་དང་ནུས་པ་གོང་འཕེལ་དུ་གཏོང་བ་དེ་རེད། དེ་ལ་གསོ་བྱེད་མང་བོ་ཞིག་ཡོད་ཀྱང་བོད་མི་རིགས་རང་ལ་མཚོན་ན་རང་གི་ཐུན་མོང་མ་ཡིན་པའི་བསམ་བློ་དང་རིག་གནས་འདུ་ཤེས་ཀྱི་བརྗོད་སྙིང་ལྡན་པའི་བྱེད་ཐབས་ཀྱིས་གསོ་དགོས་པ་རེད། གཉིས་པ། ཀུན་སྤྱོད་གསོ་བ།  བྱིས་པའི་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་གང་ཞིག་ཡིན་ཡང་བག་དང་ལྡན་པར་བྱ་རྒྱུ་སྟེ། བོད་རང་གི་ཐུན་མིན་གྱི་ཡ་རབས་སྤྱོད་བཟང་གི་གོམས་སྲོལ་བཟང་བོ་དེ་ལ་འདྲིས་སུ་འཇོག་དགོས་པ་རེད།  གསུམ་པ། ལུས་གསོ་བ།   འདི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད།  མང་བོ་ཞིག་གིས་ལུས་གསོ་སྟངས་གཅིག་ཡིན་རྒྱུ་རེད།  སུ་ལ་མཚོན་ན་ཡང་ཟ་མ་ཟོས་ནས་ལུས་གསོ་རྒྱུ་དེ་གཅིག་མཚུངས་རེད་བསམ་བཞིན་ཡོད་མོད།   དེ་རྩ་བ་ཉིད་ནས་གཅིག་མ་རེད། མི་རིགས་གང་ལ་མཚོན་ན་ཡང་། རང་རང་ལ་ཐུན་མོང་མ་ཡིན་པའི་འཚོ་གནས་མི་འདྲ་བ་རེ་ཡོད་པ་རེད། ང་ཚོ་བོད་ལ་མཚོན་ན་མཚོ་བོད་མཐོ་སྒང་གི་ཡུལ་འདི་ན་འཚོ་བ་རོལ་བཞིན་པའི་མི་རིགས་ཤིག་རེད།   དེའི་རྒྱུ་མཚན་གྱིས་བྱིས་པར་མཚོན་ན་ཡང་ཧ་ཅང་ཆུང་ཆུང་གི་དུས་སྐབས་ནས་བཟུང་། རང་གི་ལུས་གསོ་བ་ལ་རང་ཉིད་འཚར་ལོངས་འབྱུང་སའི་ཁོར་ཡུག་དང་འཚམ་པའི་ཟས་ཀྱི་བཅུད་མ་འདྲ་བ་ཞིག་ལ་བརྟེན་དགོས་པས་ཟ་མ་གང་ཡིན་མི་བརྟེན་པར་འཚོ་གནས་དང་འཚམ་པའི་ཟས་བསྟེན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་སྐབས་ཚང་མས་སྔོན་ཐོན་གྱི་བསམ་བློ་ཞིག་ལ་བརྩིས་ཏེ། སྔོ་ཚོད་ཟོས་ན་ད་གཟོད་མཆོག་གྱུར་ཀྱི་ཟས་ཤིག་ལ་རོལ་བའི་འདུ་ཤེས་འཛིན་བཞིན་ཡོད་པ་རེད། འོན་ཀྱང་མི་རིགས་རང་ལ་མཚོན་ན་དེ་ནི་སྔོན་ཐོན་གྱི་རྟགས་ཤིག་རྩ་བ་ཉིད་ནས་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན།  ཁྱེད་ཚོས་གོ་ཡོད་ན་ཐང་།  མེད་ན་ཡང་ཐང་།   དེང་སང་ཚན་རིག་པ་མང་བོ་ཞིག་གིས་བོད་མི་རིགས་ཀྱིས་རང་ཉིད་གསོད་བཞིན་འདུག་ཟེར། ཅི་ལྟར་གསོད་བཞིན་པ་རེད།  འཚོ་བས་གསོད་བཞིན་འདུག་ཟེར།  གོང་ནས་བཤད་པ་བཞིན། མི་རིགས་རེ་ལ་རང་རང་གི་འཚོ་གནས་དང་འཚམ་པའི་ཟ་མ་རེ་ཡོད་པ་རེད།   བོད་མི་རིགས་ལ་མཚོན་ན་རང་གིས་བཟོས་པའི་མར་ཆུར་རྩམ་གསུམ་སོགས་ས་མཐོ་མི་བྱུང་བ་དང་ལུས་ལ་སྟོབས་ཤུགས་སྟེར་ནུས་བའི་རང་ལ་ཐུན་མིན་གྱི་ཁ་ཟས་ཤིག་ཡོད་པ་རེད།  ངེས་པར་དུ་དེ་བསྟེན་དགོས་པ་རེད། བོད་རང་གི་ཁ་ཟས་བསྟེན་པས་ད་ལྟའི་བར་མཚོ་བོད་མཐོ་སྒང་འདི་རུ་འབྲོང་གི་ལུས་སྟོབས་ལྡན་པའི་མི་རིགས་ཤིག་གནས་ཐུབ་སོང་བ་རེད། འོན་ཀྱང་དེང་སང་རང་གི་འཚོ་རྟེན་དེ་ཕར་གཡུག་ནས་སྔོ་ཚོད་ལྡམ་ལྡུམ་ཟོས་ནས་བསྡད་ཡོད་པ་རེད།  དེ་མི་རིགས་གཞན་གྱི་ཟ་མ་དང་འཚོ་རྟེན་རེད། ས་དམའ་སར་ཡོད་པའི་མིས་ད་གཟོད་ཟོས་ན་འགྲིག་པ་རེད་མ་གཏོགས་མཐོ་སྒང་གི་མིས་དེ་ཟོས་འགྲིག་གི་ཡོད་པ་མ་རེད།  དེའི་རྒྱུ་མཚན་གྱིས་ཐ་ན་ད་སྐབས་བོད་རང་གི་ལུས་ཀྱང་འགྱུར་བཞིན་འདུག་ཟེར། དེར་བསྟུན་ནས་ཕ་མའི་ཁམས་དཀར་དམར་ལ་སོགས་པ་ཡང་རིམ་བཞིན་འགྱུར་ནས་མ་འོངས་པར་དེས་བསྐྱེད་པའི་བྱིས་པ་རྣམས་ནི་ལུས་ཀྱི་སྟོབས་ཤུགས་ལ་སོགས་པས་མི་འདང་བ་ཞིག་ཆགས་འོང་བ་རེད།  དེ་བས་མི་རབས་གཅིག་མ་འགོར་བར་བོད་ཀྱི་བྱིས་པ་རྣམས་ཀྱང་ས་དམའ་ས་ན་ཡོད་པའི་མི་རིགས་གཞན་དང་འདྲ་བར་མཐོ་སྒང་དུ་འཚོ་མི་ཐུབ་པའི་མི་རིགས་ཤིག་ཏུ་འགྱུར་ཉེན་ཆེ་བས་ངས་འདི་ལྟར་རྣམ་པ་མི་འདྲ་བ་གསུམ་གྱི་སྒོ་ནས་བྱིས་པ་གསོ་སྐྱོང་བྱེད་དགོས་པར་བཤད་པ་ཡིན་ལ་ཅི་ལྟར་གསོ་བའི་ཁ་ཕྱོགས་མི་ནོར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། 


དོན་ཚན་བཞི་བ།  དགེ་རྒན་གྱི་ཡོན་ཚད་དང་བསམ་བློ།
   བྱིས་པའི་དགེ་རྒན་ལ་མཚོན་ན་ཡོན་ཏན་གྱིས་ཕྱུག་པོ་ཡིན་དགོས་པ་མ་ཟད་བསམ་བློ་དང་ཀུན་སྤྱོད་ཚད་ལྡན་ཡིན་པ། ད་དུང་དེ་ལས་ཀྱང་ལེགས་ཉེས་བླང་དོར་གྱི་ཁྱད་པར་འབྱེད་ཤེས་པ། སློབ་མ་ཡང་དག་པའི་ལམ་ལ་འཁྲིད་ནུས་པ།  ནང་དགོས་སུ་སློབ་མ་ལ་ལེགས་ཉེས་འབྱེད་པའི་བློ་མིག་སྩོལ་ཐུབ་པ་དེ་ཧ་ཅང་གལ་ཆེན་རེད།   དེ་མིན་བྱིས་པ་ནི་ད་རུང་བྱིས་པ་རང་ཡིན་པས་བྱིས་པའི་ཁོག་ལ་ཤེས་བྱ་གང་ཡུན་ལྡུག་རྒྱུ་དེ་གཙོ་བོ་མ་རེད།  འདིའི་ཐད་ལ་འཛམ་གླིང་གི་མཁས་པ་མང་བོར་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད།    ངས་བསམ་ན་འདིའི་ཐད་ནས་ང་ཚོ་བོད་རང་ལ་ངེས་པར་དུ་ཁ་ཕྱོགས་ཤིག་ཡོད་དགོས་པ་འདྲ།   ཡོད་ཚད་བྱིས་པའི་བསམ་བློ་ལྟར་རང་དབང་གིས་རྒྱ་ཡན་དུ་བཏང་བཞག་ན་གལ་སྲིད་བྱིས་པས་སྐྱག་པ་ཟ་ན་ཡང་ཟ་རུ་འཇོག་རྒྱུ་ཡིན་ནམ།  ཁོས་བསམ་བློ་ངན་པ་ཞིག་བསླབ་རྒྱུ་ཡིན་ཟེར་ན་ཡང་སློབ་ཏུ་འཇོག་རྒྱུ་ཨེ་རེད།   ངས་བལྟས་ན་དེ་མ་རེད། ཡོད་ཚད་ཁོག་ལ་ལྡུག་རྐྱང་མི་བྱེད་པར་ལེགས་ཉེས་ཀྱི་ཁྱད་པར་ཤེས་སུ་འཇོག་རྒྱུ་དེ་གལ་ཆེན་པོ་རེད། དེ་མིན་ཅི་བསམ་གང་དྲན་དུ་སོང་ན་དེང་སང་ཕྱི་རྒྱལ་གྱི་ཡུལ་གྲུ་དག་ནས་བྱིས་པ་ལོ་བཅོ་བརྒྱད་དུ་བུད་ཚར་རྒྱབ།  ང་ལོ་བཅོ་བརྒྱད་ཡིན།  ད་ངའི་ཕ་མ་དང་ངེད་གཉིས་བར་ལ་འབྲེལ་བ་ཅི་ཡང་མེད་ཅེས་ཕ་མ་དང་བུ་ཕྲུག་གི་བར་དུ་བརྩེ་དུང་ཅུང་ཙམ་ཡང་མེད་པ་འདི་གང་ལས་བྱུང་བ་རེད། བདག་གཙོ་བོར་འཛིན་པའི་སློབ་གསོ་ལས་བྱུང་བ་རེད། ང་ཚོ་བོད་ལ་མཚོན་ན་དེ་མ་རེད།དེ་ལྟར་བྱས་ན་རང་གི་མི་རིགས་དང་མི་རིགས་ཀྱི་བསམ་བློའི་སྙིང་བོ་བོར་སོང་བ་རེད། དེས་ན་ང་ཚོ་བོད་མི་རིགས་ཀྱིས་སྐྱེད་སྲིང་བྱ་རྒྱུའི་བསམ་བློའི་ཆུ་ཚད་ནི་ག་འདྲ་ཞིག་ཡིན་དགོས་ཟེར་ན། བྱམས་སྙིང་རྗེ་སྙིང་བོ་ཡིན་པའི་རིག་གནས་འདི་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པའི་རྟེན་འབྲེལ་གྱི་ལྟ་བ་འདི་གཉིས་རྒྱུད་ལ་འཇོག་རྒྱུ་ནི་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་དང་བོད་མིའི་གཟུངས་གཞུག་འཇོག་སྟངས་ཡིན། དེ་མ་ཡིན་པར་སྤྱི་ཞིག་དང་གཞན་ཞིག་གི་རྗེས་སུ་བསྙེགས་ན་བོད་རང་གི་སློབ་གསོའི་ཁ་ཕྱོགས་འབོར་གྱིན་ཡོད།  ཤར་ནུབ་ཀྱི་རྒྱལ་ཁབ་མང་བོ་ཞིག་གི་སློབ་གསོའི་ཁ་ཕྱོགས་ནི་གཞན་ཕལ་བ་དང་རང་ཉིད་གཙོ་བོར་འཛིན་པའི་བདག་གཙོར་འཛིན་གྱི་ལྟ་བས་ཡང་སྙིང་བྱས་པའི་སློབ་གསོ་ཞིག་རེད།  བོད་མི་རིགས་ནི་བདག་གཙོ་བོར་འཛིན་མི་ཉན་ཟེར་མཁན་ཞིག་རེད།  དཔལ་ལྡན་ཟླ་བ་གྲགས་པས་ཀྱང་།
བདག་ཡོད་པས་ན་གཞན་དུ་ཤེས།།
བདག་གཞན་ཆ་ལས་འཛིན་དང་སྡང་།།
དེ་དག་དང་ནི་ཡོངས་འབྲེལ་བས།།
ཉེས་པ་ཐམས་ཅད་འབྱུང་བར་འགྱུར།།
ཞེས་གསུངས་པ་ལྟར་ང་ཚོ་བདག་གཅེས་འཛིན་ནི་ཉེས་པ་ཀུན་གྱི་སྒོ་ལྟ་བུར་སེམས་པའི་མི་རིགས་ཤིག་ཡིན་ཕྱིར་བདག་གཙོ་བོར་འཛིན་པའི་སློབ་གསོ་ལ་ཁོངས་གཏུགས་ན་རྒྱབ་འགལ་དུ་སོང་ཡོད་པ་རེད།  དེ་བཞིན་རྒྱ་མི་རིགས་ཀྱི་མཁས་པ་ཞིག་གི་གསུང་རྗེས་སུ་འབྲང་ནས་བོད་ཀྱི་སློབ་གསོ་གླེང་ན་ཁོ་ཚོ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་རིགས་རེད། དཔེར་ན་ཁོང་ཙིས (孔子)“人之初 ,性本善。 性相近 ,习相远。”ཞེས་བཤད་ཡོད་པ་རེད། དེའི་ནང་ན་མི་ཚེ་གཅིག་གི་སློབ་གསོ་མ་གཏོགས་བཤད་ཡོད་པ་མ་རེད། འོན་ཀྱང་ང་ཚོ་བོད་ལ་མཚོན་ན་དེ་འདྲ་མ་རེད། དེའི་ཁྱད་པར་ཤེས་དགོས་ནི་རེད།  སློབ་དཔོན་ཐོན་མི་ནི་ང་ཚོ་བོད་གངས་ཅན་གྱི་སློབ་དཔོན་ཐོག་མ་རེད། ཁོང་གིས། འཕྲལ་དུ་ཡོན་ཏན་ཐམས་ཅད་ཁོངས་སུ་ཆུད།།དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།། ཅེས་གསུངས་བས་ང་ཚོའི་སློབ་གསོ་ནི་མི་ཚེ་གཅིག་གི་སློབ་གསོ་ཙམ་མ་ཡིན་པར་མི་ཚེ་འཕྲེང་བརྒྱུད་ཀྱི་སློབ་གསོ་ཡིན་པ་གསལ་བོར་གདམས་ཡོད། དེའི་རྒྱུ་མཚན་གྱིས་ཚེ་འདི་ལ་སློབ་པ་ཙམ་ཡིན་པར་ཚེ་རྗེས་མ། ཚེ་རྗེས་མ་ཙམ་ཡང་མ་ཡིན་པར་ཚེ་སྔ་མར་བསླབས་པའི་བག་ཆགས་ལ་བརྟེན་ནས་ཚེ་འདིར་མ་གཅིག་གི་བྱང་ཁོག་བརྒྱུད་པའི་བུ་སྤུན་ཡིན་ཡང་དེ་གཉིས་ཀྱི་རིག་པ་མི་འདྲ་བ་དང་ཡོན་ཚད་མི་འདྲ་བ་སོགས་ཀྱི་ཁྱད་པར་ཤོར་ཡོང་བ་ཁས་ལེན་བཞིན་ཡོད་པ་རེད། 
 ཟུར་འཕྲོས།
    ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཁོར་ཡུག་གི་ཆ་ནས་ཀྱང་ང་ཚོར་གནོད་སྐྱོན་ཆེན་པོ་ཐེབ་བཞིན་ཡོད་པ་རེད། དེ་གང་རེད་ཟེར་ན། དཔེར་བཞག་ན་དེང་སྐབས་སྤྱི་ཚོགས་སྟེང་གི་མཁས་ཆེན་རྣམས་ཀྱི་སྐད་ཆ་བཤད་སྟངས། ཡང་ན་གླུ་བ་གླུ་མ་རྣམས་ཀྱི་གླུ་ཚིག་དང་དེའི་ཀུན་སྤྱོད་ལ་སོགས་ལ་པས་ཁོར་ཡུག་གི་བྱིས་པ་མང་བོ་ཞིག་ལ་ཐད་ཀར་ཤན་ཤུགས་ཐེབ་བཞིན་ཡོད་པ་རེད། དཔེར་ན་གླུ་བ་ལ་ལས་ད་ང་ཚོས་ཟོག་འཚོས་ནས་འདུག་རན་མ་རེད། ཕྱུགས་ཟོག་བསྐྱུར་ནས་ཤེས་བྱ་གཞན་པ་སྦྱང་དུ་འགྲོ་རན་ཐལ་ཞེས་གླུ་བླངས་ན། བྱིས་པ་ཚོས་དེར་ཉན་ནས་ཕྱུགས་འཚོས་ན་རྗེས་ལུས་རེད་སྙམ་པའི་འདུ་ཤེས་ཤིག་ངང་གིས་སྐྱེས་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཁ་ཕྱོགས་མེད་པའི་སྒོ་ནས་གང་ཡིན་བཤད་རྐྱང་ཞིག་དང་ལེན་རྐྱང་ཞིག་མིན་པ་ཤེས་དགོས།  ང་ཚོས་ཕྱུགས་འཚོས་པ་མ་འགྲིག་པ་མ་རེད། ཕྱུགས་འཚོ་སྟངས་མ་འགྲིག་པ་རེད། དེ་བས་ང་ཚོས་ཕྱུགས་འཚོ་སྟངས་ལ་བསྒྱུར་བཅོས་གཏོང་རྒྱུ་ལས། ཕྱུགས་འཚོ་སྐྱོང་གི་ལས་ཀ་བསྐྱུར་ན་ང་ཚོའི་ས་ཤོར་བ་རེད།  རྒྱུ་ཤོར་བ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་རྒུད་དུ་སོང་བ་རེད། ང་ཚོ་ལ་དེ་ལས་ལྷག་པའི་གྱོང་གུད་དང་ཉམས་ཉེས་ཤིག་ཡོད་པ་མ་རེད།  ད་མདོར་ན་གཙོ་བོ་དེ་ཅི་རེད་ཟེར་ན་ང་ཚོར་ཤེས་མཁན་ཡོད་ཁུ། བཤད་མཁན་ཡང་མང་གི  འོན་ཀྱང་བཤད་མཁན་མང་ཡང་སྒྲུབ་མཁན་ཉུང་བ་འདི་རེད། ང་ཚོས་གཞུང་ལུགས་གཅིག་པོ་ཤེས་པ་དང་དེ་བཤད་པས་མི་ཆོག་པར་གཙོ་བོ་ལག་ལེན་ལ་འདེབས་རྒྱུ་དེ་གལ་ཆེན་རེད།  ང་ཚོའི་ད་ལྟའི་གནས་བབ་ཡིན་པ་ནི་འདི་འདྲ་ཞིག་རེད། ཁྲིམས་ལུགས་ཀྱང་འདི་འདྲ་ཞིག་རེད། ཅེས་བཤད་ནས་མི་འདུག་པར་དེ་དང་མཐུན་པའི་ཐབས་ལམ་བཙལ་ནས་མདུན་དུ་མ་བསྐྱོད་ན་ང་ཚོ་ནམ་ཡང་སྔོན་དུ་འགྲོ་རྒྱུའི་གོ་སྐབས་མི་འདུག་བསམ།   མཐར་ཚང་མར་བཀྲ་ཤིས་བདེ་ལེགས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་བྱིས་པའི་སློབ་གསོ་གླེང་བ།   སྤེལ་མཁན།: རྒྱང་མིག་གསོན་པོ། སྤེལ་དུས:2018/1/6
དེང་གི་དུས་འདིར་བོད་ཀྱི་སློབ་གསོའི་ཐབས་ལམ་བརྒྱ་བཤད་དེ་ལག་ལེན་གཅིག་ཀྱང་མ་ཐུབ་པ་ཧ་ཅང་མང་མོད། བོད་ཀྱི་སློབ་གསོའི་ཐབས་ལམ་གཅིག་བཤད་དེ་ལག་ལེན་བརྒྱ་བསྟར་པའི་རྣམ་དཔྱོད་ཅན་གྱི་སྐྱེས་བུ་ཁྱེད་འདྲ་ཤིན་ཏུ་དཀོན། བཀའ་དྲིན་ཅན་ལགས་དངོས་ནས་ཐུགས་རྗེ་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23527687
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།