བླ་མ་གཡུལ་ལས་བསྐྱབས་པའི་སློབ་མ་ཞིག
རྩོམ་པ་པོ། འཇམ་དཔལ་རལ་གྲི།
དེ་ཡང་ཤེས་རིག་ནང་འདྲེན་གྱི་ཕྱག་ལས་གནང་བའི་སྐྱེས་ཆེན་ཚོའི་སྙིང་སྟོབས་དང་མཛད་འཕྲིན་གྱི་འོད་དཀར་ཀློང་ནས་རང་ཅག་ཁ་བའི་ལྗོངས་སུ་ཆོས་དང་རིག་གནས་ཀྱི་སྐྱ་རེངས་གསར་བའི་གོམ་སྒྲ་བསུས། གོམ་འགྲོས་དེ་དང་བསྟུན་དུས་རབས་བཅུ་གསུམ་པའི་སྟོད་ཀྱི་ཆར། དགུང་ལོ་སུམ་ཅུ་རྩ་གྲངས་ལ་སོན་པའི་བོད་ཀྱི་འགྲུལ་བཞུད་པ་ཞིག་རི་བོ་ཧི་མ་ལ་ཡ་དང་ཆུ་བོ་གང་གཱ་བརྒལ་ནས་རྒྱ་གར་དུ་འབྱོར། དེ་ནི་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་ཞལ་ནས་“ལོ་ཙཱ་བ་རིན་ཆེན་བཟང་བོའི་རྟིང་ལ་ཁྱོད་བས་མཁས་པ་མ་བྱུང་ངེས་པ་ཡིན”ཞེས་ཐུགས་མཉེས་པའི་མཚན་གྱི་ཅོད་པན་གནང་མྱོང་བའི་ངེས་པ་དོན་གྱི་ལོ་ཙཱ་བ་ཆེན་པོ་ཆག་ཆོས་རྗེ་དཔལ(1197 - 1264)ཞུས་པ་གང་ཉིད་ཡིན། ཁོང་ནི་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ཆག་ལོ་དགྲ་བཅོམ་གྱི་ཚ་བུ་ཡིན་ཞིང་ཡབ་དར་མ་འབྱུང་གནས་དང་ཡུམ་ཆོས་འབུམ་ཞེས་པ་གཉིས་ཀྱི་སྲས་སུ་དེང་གི་དབུས་ལྷོ་ཁ་ལྷུན་རྩེ་རྫོང་གི་ཆར་གཏོགས་གཉལ་ལྟེའུ་རའི་བྱང་ཕྱོགས་སུ་མཆིས་པའི་ཆག་གྲོང་ནས་སྐུ་འཁྲུངས་པར་བཤད། ཁོང་སྐུ་ན་ཕྲ་དུས་ནས་ཤེས་རིག་སྤྱི་དང་བྱེ་བྲག་ལ་སློབ་གཉེར་གྱི་ཐུགས་འདུན་ཟབ་མོ་ཡོད་ཁར། རང་གི་ཁུ་བོ་ཆག་ལོ་དགྲ་བཅོམ་གྱི་རྣམ་དཔྱོད་དང་། ཁོང་གི་སཾསྐྲྀཊའི་ཀློག་རྩལ་དང་། ཤེས་ཡོན་གྱི་མཁྱེན་རྒྱ་སོགས་ཀྱིས་སྐུལ་ལྕག་ངང་གིས་ཐེབས་ཡོད་སྲིད་ལ་རྒྱ་གར་ལ་གོམ་ཁ་བསྒྱུར་བའི་འདུན་པ་དང་ལོ་ཙཱ་བ་ལེགས་པོ་ཞིག་བྱེད་འདོད་ཀྱི་ཐུགས་རེའང་ཁོང་དང་འབྲེལ་བ་ཏན་ཏན་ཡོད་ངེས། དེས་བས་བོད་ཀྱི་ཤེས་རིག་གི་གཟི་དཔལ་ཁྲོད་བླ་ན་མེད་པའི་སྐྱེས་བཟང་ཞིག་ནང་འདྲེན་གྱི་སླད་དུ་བལ་ཡུལ་བརྒྱུད་རྒྱ་གར་དབུས་སུ་ཕེབས་ཏེ། འཛམ་གླིང་གི་གཙུག་ལག་སློབ་གཉེར་ཁང་ཨང་དང་བོ་དཔལ་ན་ལེནྡྲ་རུ་ཕེབས་ནས་ཐོས་བསམ་སློབ་གཉེར་དང་ཡིག་རྒྱུར་སོགས་ལ་སྦྱང་བ་མཐིལ་ཕྱིན་པ་གནང་སྟེ་བོད་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་བསུབ་ཏུ་མེད་པའི་མཛད་རྗེས་ཀྱི་རྡོ་རིང་བརྐོས།

ཆག་ལོ་ཙཱ་བ་རྒྱ་གར་དུ་ཕེབས་པའི་ལམ་ཐིག
ལོ་ཙཱ་བ་ཁོང་རྒྱ་གར་ལ་ཕེབས་སྐབས་ཆེས་ཕྱིར་བཏང་ཞིག་གཏན་ནས་མིན་པར་ཏུ་རུཥ་ཀའམ་གར་ལོག་གི་དམག་གིས་ཟིང་འཁྲུག་ཆེན་པོ་བསླངས་ནས། ཆེས་འཇིགས་སུ་རུང་བ་ཞིག་དང་གཅེས་པའི་ཚེ་སྲོག་ལའང་ཉེན་ཁ་འཕྲད་པའི་སྐབས་ཐོག་ཅིག་ལ་ཁེལ་ཡོད། ཡིན་ནའང་དེ་འདྲའི་བདེ་འཇགས་མིན་པའི་གནས་ཚུལ་དེ་ལོ་ཙཱ་བ་ཁོང་གིས་དགོངས་བཞིན་དུ་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་གི་སླད་དུ་ལྡོག་མེད་ཀྱི་དམ་བཅའ་བསྙེལ་བ་མེད་པར་འཕགས་ཡུལ་དུ་གོམ་ཁ་བསྒྱུར། དེ་ཡང་ཡུལ་ཡངས་པ་ཅན་དང་རྡོ་རྗེ་གདན་ལ་སོགས་པའི་ནང་པའི་གནས་ཆེ་ཁག་ལ་འབྱོར་དུས་དེ་གའི་མི་ཐམས་ཅད་གར་ལོག་དམག་གི་སྡེ་གཟར་ལ་འཇིགས་ནས་དངངས་སྐྲག་དང་བྲེལ་འཚུབ་ཀྱི་ཀློང་ནས་བྲོས་བྱོལ་གནང་བཞིན་འདུག་སྟེ། ཁོང་གི་རྣམ་ཐར་ལས། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེར་པོར་བྱོན་པ་ན་དེའི་མི་ཀུན་ཤིན་ཏུ་བྲེལ་བར་འདུག་སྟེ་གར་ལོག་གི་དམག་འུར་ཆེ་བས་དངངས་ཤིང་སྐྲག་པར་བརྡ་སྐད། ཅེས་དང་། གཞན་རྡོ་རྗེ་གདན་དུ་བྱོན་དུས་མི་གཅིག་ཀྱང་མི་འདུག་པ་ལ། གྲོགས་བཙུན་པ་བཞི་ཡོད་པའི་རྒྱུས་ཅན་གཅིག་ན་རེ། མ་ལེགས། གར་ལོག་གིས་ཉེན་པས་བྲོས་པ་ཡིན་ཟེར། ཞེས་སོགས་རྣམ་ཐར་ལས་གསར་བར་བལྟས་ན་སྐབས་དེར་རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་དང་ལྷག་དོན་ནང་བསྟན་ལ་གཏོར་བརླག་ཚབ་ཆེན་ཐེབས་དང་ཐེབས་བཞིན་པའི་གཇིགས་ཉེན་གྱི་དུས་སྐབས་ཤིག་ལ་ཁེལ་ཡོད་པ་ཤིན་ཏུ་གསལ། དེ་ཡང་སྐྱེས་བུ་དམ་པ་རྣམ་གྱིས“གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།།”ཞེས་པ་ལྟར་ཁོང་ཉིད་དམ་བཅའ་ལས་ཕྱིར་མི་ལྡོག་པར་མ་ཟད་གཉན་འཕྲང་གི་དུས་སུ་ལྷག་དོན་ཞུམ་པ་མེད་པའི་སྙིང་སྟོབས་ཆེར་བསྐྱེད་ཀྱིས། གནས་ཆེན་ཁག་གི་ཕྱི་ནང་གི་རྟེན་བརྟེན་པར་དད་དམ་གཙང་མའི་སྒོ་ནས་ཞིབ་མཇལ་གནང་བཞིན་དཔལ་ན་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ཆོས་གྲྭར་ཞུགས།

ཆེས་མཐོའི་སློབ་གླིང་དེ་ནས་ཉམས་རྟོགས་ཀྱི་རིམ་པ་ཆེས་མཐོ་བའི་བཤེས་གཉེན་གང་མང་ཞིག་བསྟེན་ནས་གཞུང་དང་མན་ངག་གི་གདམ་པ་ཆུ་གཏེར་ལྟ་བུ་རང་རྒྱུད་ལ་མནོས་པའི་བརྩོན་པ་བསྐྱེད། དེ་ལས་ཀྱང་དམིགས་བསལ་དུ་མཁས་ཤིང་གྲུབ་པའི་དགེ་སློང་དགུང་ལོ་དགུ་བཅུ་ལྷག་བཞེས་པའི་བླ་མ་པཎྚིཏ་ཆེན་པོ་རཱ་ཧུ་ལ་ཤྲཱི་བྷ་དྲ་སྟེ་དཔལ་སྒྲ་གཅན་འཛིན་བཟང་བོ་གང་ཉིད་ཞབས་རྡུལ་སྤྱི་བོར་བླངས་ཏེ་སྡེ་སྣོད་གསུམ་ལ་རྫོགས་པར་སྦྱང་། དེའང་ལོ་ཙཱ་བ་ཁོང་ནི་གཅེས་པའི་སྲོག་ཉེན་ལ་ཐུག་ཀྱང་བླ་མ་དང་མི་བྲལ་བར་བླ་མའི་རྗེས་སུ་འབྲང་སྟེ་བླ་སློབ་ཀྱི་བར་ལ་དད་ཚིག་དང་བརྩེ་བ་འོ་ཆུ་བཞིན་གཅིག་འདྲིས་སུ་གྱུར་བའི་སློབ་མ་ཞིག་ཡིན། དུས་དེར་དཔལ་ན་ལེནྡྲརུ་རང་གི་བཤེས་གཉེན་གྱི་དྲུང་ནས་ཞི་འཇམ་བག་ལྷོད་ཀྱི་ངང་ཐོས་བསམ་སློབ་གཉེར་ཁོ་ནར་བརྩོན་ཆོག་པ་གཏན་ནས་མ་ཡིན་ཏེ། གར་ལོག་དམག་གི་བཙན་འཛུལ་གྱི་མེ་ལྕེ་དགོང་དུ་མཆེད་དེ་དཔལ་ན་ལེནྡྲའང་ཉེན་ཁའི་སོ་ཁ་ན་གནས་ཡོད། ཁོང་གི་བླ་མ་རཱ་ཧུ་ལ་ཤྲཱི་བྷ་དྲའི་ཡོན་བདག་ཛ་ཡ་དེ་ཝ་གཟའ་མི་གཉིས་ཀྱང་གར་ལོག་མདག་གིས་དབང་མེད་དུ་ཁྲིད་ནས་ཞག་མ་འགར་ཕྱིར་ལོག་མེད་པའི་གནས་ཚུལ་སོགས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་འདུག དེ་ནས་འགྲུལ་བ་ཞིག་གིས་འཕྲིན་པ་ཞིག་བཏང་སོང་ལ་དེ་ནི་ཆེས་མི་སྙན་པའི་བྱ་ཁ་ཏའི་སྐད་ངན་ཞིག་ལས་མ་འདས་ཏེ། “ད་བླ་མ་དཔོན་སློབ་རྣམས་ཀྱང་བཀྲོང་ངེས་པར་འདུག་པས་བྲོས་ཤིག”ཅེས་གཏམ་ངན་དེ་ཐོས་འཕྲལ། དེར་ཡོད་སློབ་མ་ཚོས“བླ་མ་ལ་འོ་སྐོལ་རྣམས་གཤེགས་པར་ཞུས་པས་”བླ་མ་ཁོང་ཉིད་ལོ་ན་བགྲེས་པས་འབྲོ་འདོད་ཀྱི་རེ་ཐག་ཆད་དེ་སེམས་ཐག་གཙང་བཅད་ཀྱིས་སློབ་མ་ཚོར“ཁྱེད་རྣམས་བྲོས་ཤིག ང(ལོ་ན)དགུ་བཅུ་ལྷག་སོང་བས་ཐར་ཡང་མི་ཐར། འབྲོས་ཀྱང་མི་འབྲོས”ཞུས་པས“སློབ་མ་གཞན་ཐམས་ཅད་བྲོས། ཆོས་རྗེ་ལོ་ཙཱ་བ་གཅིག་པུ་བླ་མ་ལ་ཆགས་ནས་བཞུད་མ་ཕོད”པར་གཡུལ་ས་ནས་མགོ་འཕང་མཐོན་པོར་བཏེགས་ཏེ་འཆི་ལམ་དུ་བརྫང་ཡང་མི་འགྲོ་བའི་ཆོད་སེམས་སྙིང་ལ་བཅངས། དེ་དུས་བླ་མའི་ཞལ་ནས་གསུང་རྒྱུར། “ཁྱོད་བོད་ཀྱི་མི་གཅིག་ང་ལ་ཆགས་ནས་སྡོད་པ་གླེན། ཡུལ་མི་སློབ་མ་རྣམས་ཀྱང་འབྲོས་པ་ལ་ཁྱེད་མི་འབྲོས་པ་གསོད་ཡོང་གསུངས་ནས་བཀའ་བཀྱོན”ཀྱང་གནང་། ཡིན་ནའང་ཁོང་གིས་ཁྲེལ་གཞུང་གི་རྒལ་ཚིགས་བརྟན་པོར་འགྱིང་ཞིང་དམ་ཚིག་གི་མདུད་པར་ལྷོད་གྲོལ་མེད་པར་བླ་མ་ཁྱེད་རང“མི་བཞུད་ན་ང་གསོད་ཀྱང་མི་འགྲོ་ཞུས་པས།”དཔའ་སྤོབས་དང་བཅས་བརྗོད་དུས། བླ་མའང“མཉེས་ནས་དམ་ཚིག་ཅན་འོར་ཆེ། ད་འོ་ན། ཁྱེད་ཀྱིས་ཁུར་ན་ཐེག་གམ། ཐེག་ན་འུ་ཅག་གཉིས་བྲོས་སོ་གསུངས། ”དེ་ནས་ཆག་ལོ་ཙཱ་བ་ཁོང་གིས“བླ་མ་ཁུར་ནས་ཀ་བ་གཅིག་ལ་བསྐོར་བ་མཛད་པས། བླ་མའི་ཞལ་ནས་ཐེག་པར་འདུག བུ་རམ་རྐྱལ་བ་ཆུང་བ་གང་དང་། འབྲས་ཚོམ་པ་གཅིག་དང་། དཔེ་གཅེས་པ་འདི་ཚོ་ཡང་ཁྱེར་ཅིག ཐག་རིང་པོ་མི་ཐར་ཏེ། ང་ཐབས་ཡོད་ཀྱི་གསུངས་ནས་ལྷོ་ནུབ་ཕ་ཚད་ན་མགོན་ཁང་ཡོད་ས་དེར་བྱོན”མགོན་ཁང་དེར་ཡིབ་ནས་སྡོད་སྐབས་གཟང་རིང་བའི་མཚོན་ཆ་ཐོགས་པའི་དམག་མི་སུམ་བརྒྱ་ཙམ་ཞིག་ཟིལ་ཤུགས་དང་བཅས་བྱོས་ཏེ། བླ་སློབ་གཉིས་ཀའི་ཚེ་སྲོག་ཐལ་བ་རྡུལ་དུ་བརླག་པ་ལས་འོས་མེད་པའི་ཚོད་དུ་སླེབ་མོད། སྟབས་ལེགས་ལྟས་དབང་ཞིག་གིས་ཚེ་སྲོག་གི་ཉེན་ཁ་ལས་གཡོལ་ཐབས་ཐུབ་སོང་སྟེ། ཆག་ལོ་ཙཱ་བའི་རྣམ་ཐར་ལས། དེར་བཞུགས་པའི་ཤུལ་དུ་ཅིག་ཅར་དུ་ཏུ་རུཥ་ཀའི་དམག་སུམ་བརྒྱ་ཙམ་མཚོན་ཆ་ཟིང་ངེ་བ་བྱུང་སྟེ། བཀྲོང་ངེས་པར་འདུག་ཀྱང་མ་རྙེད་པས་སྐྱེངས་ནས་ལོག་སོང་ངོ་།། ཞེས་པ་ལྟར་ཏུ་རུཥ་ཀའམ་གར་ལོག་གི་དམག་སྡེས་དཔོན་སློབ་ཁོང་གཉིས་མ་རྙེད་དེ་ངོ་ཚ་དང་བཅས་ཕྱིར་ལོག་པ་ནི་ཁོང་རྣམ་གཉིས་ལ་མཚོན་ན་ཚེ་སྲོག་གི་ཉེན་ཁ་ལས་ཐར་བའི་བཀྲ་ཤིས་དོན་བཟང་ཞིག་ཅི་ལ་མིན། དེ་ལྟར་ཆག་ལོ་ཙཱ་བ་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་མཐུ་ལ་བརྟེན་ནས་བླ་མ་ཁོང་གི་སྐུ་ཚེ་ལ་བར་ཆད་མ་བྱུང་བ་ཡིན་ལ། ཆག་ལོ་ཙཱ་བ་ཁོང་གི་དད་དམ་གཙང་མའི་ནུས་སྟོབས་ལ་བརྟེན་ནས་བླ་མ་གང་ཉིད་ཀྱང་གཡུལ་ལས་བསྐྱབས་ཐུབ་སོང་བའང་རེད། འདི་ལས་ཆག་ལོ་ཙཱ་བ་ཁོང་གི་འགྱུར་མེད་ཀྱི་དམ་བཅའ་དང་། དཔའ་སྤོབས་ཀྱི་སྙིང་སྟོབས། བླ་མ་ལ་དད་འདུན། མི་གཤིས་ཀྱི་རིན་ཐང་སོགས་བླ་ན་མེད་པའི་སྐྱེས་བུ་ཞིག་གི་ངོ་མཚར་བའི་རྟགས་མཚན་ཕྱི་རུ་མངོན་ཡོད། མདོར་ན་ཁོང་གི་རྣམ་ཐར་ནི་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཆོས་ལུགས་དར་རྒུད་ཀྱི་དཀྱོགས་མཚམས་སུ་བཙུགས་པའི་རྡོ་རིང་ཞིག་དང་བོད་ཀྱི་ལོ་ཙཱ་བ་ཞིག་གི་མཛད་འཕྲིན་གངས་ལྗོངས་སུ་བཞག་པའི་ངོ་མཚར་བའི་དན་རྟགས་ཤིག་ཀྱང་མ་ཡིན་ནམ།
སྤྱི་ལོ2024.7.7ཉིན་མགོ་ལོག་གཙང་སྐོར་ནས་བྲིས་པའོ།།
|