2017ལོའི་རང་སློབ་གྲྭའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་གྱི་ཨང་དང་བོ་ཐོབ་པའི་རྩོམ་ཡིག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »2017ལོའི་རང་སློབ་གྲྭའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུ
2017ལོའི་རང་སློབ་གྲྭའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་གྱི་ཨང་དང་བོ་ཐོབ་པའི་རྩོམ་ཡིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-12-23ལྟ་ཀློག (4671)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཕུགས་བསམ།

རྩོམ་ཡིག་འདི་ནི་སྤྱི་ལོ་2017ལོའི་རང་སློབ་གྲྭའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་གྱི་ཨང་དང་བོ་ཐོབ་པའི་རྩོམ་ཡིག་ཡིན།

       ང་རང་ཐོག་དང་བོར་ཕ་ཡུལ་དང་ཁ་གྱེས་ཏེ་སློབ་གྲྭར་འགྲོ་སྐབས་ཨ་མྱེ་ལགས་ཀྱིས་"མི་ཞིག་ཡིན་ན་ངེས་པར་ཕུགས་རྒྱང་རིང་བོ་ཅན་ཞིག་ཡིན་དགོས་ལ།  དེ་ལྟར་བྱས་ན་ད་གཟོད་སེམས་ཅན་གྱི་དོན་སྒྲུབ་པའི་རླབས་ཆེན་གྱི་མི་ཞིག་ཏུ་འགྱུར་ངེས་"ཞེས་ཡང་ཡང་གསུངས་པས་ངའང་སྐད་ཅིག་དེ་ཉིད་ལ་རླབས་ཆེན་གྱི་མི་ཞིག་བྱེད་བསམ་པའི་འདུན་པ་འགོག་མེད་ཅིག་སྐྱེས་མྱོང་།    ཡིན་ནའང་ངས་སྐབས་དེར་ཕུགས་རྒྱང་རིང་བོ་ཞེས་པ་ནི་ཇི་ལྟ་བུ་ཞིག་དང་རླབས་ཆེན་གྱི་མི་ནི་སུ་ལྟ་བུ་ཞིག་ཡིན་པ་གཏན་ནས་ཤེས་ཐབས་མ་བྱུང་བས་ཨ་མྱེ་ལགས་ལ་རླབས་ཆེན་གྱི་མི་ནི་སུ་ལྟ་བུ་ཞིག་ཡིན་པ་རེད་ཅེས་དྲིས་པ་ཡིན།  ཁོང་གིས་ཞིབ་འདང་ཞིག་བརྒྱབས་མཐར་"ང་ཚོའི་སྡེ་དཔོན་ཨ་ཁུ་ཉི་མ་ལྟ་བུ་རེད།  ཁོང་གིས་ང་ཚོའི་སྡེ་བ་འདི་ཁོ་ནའི་ཆེད་དུ་བྱ་བ་མང་བོ་སྒྲུབ་བཞིན་ཡོད་པས།   ཁོང་ལྟ་བུ་ལ་རླབས་ཆེན་གྱི་མི་སྣ་ཟེར་"ཞེས་བཤད།  དེ་ནས་ངས་ཨ་མྱེ་ལགས་ལ་"ངས་ཀྱང་སློབ་གྲྭ་ནས་སློབ་སྦྱོང་ལ་ཤུ་རེ་བྱས་ཏེ་མ་འོངས་པར་སྡེ་བ་འདིའི་དོན་སྒྲུབ་པའི་སྡེ་དཔོན་བཟང་བོ་ཞིག་བྱེད་རྒྱུ་ཡིན་"ཞེས་བཤད་པ་ཡིན་ལ།  དེ་ནི་ཕལ་ཆེར་ངའི་མི་ཚེའི་ཁྲོད་ཀྱི་ཆེས་ཐོག་མའི་ཕུགས་བསམ་ཡིན་པ་འདྲ།
       རང་ལོ་བདུན་ལོན་པའི་དབྱར་གཞུང་དེར་ཕུགས་བསམ་དེ་ལྟ་བུ་ཞིག་སེམས་ལ་བཅངས་ཏེ་སློབ་ཆུང་གི་སྒོ་ཐེམ་སྙེག་པ་ཡིན་ལ། སློབ་གྲྭ་རུ་རང་དང་ལོ་ན་མཉམ་པའི་བྱིས་པ་མང་བོ་ཡོད་པར་མ་ཟད། ངས་ཁོ་ཚོ་དང་ལྷན་དུ་ཀ་ཁའི་དབྱངས་རྟ་ངག་ལ་གྱེར་ཞིང་རྩེད་མོ་སྣ་ཚོགས་ལ་རོལ་ཏེ་མི་ལོ་ཧྲིལ་བོ་གཅིག་ཙམ་ཇི་ལྟར་འདས་པའང་མ་ཤེས་ལ།  བར་སྐབས་དེ་དག་གི་རིང་ལ་ཕལ་ཆེར་རང་གི་ཐོག་མའི་ཕུགས་བསམ་སྟེ་རླབས་ཆེན་གྱི་སྡེ་དཔོན་ཞིག་བྱེད་རྒྱུ་དེའང་ཡིད་ནས་གཏན་བརྗེད་དུ་གྱུར་སོང་བ་འདྲ།

      ལོ་རིམ་གཉིས་པར་བུད་མ་ཐག་པའི་སྐབས་ཤིག་ལ་འཛིན་བདག་དགེ་རྒན་ལགས་ཀྱིས་མགོ་ལ་དགུན་ཞྭ་མཐུག་པོ་ལྟ་བུ་ཞིག་གོན་པའི་མི་ཞིག་གི་འདྲ་པར་མང་བོ་ཁྱེར་ཡོང་སྟེ་སློབ་ཁང་གི་གང་སར་སྦྱར་བ་དང་ཁོང་གིས་བཤད་རྒྱུར་མི་འདི་ནི་རླབས་ཆེན་གྱི་མི་སྣ་གྲགས་ཅན་ཞིག་སྟེ་ཁོང་གི་མཚན་ལ་ལེ་ཧྥུན་ཟེར་བ་དང་ཁོང་གིས་བྱ་བཟང་སྤྱོད་བཟང་མང་བོ་སྒྲུབ་སྟེ་མི་དམངས་ལ་ཞབས་ཞུ་བསྒྲུབས་ཤིང་ཀུན་གྱིས་མིག་དཔེར་བལྟ་ས་ཞིག་ཡིན་པས་ང་ཚོས་ཀྱང་ཁོང་ལ་སློབ་སྦྱོང་བྱས་ཏེ་མ་འོངས་པར་མི་དམངས་ཀྱི་དོན་སྒྲུབ་པའི་རླབས་ཆེན་གྱི་མི་ཞིག་ཏུ་འགྱུར་དགོས་ཚུལ་དང་ཁོང་ལ་རྗེས་དྲན་ཞུ་དགོས་ཚུལ་སོགས་མང་བོ་ཞིག་གསུངས་བྱུང་བས།   ངའི་སེམས་ལ་གློ་བུར་དུ་སྔོན་ཆད་ཨ་མྱེ་ལགས་ཀྱིས་བཤད་པའི་སྐད་ཆ་དེ་དག་དྲན་བྱུང་ལ་དེ་མ་ཐག་ལག་པ་ཡར་བཀྱག་སྟེ་དགེ་རྒན་ལ་"ལེ་ཧྥུན་ནི་སྡེ་དཔོན་ཞིག་ཡིན་ནམ་"ཞེས་འདྲི་དགོས་བྱུང་།  རྒྱུ་མཚན་སྔོན་ཆད་ཨ་མྱེ་ལགས་ཀྱིས་རླབས་ཆེན་གྱི་མི་ནི་སྡེ་དཔོན་ཉི་མ་ལྟ་བུ་ཡིན་པ་རེད་ཅེས་བཤད་པས་ངའི་སེམས་སུ་ལེ་ཧྥུན་ཞེས་པའི་མི་དེ་ཡང་ཕལ་ཆེར་ཨ་ཁུ་ཉི་མ་ལྟ་བུའི་སྡེ་དཔོན་ཞིག་ཡིན་རྒྱུ་རེད་སྙམ།

      ཡིན་ནའང་དགེ་རྒན་དགོད་ཙམ་བྱས་རྗེས་"ཁོང་ནི་སྡེ་དཔོན་ཞིག་ག་ལ་ཡིན།  རླབས་ཆེ་བའི་དམག་མི་ཞིག་རེད"ཅེས་བཤད། ཉིན་དེ་ནས་བཟུང་ངའི་སེམས་ཁོང་གི་རླབས་ཆེན་གྱི་མི་དེ་ནི་གློ་བུར་དུ་དམག་མི་ཞིག་ཏུ་གྱུར་སོང་།  དེ་ནི་མི་དམངས་མང་ཚོགས་ཀྱི་ཆེད་དུ་རང་གི་གཅེས་པའི་ཚེ་སྲོག་ཀྱང་ཕངས་མེད་དུ་གཏོང་ཕོད་པའི་དཔའ་ངར་ཅན་གྱི་དམག་མི་ཞིག་གམ། ཡང་ན་དགུན་འཁྱག་ཁ་བའི་ཀློང་ལྟ་བུ་ཞིག་ནས་གཞན་དོན་དུ་རང་གི་ཁེ་ཕན་མཐའ་དག་གཏིང་བརྗེད་དུ་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་མཐའ་དག་ལ་བརྟན་བརླིང་དང་ཡིད་ཆེས་ཀྱི་སྒོ་ནས་འབད་ཀྱིན་པའི་གཟི་བརྗིད་ལྡན་པའི་དམག་མི་ཞིག་ཡིན་པ་དང་ཡང་འདྲ།

       གང་ལྟར་ངས་སྐབས་ལན་རེར་དམག་མི་དེ་གང་ཞིག་ནས་མཐོང་མྱོང་བ་དང་འདྲ་ལ། ཡང་སྐབས་ལན་རེར་དེ་ནི་ཨ་མ་ལགས་ཀྱིས"ང་རང་བསོད་ནམས་དམན་པའི་དབང་གིས་ཨ་ལགས་ཚང་ལ་མཇལ་མ་ཐུབ་པ་རེད"ཅེས་བརྗོད་པ་ནང་བཞིན། རང་གིས་ཀྱང་སྐྱེ་བ་འདིར་རླབས་ཆེན་གྱི་དམག་མི་དེའི་མཚན་ནས་བརྗོད་དེ་རྗེས་དྲན་རེ་བྱེད་པ་ལས་ཁོང་ཉིད་དངོས་སུ་མིག་གིས་མཐོང་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད་སྙམ།

       ཇི་ལྟར་ཀྱང་སྐབས་དེ་ནས་བཟུང་ངས་ཨ་མྱེ་ལགས་ཀྱིས་གསུང་བའི་རླབས་ཆེན་གྱི་མི་ཞེས་པ་དེ་ཡིད་ལ་དྲན་བྱུང་ལ། རང་ཉིད་ཀྱང་མ་འོངས་པར་སྡེ་དཔོན་ཉི་མ་དང་སྤྱོད་བཟང་ལེ་ཧྥུན་ལྟ་བུའི་རླབས་ཆེན་གྱི་མི་ཞིག་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཀྱང་ཡིད་ཀྱི་གཏིང་ཞིག་ནས་ཤུགས་དྲག་གིས་འཕྱུར་ཏེ་དགུང་དུ་གཡོ་སྙམ་བྱེད།

      འོན་ཀྱང་སྡེ་དཔོན་ཉི་མ་དང་སྤྱོད་བཟང་ལེ་ཧྥུན་ལྟ་བུའི་རླབས་ཆེན་གྱི་མི་དག་ནི་མི་རང་ག་བ་ཞིག་མ་ཡིན་ལ། དེ་ལྟ་བུའི་རླབས་ཆེན་གྱི་མི་ཞིག་བྱེད་རྒྱུ་ཡང་སྤྱིར་བཏང་བའི་ལས་ཀ་ཞིག་དང་བསམ་བློ་གཏོང་ཕྱོགས་ཙམ་གྱིས་རྗེས་ཆོད་པ་ཞིག་ཀྱང་ག་ལ་ཡིན། རླབས་ཆེན་གྱི་མི་ཞིག་བྱེད་དགོས་ན་རང་གི་འགྲོ་འདུག་སྤྱོད་གསུམ་སོགས་བག་མེད་དུ་བཏང་སྟེ་ལེ་ལོ་དང་རྣམ་གཡེང་ཁོ་ནའི་ཁྲོད་དུ་དུས་འདའ་བར་བྱེད་པ་ཙམ་གྱིས་མི་ཆོག་པར་ཅི་ནས་ཀྱང་ཕུགས་རྒྱང་རིང་བོ་ཞིག་དགོས་ཏེ། དེ་ནི་དཔེ་ཞིག་བཞག་ནས་བཤད་ན་ཆུ་འཐུང་བར་འདོད་པའི་མི་དེས་ཐོག་མར་ཆུ་ལེན་དགོས་པ་ལྟ་བུའི་རྒྱུ་འབྲས་རྟེན་འབྱུང་གི་འབྲེལ་བ་བསླུ་བ་མེད་པ་ཞིག་ཀྱང་རེད།  དེ་བས་ང་རང་འཇིག་རྟེན་འདིའི་སྟེང་གི་རླབས་ཆེན་གྱི་མི་ཞིག་གམ།

       ཡང་ན་རང་གི་ཆེས་ཐོག་མའི་ཕུགས་བསམ་སྟེ་རླབས་ཆེན་གྱི་མི་ཞིག་བྱེད་པའི་ཆེད་དུ་མཚན་སྙན་བོད་ཡུལ་ཡོངས་ལ་ཁྱབ་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འོང་བ་ཡིན། སློབ་གླིང་དེ་ནི་ངས་ཐོག་མར་གཞན་གྱི་ཁ་ནས་ངོ་ཤེས་པ་ཡིན་ལ། གོ་ཐོས་སུ་ས་དེ་གའི་སློབ་ཁྲིད་བྱེད་ཕྱོགས་དང་དགེ་རྒན་གྱི་ལྷག་བསམ། ཡང་ན་བསླབ་དེབ་ལ་སོགས་པ་ནི་གཞན་ལས་ཁྱད་པར་དུ་འཕགས་པས་དེ་ནི་ཆེད་དུ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རླབས་ཆེན་གྱི་མི་དག་གསོ་སྐྱོང་བྱེད་ས་ལྟ་བུ་ཞིག་ཡིན་པར་གོ་བས་ང་ལ་རྒྱུ་མཚན་མེད་པར་དེར་དུང་བ་ཞིག་ཀྱང་ངང་གིས་སྐྱེས་བྱུང་།

       དེ་ལྟ་བུའི་རྒྱུས་མེད་དུ་ཆགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ང་ལ་མཚོན་ན་ཆེས་ཐོག་མར་རྒྱུས་མེད་དུ་ཆགས་པའི་རླབས་ཆེན་གྱི་སྡེ་དཔོན་ཉི་མ་ལྟ་བུ་ཞིག་སྟེ། དེར་འགྲོ་འདོད་དང་སློབ་གླིང་དེ་ནས་སློབ་གཉེར་བྱས་ཏེ་རླབས་ཆེན་གྱི་མི་ཞིག་ཆགས་རྒྱུ་ནི་རང་གི་ཆེས་ཆེ་བའི་ཕུགས་བསམ་ཉག་གཅིག་ཡིན་པར་སྣང་།

      སླར་ཡང་དེ་ལྟ་བུའི་ཕུགས་བསམ་ཞིག་གིས་རྐྱེན་བྱས་ཏེ་སློབ་གླིང་དེ་ནས་ལོ་ཟླ་མང་བོ་ཞིག་ཇི་ལྟར་འདས་པའང་མ་ཤེས་པར་ད་ནི་ལམ་ལ་ཆས་རན་པའི་དུས་སུ་སླེབས་ཟིན།དེ་ནི་རླབས་ཆེན་གྱི་མི་ཞིག་བྱེད་པའི་སྒོ་ཐེམ་དང་བོ་དེ་བརྒལ་བ་ཡིན་པར་འདོད་ལ། ཡང་ན་རིང་ལ་ཀྱག་ཀྱོག་ཆེ་བའི་རང་ཉིད་ཀྱི་ཕུགས་འདུན་ཆེན་པོ་འདིའི་དཀྱོགས་མཚམས་ཆེ་ཞིག་བརྒལ་བ་ཡིན་པར་ཡང་འདོད།

       འོན་ཀྱང་ངའི་ཕུགས་བསམ་ནི་སྔར་བཞིན་རླབས་ཆེན་གྱི་མི་ཞིག་བྱེད་རྒྱུ་དེ་ཡིན་ཡང་།ད་དུང་རླབས་ཆེན་གྱི་མི་ཞིག་ཏུ་འགྱུར་བར་བར་ཐག་ཧ་ཅང་རིང་བོ་ཡོད་ལ།  གཅིག་བྱས་ན་ང་རང་ད་ནས་བཟུང་གཏན་དུ་རླབས་ཆེན་གྱི་མི་ཞིག་བྱེད་མི་ཐུབ་པར་ཡང་སྲིད་དེ། དེ་ནི་ད་སྐབས་ངས་རླབས་ཆེན་གྱི་མི་རུ་བཀུར་བ་ནི་ཨ་མྱེ་ལགས་ཀྱིས་བཤད་པའི་སྡེ་དཔོན་ཉི་མ་ལྟ་བུ་ཞིག་ཡིན་མ་སོང་ལ། དགེ་རྒན་གྱིས་བཤད་པའི་སྤྱོད་བཟང་ལེ་ཧྥུན་ལྟ་བུ་ཞིག་ཀྱང་གཏན་ནས་མ་ཡིན་པར་མཚན་གྱི་གྲགས་པ་བོད་ཡུལ་གྱི་ཕྱོགས་ཀུན་ཏུ་ཁྱབ་པའི་སློབ་དཔོན་འཇིགས་མེད་རྒྱལ་མཚན་ལགས་ཡིན་སོང་།

       རང་གི་ངོས་ནས་ཁོང་གཅིག་བུ་ནི་མི་ཚེ་འདིར་རླབས་ཆེན་གྱི་མི་རུ་བཀུར་འོས་པ་སྟེ། མ་མཐའ་ཡང་དམངས་སྒོར་སྟོང་གསུམ་གྱི་མ་རྩ་བྱས་ཏེ་རླབས་ཆེན་གྱི་སློབ་གླིང་ཞིག་བསྐྲུན་པའི་མཛད་པ་འདི་ཁོ་ནས་ཀྱང་ང་རང་སེམས་གཏིང་ནས་ཡིད་སྨོན་དང་དད་པ་དབང་མེད་དུ་སྐྱེས་དགོས་བྱུང་།

      སྔོན་ཆད་ཨ་མྱེ་ལགས་དང་དགེ་རྒན་གྱིས་བཤད་པའི་རླབས་ཆེན་གྱི་མི་དེ་གཉིས་ནི་ང་ལ་མཚོན་ན་ཧ་ཅང་ཐག་རིང་ཞིག་སྟེ།  ངས་ཁོང་གཉིས་རླབས་ཆེན་གྱི་མི་ཞིག་ཡིན་པ་གོ་མྱོང་བ་ཙམ་ལས་རང་ལ་ཆ་རྒྱུས་ཅི་ཡང་མེད་མོད།   འོན་ཀྱང་དགེ་རྒན་འཇིགས་མེད་ཚང་ལགས་ཀྱི་རླབས་ཆེན་གྱི་མཛད་པ་ཁ་ཤས་ནི་ང་རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་བྱུང་བ་ཞིག་ཡིན་པས་ཁོང་ལ་ཕྱོགས་པའི་དད་སེམས་ནི་བཅོས་མ་མ་ཡིན་པ་ཞིག་ཡིན་ལ།   དེ་བས་ལོ་འདི་ཚོར་ངས་རང་ཉིད་ཀྱི་ཕུགས་བསམ་ལ་འགྱུར་བ་གང་ཡང་འབྱུང་དུ་བཅུག་མ་མྱོང་།

       ཞིབ་ཏུ་འདང་རེ་བརྒྱབ་ན་ད་ལྟའི་ངའི་ཕུགས་བསམ་ནི་མངོན་འགྱུར་འབྱུང་དཀའ་ཡང་ཤིན་ཏུ་རླབས་ཆེ་བའི་ཕུགས་བསམ་ཞིག་ཡིན་པར་འདོད་དེ།  དེ་ནི་ཆུང་ངུའི་དུས་སུ་ཨ་ཕས་བཤད་པའི་"མི་ཚེ་འདིར་མི་དགའ་ཞིག་ལ་མིག་དཔེ་བལྟས་ནས་སོང་ན་རང་ཉིད་ལ་ལམ་ལོག་ཐེབས་ནི་མ་རེད་"ཅེས་པ་བཞིན་ཡིན་ལ།  ང་རང་དགེ་རྒན་འཇིགས་མེད་ཚང་ལྟ་བུའི་རླབས་ཆེན་གྱི་མི་ཞིག་བྱེད་པའི་ཕུགས་བསམ་སྐྱེས་པ་ནས་བཟུང་།  ཅིས་ཀྱང་ལམ་ལོག་ཏུ་འགྲོ་མི་སྲིད་ཨང་།   

༢༠༡༧-༡༡-༢༨ཉིན་གྲུབ།


ཧྲོང་བོ་རྟ་མགྲིན་སྐྱབས་ཀྱིས་རྩོམ་ཡིག་དང་ངོ་སྤྲོད་འདོན་སྤྲོད་བྱས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  2017ལོའི་རང་སློབ་གྲྭའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་གྱི་ཨང་དང་བོ་ཐོབ་པའི་རྩོམ་ཡིག   སྤེལ་མཁན།:  སྤེལ་དུས:2017/12/2
རྩོམ་ཡིག་འདི་ནི་སྤྱི་ལོ་2017ལོའི་རང་སློབ་གྲྭའི་སྐབས་དགུ་བའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་གྱི་ཨང་དང་བོ་ཐོབ་པའི་རྩོམ་ཡིག་ཡིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5782080
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号