༄༅།། རྨི་ལམ་ཞིག་དང་འབྲེལ་ནས་རང་རྒྱུད་ཆོས་སུ་སོང་མ་སོང་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 3 ཚེས 27 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »༄༅།། རྨི་ལམ་ཞིག་དང་འབྲེལ་ནས་རང་རྒྱུད་ཆོས་སུ་སོང་མ་སོང་གླེང་བ
༄༅།། རྨི་ལམ་ཞིག་དང་འབྲེལ་ནས་རང་རྒྱུད་ཆོས་སུ་སོང་མ་སོང་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-05-08ལྟ་ཀློག (677)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། རྨི་ལམ་ཞིག་དང་འབྲེལ་ནས་རང་རྒྱུད་ཆོས་སུ་སོང་མ་སོང་གླེང་བ།


བཛྲ་ཚུལ་ཁྲིམས་རྒྱ་མཚོ།


    ངས་སྔར་བསླབ་བྱ་ལྟ་བུར་བྲིས་ཡོད་པ་ཕལ་མོ་ཆེ་ནི་གཙོ་བོར་རང་སེམས་གཏན་ལ་འབེབས་པའམ་རང་རྒྱུད་ཆོས་ལ་བསྐུལ་བར་བྱེད་པའི་ཆེད་དུ་བྲིས་པ་ཤ་སྟག་ཡིན། གཞན་དག་གིས་ནན་གྱིས་བསྐུལ་བའི་ངོ་མ་ལྡོག་པར་བྲིས་པ་འགའ་ཡང་ཡོད་མོད་ཀྱི། དེ་དག་ཀྱང་དོན་གྱིས་རང་ལ་བསྐུལ་མ་བྱེད་པར་སོང་ཡོད་དོ།།
    སྤྱིར་གཞན་ལ་དམ་པའི་ཆོས་དང་འབྲེལ་བའི་བསླབ་བྱ་བྱེད་པ་བོ་ཞིག་གི་དབང་དུ་བྱས་ན་དེ་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་མང་སྟེ། མདོ་སྔགས་ཀྱིས་བསྡུས་པའི་ཆོས་གཞུང་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་པར་མ་ཟད། རང་ཉིད་དེ་ལ་མཁས་ཤིང་། དེའི་དོན་བསྒོམས་ཤིང་ཉམས་སུ་བླངས་ནས་རང་རྒྱུད་ཆོས་དང་འདྲེས་པའི་མྱོང་ཐོག་ནས་བཤད་རྒྱུ་ཡོད་ཅིང་བཤད་ཐུབ་པ་ཞིག་ཡིན་དགོས་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས། རང་ཉིད་སོམ་ཉིའི་སྒྲོག་བརྒྱས་བཅིང་བཞིན་དུ། ། གཞན་དག་སྒྲོ་འདོགས་འདམ་ལས་སྒྲོལ་འདོད་པ། ། སྨྱོན་པས་གླང་ཆེན་འདུལ་ལྟར་བཞད་གད་རྒྱུ། ། མི་བྱེད་འཕགས་ཡུལ་པཎ་ཆེན་ཚུལ་དེར་སྤྲོ། ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

    དེས་ན་ང་དང་ང་ལྟ་བུ་ནི་གཞན་ལ་དམ་པའི་ཆོས་དང་འབྲེལ་བའི་བསླབ་བྱ་བྱེད་པ་བོའི་གང་ཟག་གི་འོས་སུ་མེད་དེ། མདོ་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་གཞུང་གི་ཚིག་ཙམ་ལའང་ཕྱིན་ཅི་མ་ལོག་པའི་གོ་བ་ལེགས་པོ་ཞིག་ཀྱང་ཆགས་མེད་པར་མ་ཟད། དེའི་དོན་ཉམས་སུ་བླངས་ནས་རང་སེམས་ཆོས་སུ་སོང་བའི་ཉམས་མྱོང་འདི་དང་འདིའོ་ཞེས་གཞན་གྱི་ཡིད་འཁུལ་ཐུབ་པ་ཞིག་གཏན་ནས་བྱེད་རྒྱུ་མེད་ལ། གཞན་རྒྱུད་བྱིན་གྱིས་རློབ་པའི་ནུས་པ་ནི་དེ་ལས་ཀྱང་མེད་པས་སོ།།

    འོན་ཀྱང་ང་ལ་ཡིད་ཆེས་བྱེད་མཁན་གྱི་སློབ་བུ་དད་པ་ཅན་འགའ་ཞིག་གིས་ནན་གྱིས་བསྐུལ་བའི་ངོ་མ་ལྡོག་པ་ལ། ལྷག་བསམ་གཙང་མས་གཞན་ལའང་ཕན་ཐོགས་པར་གྱུར་ཅིག་སྙམ་པའི་ཀུན་ནས་བསླངས་ཏེ་སྔོན་བྱོན་དམ་པ་དག་གི་གསུང་སྒྲོས་བསྐྱར་ཟློས་ཙམ་རེ་བྱེད་མྱོང་ལ། དེ་ལྟར་ཡང་གཏན་ནས་བྱེད་མི་ཆོག་པ་མིན་ནམ་སྙམ་སྟེ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས། རང་ཉམས་མྱོང་མེད་པའི་ཁ་བཤད་གླུས། ། གཞན་བླ་བསྒྱུར་བ་དཀའ་མོད་ཀྱང་། ། མགོན་དམ་པའི་གསུང་སྒྲོས་བསྐྱར་བ་ཡིན། ། འདིས་འགྲོ་རྒྱུད་ཆོས་ལ་བསྐུལ་བར་ཤོག ། ཅེས་གསུངས་པ་ལྟ་བུ་ཡོད་པའི་ཕྱིར་དང་། རྗེ་དེ་ཉིད་ལྟ་བུ་ལ་མཚོན་ན་ཁེངས་བསྐྱུངས་མཛད་པ་ཡིན་ཀྱང་། དེའི་ཟུར་དུ་ང་དང་ལྟ་བུ་ལའང་ཅིས་ཀྱང་དེ་ལྟར་བྱེད་དགོས་པ་རེ་བྱུང་ན་བསམ་བློ་འདི་ལྟ་བུའི་སྒོ་ནས་བྱེད་དགོས་ཞེས་གདམས་ངག་དང་བཅས་ཏེ་གསུངས་འདུག་སྙམ་མོ།།

    གང་གསུངས་དགོས་པའི་གྲངས་རྣམས་སྔོན་བྱོན་དམ་པ་དག་གིས་ཕྲ་ཞིང་ཞིབ་པར་གསུངས་ཟིན་པར་མ་ཟད། བྱིན་རླབས་ཀྱང་དེ་ལ་ཡོད། མདོ་སྔགས་ཐམས་ཅད་ཀྱི་གནད་ཀྱང་དེ་དག་གིས་བསྡུས་ཡོད། ཚིག་གི་སྡེབ་སྦྱོར་ཡང་དེ་དག་གི་གསུང་རྣམས་ལེགས་པས། དེ་དག་ལ་མཇལ་ན་དགེ་མཚན་ཤིན་ཏུ་ཆེའོ།།

    ང་ལྟ་བུ་ལ་ནི་སྔར་མ་བྱུང་བ་ཅི་ཡང་བཤད་དུ་མེད་པར་མ་ཟད། བྱིན་རླབས་ཀྱི་ཚན་ཁ་ཆེ་ཆུང་།  གཞུང་དོན་ལ་གོ་བ་བསྐྱེད་མི་བསྐྱེད། ཚིག་གི་སྡེབ་སྦྱོར་ལེགས་མི་ལེགས་སོགས་གང་གི་ཆ་ནས་བལྟས་ཀྱང་ངོ་མཚར་བ་དང་རྨད་དུ་བྱུང་བ་གང་ཡང་མེད། དེའི་ཕྱིར་བསླབ་བྱ་བྲི་དགོས་དོན་དང་བྲིས་ན་ཕན་པ་ཆེན་པོ་ཡང་མེད་མོད།  འོན་ཀྱང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། ། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། ། དེ་ཕྱིར་གཞན་དོན་བདག་གིས་འདི་མ་བྱས། ། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། ། ཞེས་གསུངས་པ་ལྟར།  གཙོ་བོར་གཞུང་ཆེན་མོ་རྣམས་ཀྱི་དོན་རང་གི་ཚིག་གིས་བསྡུས་ནས་བློར་འཛིན་པ་དང་། དེ་ལ་བག་ཆགས་ཟབ་མོ་འཇོག་པ་དང་། དེ་དག་གི་དོན་རང་གིས་ཇི་ལྟ་བ་བཞིན་ཉམས་སུ་ལོན་དཀའ་ཡང་རང་ཉིད་དེ་ལ་དད་ཅིང་ཡིད་ཆེས་པ་དང་དེ་དག་ནི་ཇི་འདྲའི་ཡ་མཚན་པ་ཞིག་རེད་ཨང་སྙམ་ཡོད་པའི་རྣམ་འགྱུར་བསྟན་པ་ཡིན་པར་མ་ཟད། སྐལ་མཉམ་ཆོས་གྲོགས་གཞན་ལ་ཡང་ཅུང་ཟད་རེ་ཕན་པར་སྲིད་དམ་སྙམ་དུ་བསླབ་བྱ་རེ་གཉིས་བྲིས་ཡོད་པ་དེ་ལྟ་བུ་ལགས།

    གོང་དུ་བཤད་པ་དེ་ལྟར་ང་ལྟ་བུ་ནི་གཞན་ལ་བསླབ་བྱ་བྱེད་པ་བོའི་འོས་སུ་མེད་མོད། གལ་ཏེ་ཡོད་དུ་ཆུག་ཀྱང་དེང་དུས་ཀྱི་སྐྱེ་བོ་ཕལ་ཆེར་བྱ་བ་ཕལ་བ་དང་རྩོམ་ཕལ་བ་བསྟན་བཅོས་ཕལ་བ་དང་བརྗོད་བྱ་ཕལ་བ་ལ་ཆགས་ཤིང་ཞེན་པར་མ་ཟད། ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་ན། བརྗོད་བྱ་རྗོད་བྱེད་གཉིས་ཆ་ནས་ཆེས་ངོ་མཚར་ཞིང་ཕུན་སུམ་ཚོགས་པའི་ལེགས་བཤད་རྣམས་དོན་དུ་མི་གཉེར་བ་ཁོ་ནར་མ་ཟད། ལེགས་བཤད་རྩོམ་པ་བོའི་སྐྱེ་བུ་དམ་པ་དག་ལ་ཕྲག་དོག་གིས་ངན་སྨོད་དང་སྐུར་འདེབས་སྣ་ཚོགས་བྱེད་པ་དགའ་ཞིང་། དེའི་རྗེས་སུ་འབྲངས་མཁན་མང་བས། དམ་པ་རྣམས་ཀྱང་ཐུགས་སྐྱོ་བའི་གསུང་བྱོན་པ་ནི་དཔེར་ན་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས།  སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། ། དོན་དུ་མི་གཉེར་ཁོ་ནར་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། ། སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། ། ཞེས་གསུངས་པ་ལྟ་བུས་མཚོན་ཧ་ཅང་མང་ངོ་།།

    ད་རེས་འདིར་བཤད་རྒྱུ་ནི་ང་རང་གི་རྨི་ལམ་དུ་བྱུང་བའི་བསླབ་བྱ་ཉུང་བསྡུས་ཤིག་ཡིན། དེ་ཡང་ཀླུ་ཆུའི་སློབ་གསོའི་ཕྱོགས་ལ་བྱས་རྗེས་ཆེ་བ་ཐུན་མོང་གིས་ཁས་ལེན་པའི་ཀླུ་ཆུའི་བོད་རིགས་སློབ་འབྲིང་གི་སློབ་གཙོ་དང་། ཀླུ་ཆུ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དཀོན་མཆོག་ཚེ་བརྟན་ཟེར་བ་དེ་ད་ལོའི་ཟླ་འགའི་སྔོན་དུ་ནད་ཀྱི་དབང་གིས་ཚེ་དུས་བྱས། དེ་ལ་བྱས་རྗེས་གླེང་མཁན་དང་རྗེས་དྲན་བྱེད་མཁན། ཕངས་སེམས་ཀྱི་གཏམ་གླེང་མཁན་ཡང་ཧ་ཅང་མང་བོ་བྱུང་ཡོད།   ཁོ་ནི་མང་བོ་ཞིག་གིས་བཤད་ཡོད་པ་དེ་ལྟར་དངོས་གནས་སློབ་གསོ་ལ་དགའ་ཞིང་བྱས་རྗེས་ཆེ་བར་མ་ཟད། སྒེར་ངོས་ནས་བཤད་ན་ང་རང་གི་གཉེན་ཉེ་ཡིན་པས་ངེད་གཉིས་ལ་ཕན་ཚུན་བར་དུང་བ་ཡང་ཧ་ཅང་ཟབ་མོ་ཡོད། དེའི་ཕྱིར་ཁོ་ཚེས་མ་ལྕོགས་པར་འདས་པའི་གཏམ་ངན་དེ་ཐོས་པའི་ཚེ་ངའི་སེམས་ལ་ཡང་གདུང་བ་དང་སྐྱོ་བ་ཆེན་པོ་སྐྱེས། ཡིན་ན་ཡང་གནས་ཚུལ་སྣ་ཚོགས་ཀྱི་དབང་གིས་ཁོའི་ཤུལ་ན་ཡོད་པའི་གཉེན་ཉེ་དག་གི་མིག་སྔར་བུད་ཟེར་ཡང་རུང་། སེམས་གསོའི་ཆེད་དུ་བྱས་ཀྱང་ཆོག  སྐྱོ་གཏམ་ཁོག་པ་གང་བོ་གླེང་བའི་ཆེད་དུ་ཟེར་ཡང་ཆོག་པས་ཅིས་ཀྱང་ཁོ་ཚོ་ལ་ལྟ་རུ་འགྲོ་དགོས་བསམ་ནས་ཀྱང་ཡུན་རིང་འགོར་སོང་། ད་རེས་ཆེད་དུ་དུས་ཚོད་ཅིག་ཕུད་ནས་ཕྱི་དྲོ་ཞིག་ལ་དེར་སླེབས་པར་བྱས་ཏེ་ཁོ་ཚོ་དང་ཐུག  སྙིང་གཏམ་ཡང་མང་བོ་གླེང་ནས་དགོང་མོར་མཐོང་བ་ཀུན་སྨོན་ཞེས་པའི་མགྲོན་ཁང་ཞིག་ནས་བསྡད། མཚན་མོར་རྨི་ལམ་དུ་ང་ལ་གཞན་ཞིག་གིས་བསླབ་བྱ་ཞིག་འབྲི་རོགས་ཞེས་ནན་གྱིས་བསྐུལ་ཞིང་། ཤོག་གུ་དང་སྨྱུ་གུ་ཡང་ལག་ཏུ་བཞག་བྱུང་། ཤོག་གུ་དེ་ཅུང་ཟད་སྣུམ་ཡོད་པ་ཞིག་དང་།  སྨྱུ་གུ་དེ་ཧ་ཅང་འབབ་མཁན་ཞིག་མིན་པས་བསླབ་བྱའི་རྩོམ་དེ་ཤར་ཤར་འབྲི་མ་ཐུབ་པར་ཅུང་ནན་ཏན་ལྟ་བུ་བྱེད་དགོས་པ་ཞིག་བྱུང་། བྲིས་ཟིན་པ་ན་ཡི་གེ་རྣམས་མིག་ལམ་དུ་ཁྲ་ལམ་མེར་ཧ་ཅང་གསལ་བོ་ཞིག་བྱུང་། ཕྱི་ཉིན་ཞོགས་པ་སྔ་མོར་སད་པ་ན་དེ་རྨི་ལམ་ཞིག་ཡིན་པ་ཚོར།  རྩོམ་དེ་ནང་དོན་གྱི་ཆ་ནས་ཅུང་ལེགས་པོ་བསླབ་བྱ་སྟོན་པ་ཞིག་ཏུ་འདུག  འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཚིག་ལ་ལ་ཅི་ཙམ་བསམས་ཀྱང་བརྗེད་ཚར་བས་ཡིད་ལ་མ་ཤར། ཚིག་མང་ཆེ་བ་ཇི་ལྟ་བ་བཞིན་ཡིད་ལ་ཤར་བྱུང་། དེ་གཞན་ལ་བསླབ་བྱ་ཞིག་གི་རིན་ཐང་ཡོད་མེད་གསལ་བོར་མི་ཤེས་མོད། ང་རང་ཉིད་ལ་མཚོན་ན་དངོས་གནས་བསླབ་ཟབ་མོ་ཞིག་སྟོན་གྱིན་འདུག་སྙམ་པ་འཆར་བས། ང་ཚུར་འོང་བའི་ལམ་དུ་ངས་སྤུན་ཆུང་བཛྲ་འོད་ཟེར་ལ་དེ་འདྲ་ཞིག་རྨིས་ཞེས་བཤད་པ་དང་། ཁོས་ང་ལ་ཚིག་ཕལ་ཆེར་བློར་འོང་། ནང་དོན་ཇི་ལྟ་བ་བཞིན་ད་དུང་མ་བརྗེད་པར་ཡོད་ན། བརྗེད་པའི་ཚིག་རེ་གཉིས་པོ་དེ་ཁ་བསྐངས་ནས་ཡི་གེར་ཕབ་ན་ལེགས་སྙམ་ཞེས་ནན་གྱིས་བསྐུལ་བས། ངས་ཀྱང་དེ་མི་རིགས་པ་མེད་སྙམ་དུ་བརྗེད་པའི་ཚིག་རེ་གཉིས་པོ་ཁ་བསྐངས་ནས་གཤམ་དུ་འགོད་པར་བགྱིའོ།།

    དེ་ཡང་འདི་འདྲ་ཞིག་སྟེ། 

སྣ་ཚོགས་གཞུང་ལུགས་མང་ཐོས་ཡལ་གའི་ཁུར། །
ཆེས་ཆེར་ལྕི་ཡང་དམ་ཚིག་སྡོམ་པའི་གཞི། །
མེད་པའམ་རུལ་ན་ཆོས་པའི་གཟུགས་བརྙན་གྱི། །
ལྗོན་པའང་མཆོག་གི་འབྲས་བུས་སྟོང་བར་འགྱུར། །

གང་ཞིག་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །
མང་ཐོས་ཡོན་ཏན་ཡལ་འདབ་ཆེར་རྒྱས་ཤིང་། །
ཉམས་ལེན་སྲོག་རྩ་བརླན་གྱིས་སྣུམ་པའི་ལྗོན། །
བསྟན་འགྲོའི་ཕན་བདེའི་ཚལ་གྱི་རྒྱན་མཆོག་ཉིད། །

    ཅེས་པ་འདི་རེད།  འདི་ནི་དོན་དངོས་གནས་ཤིག་བཤད་པ་ལས་བརྩམས་སྒྲུང་ལྟ་བུ་གཏན་ནས་མིན། དེའི་སྙིང་བོ་མདོར་དྲིལ་ནས་བཤད་ན། གཞུང་སྣ་ཚོགས་ལ་ལྟ་རྒྱ་ཐོས་རྒྱ་ཇི་ཙམ་ཆེ་ཡང་། རང་གིས་ཁས་བླངས་པའི་དམ་ཚིག་སྡོམ་པ་ལ་ཅི་མི་སྙམ་པར་བསྲུང་སེམས་ཧ་ཅང་ལྷོད་པ་རྣམས་ནི་ནང་ཆོས་ཉམས་ལེན་བྱེད་མཁན་རྣལ་མ་ཞིག་གཏན་ནས་མ་རེད། མང་ཐོས་ཀྱི་གཞི་ལ་དམ་ཚིག་སྡོམ་པ་གང་མ་ཡོད་ན་ནི་ཡ་མཚན་པ་རེད་ཟེར་རྒྱུ་བྱས་འདུག   གཞན་ལ་དེ་ལྟར་བྱེད་དགོས་ཞེས་གདམས་པ་བོ་ང་ལྟ་བུ་ག་ལ་ཡིན་མོད། འོན་ཀྱང་རང་གིས་ཅིས་ཀྱང་དེ་ལྟར་བྱེད་ཨེ་ཐུབ་ལ་འབད་དགོས་པས། རྨི་ལམ་འདི་ཡང་ཅུང་མི་གཅིག་པ་ཞིག་རེད་སྙམ་སྟེ།  སོ་སོར་ཐར་བའི་མདོ་ལས། ང་ནི་མྱ་ངན་འདས་གྱུར་ན། ། འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། ། རང་བྱུང་ཉིད་ཀྱིས་གུས་བཅས་པར། ། ནན་ཏན་དགེ་སློང་ཚོགས་མདུན་བསྟོད། ། ཅེས་སོ་སོར་ཐར་བ་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་ཞལ་སྐྱིན་དང་རྒྱལ་ཚབ་ལྟ་བུ་ཡིན་པས།   སྟོན་པའི་རྗེས་འཇུག་རྣམས་ཀྱིས་སྤང་བླང་ཇི་ལྟར་བྱ་བའི་རིམ་པ་ཐམས་ཅད་གསལ་བར་སྟོན་པའི་བཅའ་ཡིག་ལྟ་བུ་ཡིན་པར་གསུངས་པ་དང་མཐུན་ལ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས་ཀྱང་།    རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་གསུངས་པ་ཡང་། ། སྡེ་སྣོད་གསུམ་དུ་འདུས་ཤིང་དེ་ཡི་དོན། ། ཏིང་འཛིན་ཤེས་རབ་བསླབ་པ་རྣམ་གཉིས་ཀྱང་། ། ཚུལ་ཁྲིམས་རྣམ་པར་དག་པའི་རྗེས་སུ་འགྲོ། ། སྡིག་ལྟུང་སོ་སོས་རྣམ་སྨིན་བཟོད་དཀའ་བ། ། བསྐྱེད་ཅིང་ས་ལམ་བགྲོད་ལ་གེགས་བྱེད་ཕྱིར། ། སྡིག་པ་ཀུན་ལས་སྡོམ་གསུམ་དང་འགལ་བའི། ། ཉེས་རྣམས་སྲོག་དང་བསྡོས་ཏེ་སྤོང་བ་གཅེས། ། མངོན་པར་མཐོ་དང་ཐེག་གསུམ་ཐར་བའི་ལམ། ། གསང་ཆེན་རིམ་གཉིས་རྣལ་འབྱོར་མཐའ་དག་ཀྱང་། ། རྨང་གཞི་བསླབ་ཁྲིམས་དམ་ཚིག་གཙང་མ་ལ། ། ལྟོས་པར་རྒྱལ་ཀུན་མགྲིན་དབྱངས་གཅིག་གིས་གསུངས། ། དེ་ཕྱིར་ཚུལ་ཁྲིམས་དག་པ་ལས་ལྷག་པའི། ། ཉམས་ལེན་སྙིང་བོ་གཞན་དུ་མ་མཆིས་ཀྱང་། ། དེ་ཉིད་གཞིར་བྱས་མདོ་སྔགས་ལམ་རིམ་ལ། ། དཔྱད་འཇོག་སྒོམ་པ་སྒྲུབ་པའི་ཡང་རྩེ་ཡིན། ། ཞེས་གསུངས་པ་དང་ཤིན་ཏུ་མཐུན་པར་མ་ཟད།  ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཀྱང་།   ཇི་ལྟར་ས་ལ་བརྟེན་ནས་ལོ་ཏོག་བཞིན། ། ཚུལ་ཁྲིམས་རྩ་བ་སྙིང་རྗེའི་ཆུས་བརླན་པར། ། བརྟེན་ནས་དཀར་བོའི་ཆོས་ཀུན་སྐྱེ་གསུང་ཕྱིར། ། ཁས་བླངས་ཚུལ་ཁྲིམས་སྲོག་ལས་གཅེས་པར་བསྲུང་། ། ཇི་ལྟར་འོག་གཞི་མེད་པར་ཁང་བ་ཡི། ། ཐོག་དང་ཡང་ཐོག་འགེབས་འདོད་བཞད་གད་གནས། ། དེ་བཞིན་ཆོས་ཀྱི་གཞི་མ་ཚུལ་ཁྲིམས་དང་། ། བྲལ་བའི་ཟབ་མོའི་ཆོས་ཀྱིས་ཕན་པ་དཀའ། ། ཞེས་གསུངས་པ་དང་ཡང་མཐུན་པར་འདུག

    སྤྱིར་དངོས་ཡོད་ཀྱི་འཚོ་བའི་གནས་བབ་ཀྱི་སྟེང་ནས་བཤད་ན། ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་ཁོ་ན་ཡིན་པར་རྒྱལ་བས་ཡང་དང་ཡང་དུ་གསུངས་པས། རང་གིས་ཁས་བླངས་པའི་སོ་ཐར་བྱང་སེམས་གསང་སྔགས་ཀྱི་བཅས་མཚམས་རྣམས་ངེས་པར་བྱས་ཏེ་སྲོག་བསྡོས་སུ་བསྲུང་བ་དང་། རྒྱ་ལ་ཉེས་པས་གོས་ནའང་ཕྲལ་ཕྲལ་དུ་བཤགས་སྡོམ་གྱིས་དག་པར་བྱེད་པ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟ་བུ་ཞིག་བྱུང་ན་ཅི་བྱས་ཐམས་ཅད་ཆོས་སུ་འགྲོ་བས་ཟུར་དུ་ཆོས་གཞན་བྱེད་རྒྱུ་མ་བྱུང་ན་ཡང་དེ་ཁོ་ནས་ཆོག་པ་ཡིན་པར་སྔོན་བྱོན་དམ་པ་རྣམས་ཀྱིས་ཡང་ཡང་གསུངས་པས།   སྙིང་ནས་ཆོས་བྱེད་འདོད་ན་ཅིས་ཀྱང་སྡོམ་གསུམ་གྱི་ཉམས་ལེན་སྲོག་ཏུ་གཅུག་ནས་བྱེད་དགོས་མོད།  འོན་ཀྱང་ང་དང་ང་ལྟ་བུ་རང་ཉིད་ཆོས་པར་རློམ་པ་མང་བོ་ཞིག་ཆོས་བྱེད་འདོད་ཡོད་ཀྱང་སྦྱོར་དངོས་མཇུག་གསུམ་ཚང་མ་ཆོས་ཀྱི་གཞུང་དང་མཐུན་པའི་ཉམས་ལེན་ཕལ་ཆེར་ཐུན་གཅིག་ཀྱང་མེད་པ་ལྟ་བུར་འདུག གདམས་ངག་མང་དུ་ཐོས་ཀྱང་ཐམས་ཅད་དཔེ་ཆའི་ནང་ནས་ལུས་སུ་བཅུག རང་རྒྱུད་ལ་སྐྱེད་ཅུང་ཟད་ཀྱང་མ་ཐོན་པར་སྔར་བཞིན་དུག་གསུམ་གྲོགས་སུ་བྱས་ནས་བསྡད། ཆོས་བྱེད་རྒྱུ་བྱུང་ན་སྙམ་པའི་བསམ་པ་ཙམ་དང་། བྱེད་རྒྱུ་ཡིན་ཟེར་བའི་ཚིག་ཙམ་ལ་འབད་ཁུལ་བྱས་ཀྱང་། ལག་ལེན་མེད་པར་འཆི་བ་ལ་གཏུགས་འགྲོ་བ་མང་ལ་རང་ཡང་དེ་འདྲའི་ཉེན་ཧ་ཅང་ཆེ། འདི་ཅི་ཞིག་ལན་པ་རེད། ཕྱི་རོལ་གྱི་བར་ཆད་ནད་གདོན་དགྲ་བགེགས་སོགས་ལན་ནམ་ཞེ་ན། བསམ་བློ་ནང་དུ་བསྐོར་ནས་ཞིབ་འདང་བརྒྱབ་ན་དེ་ལྟ་བུ་གཏན་མ་ཡིན་པར་རང་སེམས་ཆོས་སུ་མ་སོང་བ་ཁོ་ནས་ལན་འདུག་པ་གསལ་བོར་ཤེས་ནུས།   

    དེ་ལྟར་རང་སེམས་ལ་ཞིབ་ཏུ་བརྟག་ན་ཧ་ཅང་སྐྱོ་བའི་གནས་སུ་འདུག་སྟེ།  ཆོས་གཞན་ལ་མང་དུ་བཤད། རང་གིས་ཀྱང་ཚིག་མང་བོ་ཡང་དང་ཡང་དུ་ངག་ནས་སྐྱོར་མོད། འོན་ཀྱང་ནང་གི་སེམས་འདི་ཚེ་འདིའི་རྙེད་བཀུར་འདུ་འཛི་སོགས་ལ་ཆགས་ཞེན་གྱི་དབང་དུ་བཏང་། དེའི་དབང་གིས་འཇིག་རྟེན་གྱི་བྱ་གཞག་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ལ་གཡེངས་ནས་ཆོས་བྱེད་པའི་གོ་སྐབས་མ་བྱུང་བ་གསལ་བོར་ཤེས།  

    དེས་ན་རང་རང་ཆོས་པ་རྣལ་མ་ཡིན་པར་རང་གིས་ཁས་ལེན་གྱིན་ཡོད་ན། ཆོས་ཟེར་བ་དེ་མཐོ་ས་ཞིག་དང་ཐག་རིང་ས་ཞིག་ནས་བཞག་སྟེ་ནམ་ཞིག་ན་ངའི་རྒྱུད་ལ་ཆོས་ཀྱི་བྱིན་རླབས་ཞུགས་འོང་ངེས་ཡིན་སྙམ་དུ་རང་རྒྱུད་ཆོས་ལ་ཕར་མི་འཇུག་པ་ནི་ཧམ་པ་ཆེ་བ་དང་བླུན་པོའི་ངང་ཚུལ་ཡིན་ཏེ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེས། བློ་ཆོས་སུ་ཕར་ལ་མི་འཇུག་པར། ། ཆོས་ཚུར་ལ་ཡོང་རེ་ཧམ་པ་ཆེ། ། ལེགས་ཚོགས་ཀྱི་རྩ་བ་བཤེས་གཉེན་ཡིན། ། ཡོན་ཏན་གྱི་གཞི་མ་ཚུལ་ཁྲིམས་ཡིན། ། དངོས་གྲུབ་ཀྱི་འབྱུང་གནས་དམ་ཚིག་ཡིན། ། ཡིན་བྱས་པས་མི་ཆོག་ཡིན་བཞིན་སྒྲུབས། ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

    ལྷག་པར་ཡང་ད་ལྟའི་སྙིགས་དུས་འདི་ལ་ཆོས་ཁ་ནས་བཤད་པ་བོ་ཧ་ཅང་མང་ཡང་ཆོས་ཚུལ་བཞིན་སྒྲུབ་པ་བོ་ཤིན་ཏུ་ནས་ཀྱང་ཉུང་ལ། དེ་ལྟ་བུར་སོང་ན་རང་རྒྱུད་ཆོས་སུ་མི་འགྲོ། གཞན་ལ་ཡང་ཕན་མི་ཐོགས། དེས་ན་ཚུལ་ཁྲིམས་གཞི་ལ་བཟུང་ནས་གཞུང་ལ་མང་ཐོས་སྒྲུབ་པ་གལ་ཆེ་སྟེ། ཐོས་པའི་ཚོམས་ལས། གལ་ཏེ་ཐོས་པ་མང་གྱུར་ཀྱང༌། ། ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། ། དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང༌། ། དེ་ཡི་ཐོས་པ་ཕུན་སུམ་མིན། ། གལ་ཏེ་ཐོས་པ་ཉུང་གྱུར་ཀྱང༌། ། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན། ། དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང༌། ། དེ་ཡི་ཐོས་པ་ཕུན་སུམ་འགྱུར། ། གང་ཞིག་ཐོས་པ་ཉུང་བ་དང༌། ། ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། ། དེ་ནི་གཉི་གའི་ཕྱིར་སྨད་ཅིང་། ། དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། ། གང་ཞིག་མང་དུ་ཐོས་པ་དང༌། ། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ། ། དེ་ནི་གཉི་གའི་ཕྱིར་བསྔགས་ཤིང༌། ། དེ་ཡི་བརྟུལ་ཞུགས་ཕུན་སུམ་འགྱུར། ། ཞེས་དང་། ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང༌། ། ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང༌། ། གང་ཞིག་བག་མེད་བརླང་པོར་བྱེད་པ་དེའི། ། ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། ། གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང༌། ། དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ། ། དེ་དག་བཟོད་ལྡན་གྲོགས་དགའ་དབང་པོ་བསྡམས། ། ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ། ། ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

    འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེས། ཆོས་ཟབ་མོ་གླུ་རུ་བླངས་པ་ཡི། ། གཏམ་ཚིག་གསུམ་སྨྲས་པའི་དགེ་བ་འདིས། ། བློ་དམ་པའི་ཆོས་ལ་ཕྱོགས་པ་ཡི། ། ལམ་གེགས་མེད་བགྲོད་པ་མཐར་ཕྱིན་ཤོག ། ཅེས་གསུངས་པ་ལྟར། བདག་གིས་ཀྱང་ལྷག་བསམ་གཙང་མའི་སྒོ་ནས་རྨི་ལམ་ཞིག་དང་འབྲེལ་ནས་རང་རྒྱུད་ཆོས་སུ་སོང་མ་སོང་གླེང་བ་ཞེས་པའི་དངོས་བྲིས་འདིས་ཀྱང་སྐལ་མཉམ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག་གུ།།


 ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།  ༢༠༢༤ལོའི་ས་ག་ཟླ་བའི་ཚེས་༡ཉིན། བླ་བླང་བཀྲ་ཤིས་འཁྱིལ་ནས་ཤར་མར་བྲིས་པའོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25141605
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།