2024ལོའི་སྤྱི་ཟླ་7ཚེས་8ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བདུན་པའི་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། དགེ་རྒན་བཟོད་པ་བཟང་བོ་དང་དགེ་རྒན་སྐལ་ལྡན་རྒྱ་མཚོ་གཉིས་ཀྱིས་འཛིན་བདག་གནང་བའི་ཆེད་སྦྱོང་མི་འདྲ་བ་སོ་སོ་ནས་བོད་རང་གི་བསམ་བློ་དང་རིག་གནས་ཀྱིས་ལུས་སྟོབས་ཡོངས་སུ་རྫོགས་པའི་གངས་ཕྲུག་རྣལ་མ་110སློབ་མཐར་ཕྱིན་པ་དང་། སློབ་གླིང་གི་བྱེད་པོ་དམ་པ་དགེ་རྒན་འཇིགས་མེད་རྒྱལ་མཚན་ཚང་དང་། དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་ཚང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་བཅས་སློབ་གླིང་གི་བླ་སྲོག་ལྟ་བུའི་དགེ་རྒན་རྣམ་པ་གསུམ་ད་ལོའི་མཐར་ཕྱིན་མཛད་སྒོའི་སྟེང་ཕེབས་ཐུབ་པའི་སྐལ་བ་ལྡན་ཞིང་། སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་མཐར་ཕྱིན་མཛད་སྒོར་ཞུགས། མཐར་ཕྱིན་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་དང་འཛིན་གྲྭ་གཉིས་ཀྱི་སློབ་ཚོགས་རྒྱུན་ལས་དང་གསར་འགོད་པར་ལག་རྟགས་སྤྲད། དགེ་རྒན་རྣམ་པ་གསུམ་གྱིས་མཐར་ཕྱིན་སློབ་མ་རྣམས་ལ་འབྱུང་འགྱུར་འཚོ་བའི་ཁྲོད་དུ་སེམས་ལ་འཛིན་དགོས་པའི་བདུད་རྩི་ལྟ་བུའི་བཀའ་སློབ་ཡིད་འཁུལ་བ་མང་དུ་གནང་། འཛིན་བདག་གཉིས་ཀྱིས་རང་གི་མཐར་ཕྱིན་སློབ་བུ་རྣམས་ལ་ཕུལ་བའི་གྱེས་ཚིག་མཐར་ཕྱིན་འཛིན་གྲྭས་འཐུས་ཚབ་པས་འགྲོས་སྙན་པའི་སྐྱོ་དབྱངས་དང་བཅས་བཏོན་པར་མ་ཟད། འཛིན་གྲྭ་སོ་སོས་མཐར་ཕྱིན་འཛིན་གྲྭ་གཉིས་ལ་གྱེས་ཁའི་སེམས་མཚོན་ལེགས་སྐྱེས་ཕུལ་བ་དང་བསྟུན་ནས་མཐར་ཕྱིན་གྱེས་ཚིག་སྒྲོག་འདོན་བྱས་ནས་དགེ་སློབ་ཀུན་སེམས་འགུལ་ཚད་མེད་ཐེབས། མཐར་ཕྱིན་འཛིན་གྲྭ་གཉིས་ཀྱིས་དགེ་རྒན་ལས་བཟོ་བ་རྣམས་ལ་ལོ་ངོ་དུ་མའི་སྦྱངས་འབྲས་མཚོན་པའི་མཐར་ཕྱིན་ཆེད་དེབ་ཀྱི་ལེགས་སྐྱེས་ཕུལ་ཅིང་། མཐར་དྲན་རྟེན་གྱི་མཉམ་པར་བླངས་ནས་སློབ་གླིང་གི་དགེ་རྒན་ལས་བཟོ་བ་དང་སློབ་མ་རྣམས་ཀྱིས་སློབ་གྲྭའི་སྒོ་ཆེན་ཁ་རུ་མཐར་ཕྱིན་སློབ་མ་རྣམས་ལ་སྐྱེལ་ཞུ་གནང་སྟེ། དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ཕ་མ་དང་བུ་སྤུན་བཞིན་དུ་ཡོངས་སུ་འདྲིས་པའི་བརྩེ་འདང་ཟབ་མོའི་ཁྲོད་ནས་གྱེས་དུང་གི་མིག་ཆུ་དང་ལྷན་དུ་ཕན་ཚུན་ལ་བདེ་མོ་བཞག
མཐར་སློབ་བུ་ཚོ་གང་དུ་སོང་སྟེ་གང་ནས་བསྡད་ཀྱང་ཁ་ལས་དགེ་ཞིང་འདུན་མ་ཡངས་པར་སྨོན།
|