བཅར་འདྲིའི་རྒྱུན་ཤེས། གྱི་ལིང་འཇིགས་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »བཅར་འདྲིའི་རྒྱུན་ཤེས། གྱི་ལིང་འཇིགས་མེད།
བཅར་འདྲིའི་རྒྱུན་ཤེས། གྱི་ལིང་འཇིགས་མེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-04-26ལྟ་ཀློག (467)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བཅར་འདྲིའི་རྒྱུན་ཤེས།

གྱི་ལིང་འཇིགས་མེད།

   བཅར་འདྲི་བྱེད་པ་ནི་མི་དང་བྱ་བ།   ལོ་རྒྱུས་སོགས་ལ་གཏིང་ཟབ་པའི་ཆ་རྒྱུས་ཤིག་ལོན་པའི་ཆེད་དུ་ཡིན།     དེ་ནི་རྙོག་འཛིང་ལྡན་ལ་དོན་སྙིང་དང་ལྡན་པར་མ་ཟད།ད་ལྟའི་གནས་བབས་ལ་གཞིག་ན་ང་ཚོའི་མི་རིགས་ཀྱི་གནའ་བོའི་ལོ་རྒྱུས་དང་གོམས་སྲོལ།   གསར་འགྱུར་སོགས་བཅར་འདྲི་བརྒྱུད་ནས་བསྒྲིག་དགོས་པ་མང་བོ་ཞིག་ཡོད་པས།   བཅར་འདྲིའི་རྒྱུན་ཤེས་ཤིག་ནི་ཤིན་ཏུ་གལ་ཆེ་བར་མཐོང་།

   མི་སྣ་ལ་བཅར་འདྲི་བྱེད་པ་ནི་ཧ་ཅང་དཀའ་ཁག་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་སྟེ། ཕ་རོལ་བོ་ལ་རྒྱུས་ལོན་དཀའ་བ་ཡིན་པས།  བཅར་འདྲི་མ་བྱས་སྔོན་དུ་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས་ལ།    བཅར་འདྲིའི་གོ་རིམ་དང་ཐོག་མཐའ་བར་གསུམ་གྱི་བྱ་བ་གང་ལ་ཡང་དོ་སྣང་ཆེན་པོ་བྱེད་དགོས།   

ཐོག་མའི་སྟ་གོན།

    བཅར་འདྲིའི་སྔོན་གྱི་གྲ་སྒྲིག་ནི་ཧ་ཅང་གལ་ཆེན་ཞིག་ཡིན།  མི་སྣ་འདྲ་མིན་ནང་བོར་འབྲེལ་འདྲིས་དང་བཅར་འདྲི་བྱེད་དགོས་ལ།  བཅར་འདྲི་བྱེད་མཁན་ལ་ཡང་མངོན་ཤེས་མེད་པས་ཕ་རོལ་བོའི་དགའ་ཕྱོགས་སོགས་བསམ་པའི་འཁྱེར་སོ་ལ་གདེང་ཚོད་ཐུག་རྒྱུ་ཤིན་ཏུ་ཁག་པོ་ཡིན། དེའི་རྐྱེན་གྱིས་ཐོག་མར་སྟ་གོན་བྱེད་དགོས། དེ་ནི་དྲ་རྒྱ་དང་དཔེ་ཆ། ཡང་ན་རྒྱུས་ཡོད་ཀྱི་མི་གཞན་པ་བརྒྱུད་དེ་བཅར་འདྲི་བྱ་རྒྱུའི་ནང་དོན་དང་བཅར་འདྲི་བྱ་ཡུལ་ལ་རྒྱུས་ལོན་བྱེད་དགོས། དཔེར་ན་བཅར་འདྲི་བྱ་ཡུལ་གྱི་རང་གཤིས་དང་། དགའ་ཕྱོགས། བརྒྱུད་རིམ། ལས་ཀ་ཅི་ཞིག་བྱས་པ་སོགས་མི་སྣ་དེ་ལ་འདྲིས་པར་བྱེད་དགོས། རང་གིས་ཅི་ཞིག་ཤེས་དགོས་པ་དེ་གཙོ་གནད་དུ་འཛིན་དགོས། དེ་ལ་བསྟུན་པའི་དྲི་བ་མང་བོ་ཞིག་གྲ་སྒྲིག་བྱེད་དགོས་པས། ཐོག་མར་རང་གིས་ཅི་ཞིག་འདྲི་དགོས་པ་དེ་གསལ་བོར་ངོས་ཟིན་རྒྱུ་གལ་ཆེ། དེ་ནས་དེའི་ཟུར་གང་དང་གང་བརྒྱུད་ནས་དྲིས་ན་ད་གཟོད་ཇེ་གསལ་དུ་ཡོང་བ་དང་། མི་སྣ་གང་འདྲ་ཞིག་ལ་དྲིས་ན་དོན་དེ་གསལ་བོར་ཤེས་ཐུབ་པ་བཅས་ཐོག་མར་གཏན་འཁེལ་ཡག་པོ་བྱེད་དགོས། དངོས་སུ་བཅར་འདྲི་བྱེད་སྐབས་སྔར་རྒྱུས་ལོན་བྱས་པའི་རྒྱུ་ཆ་དེ་དག་གི་ཁྲོད་ནས་ལག་བསྲིངས་ཏེ་དྲིས་ན་ད་གཟོད་ཁ་གསལ་བོར་ཡོང་ཐུབ་ལ། ལྷག་པར་དུ་རང་གིས་ཤེས་པའི་འབྲེལ་ཡོད་ཀྱི་གནས་ཚུལ་ལ་ལ་དེའི་བར་དུ་བསྲེས་ན་ཁ་བརྡ་ཇེ་མང་དང་། བར་ཐག་ཇེ་ཉེར་གཏོང་ཐུབ། དེར་མ་ཟད་ད་དུང་བཅར་འདྲི་བྱ་ཡུལ་གྱི་བྱ་བ་དང་བྱས་རྗེས་སོགས་རེ་གཉིས་ཧ་ཅང་རྒྱུས་ཡོད་ལྟར་བཤད་ནས་ཁ་བརྡའི་འཕྲོ་སྐྱོང་བ་ནི་ཕ་རོལ་བོ་ལ་བརྩི་བཀུར་གྱི་རྣམ་པ་ཞིག་ཀྱང་ཡིན། 

    དོ་སྣང་བྱེད་དགོས་པ་ཞིག་ལ། བཅར་འདྲི་བྱེད་སྐབས་རང་གི་ཆ་ལུགས་དང་རྣམ་འགྱུར་ལ་གཟབ་ནན་བྱེད་དགོས། མི་སྣའི་ཐོབ་ཐང་དང་རིག་གནས་ཀྱི་ཁོར་ཡུག་ལ་བསྟུན་ཤེས་དགོས། དཔེར་ན་བླ་མ་དང་གྲྭ་བ་རྒན་པ་དག་ལ་བཅར་འདྲི་བྱེད་སྐབས་མིག་ཤེལ་ནག་པོ་རེ་གྱོན་ནས་འགྲོ་བ་དང་དེ་བཞིན་ཞྭ་མོ་གྱོན་ནས་འགྲོ་བ་སོགས་བྱས་ན་མཐོང་མ་ཐག་བག་ཆགས་ངན་པ་ཞིག་བཞག་འགྲོ་བས་ཁ་བརྡའི་ནང་དོན་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་བས་ཁོར་ཡུག་བསྟུན་ནས་སྐྲ་འཇོག་སྟངས་ཚུན་ཆད་ཀྱང་གཟབ་གཟབ་བྱེད་དགོས། 

བཅར་འདྲིའི་སྔོན་གྱི་ཁ་བརྡ། 

    བཅར་འདྲི་བྱ་ཡུལ་མཐོང་ན་དེ་མ་ཐག་བཅར་འདྲིའི་ནང་དོན་གཙོ་བོ་དེ་མི་འདྲི་བར་ཐོག་མར་ཁོ་ལ་དུས་ཚོད་ངེས་ཅན་ཞིག་སྟེར་དགོས་ལ། དེ་ཡང་སྔོན་ལ་འབྲེལ་ཡོད་བརྗོད་བྱ་ལས་འཕྲོས་ཏེ་ཁ་བརྡ་ལྷོད་པོ་བྱེད་དགོས། དཔེར་ན་ས་གནས་ག་གེ་མོའི་དགེ་སློང་ཞིག་སྐུ་གཤེགས་སྐབས་ཀྱི་གནས་ཚུལ་ལྟ་བུ་ཞིག་བཅར་འདྲི་བྱེད་ན། ཐོག་མར་མི་སྣ་གཙོ་བོ་དེ་ལ་བཅར་འདྲི་མ་བྱས་གོང་དུ་རང་གིས་ཀྱང་དེའི་སྐོར་གྱི་གནས་ཚུལ་རེ་གཉིས་ཤིག་ངེས་ཅན་དུ་གཞན་དང་གཞན་དག་བརྒྱུད་ནས་ཤེས་སུ་འཇུག་དགོས་ལ། སྔོན་འགྲོའི་ཁ་བརྡའི་སྐབས་སུ་རང་གིས་ཤེས་པའི་གནས་ཚུལ་དེ་དག་ཞོར་འཕྲོས་ཀྱི་ཚུལ་དུ་བཤད་དེ་ཕ་རོལ་བོ་ལ་བཅར་འདྲི་བྱེད་མཁན་འདིས་བརྗོད་བྱ་འདི་དང་འབྲེལ་བའི་གནས་ཚུལ་མང་བོ་ཞིག་ཤེས་འདུག་སྙམ་པའི་བག་ཆགས་འཇོག་དགོས། འོན་ཀྱང་ཚད་ལས་བརྒལ་མི་རུང་སྟེ། གལ་ཏེ་ཚད་ལས་བརྒལ་ན་གཞན་གྱིས་བཅར་འདྲི་དང་ལེན་བྱེད་པ་ལ་གནོད་པ་ཡོད། ཡང་གནད་དོན་ལ་ལ་ཞིག་བཅར་འདྲི་བྱེད་འོས་མི་ན་ས་གནས་དེ་གའི་རྒྱུས་ཡོད་གཞན་པ་བརྒྱུད་དེ་རྒྱུས་ལོན་བྱེད་དགོས། གལ་ཏེ་དྲིས་ན་མི་འགྲིག་པ་མེད་པ་ཤེས་ན་ད་གཟོད་འདྲི་དགོས། 

   བཅར་འདྲིའི་སྔོན་གྱི་ཁ་བརྡ་ལ་བཟང་ཆ་གཞན་ཡང་ཡོད་དེ། དཔེར་ན། མི་ལ་ལ་ཞིག་ནམ་རྒྱུན་སྐད་ཆ་བཤད་ན་ཁ་བདེ་ལྕེ་བདེ་ཞིག་ཡིན་ན་ཡང་སྐད་སྦུག་སྔོན་དུ་བཞག་ན་འཚབ་འཚུབ་ཏུ་གྱུར་ནས་སྐད་ཆ་བཤད་མི་ཤེས་པར་འགྱུར་བ་དང་། ཡང་ལ་ལ་ཞིག་གི་སྔུན་དུ་བརྙན་མིག་བསྐོར་ན་དེ་མ་ཐག་འཚབ་འཚུབ་ཏུ་གྱུར་འགྲོ། དེ་བས་ཐོག་མར་ཕ་རོལ་བོའི་སེམས་ཁམས་ལྷོད་པོར་གཏོང་རྒྱུ་ནི་ཆེས་གལ་ཆེ་བའི་བྱ་བ་ཞིག་ཡིན། བཅར་འདྲི་བྱེད་སྟངས་ལ་རྣམ་པ་སྣ་ཚོགས་ཤིག་ཡོད། དཔེར་ན། གསར་འགྱུར་ལྟ་བུར་མཚོན་ན་འབྲེལ་མེད་ཀྱི་སྐད་ཆ་མང་མི་རུང་། དེ་བས་སྐད་ཆ་དེ་ཐད་ཀར་བརྗོད་བྱའི་སྙིང་བོའི་སྟེང་ལ་འཁྲིད་དགོས། ཡང་གལ་ཏེ་ཕ་རོལ་བོས་སྐད་ཆ་ཡར་མར་མང་བོ་བཤད་ན་དེ་མ་ཐག་ཁོའི་ཚིག་མཚམས་མི་འཕྲོག་པར་དེ་དང་བསྟུན་པའི་སྒོ་ནས་ཕྱིར་བརྗོད་བྱའི་སྟེང་ལ་འཁྲིད་དགོས། འོན་ཀྱང་ཡུལ་སྲོལ་དང་མི་སྣའི་ལོ་རྒྱུས་སོགས་ལ་བཅར་འདྲི་བྱེད་ན་དེ་དང་འབྲེལ་མེད་ལྟ་བུའི་ཁ་བརྡའི་འཕྲོ་ནས་ཀྱང་འབྲེལ་ཡོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་གཞན་པ་མང་བོ་ཤེས་ཐུབ་པས་ཁ་བརྡའི་ནང་དོན་ཅུང་གུ་ཡངས་ན་བཟང་། 

བཅར་འདྲི་དངོས་གཞི།

      དྲི་བ་འདོན་སྐབས།   ཡང་ན་ཕ་རོལ་བོས་ལན་འདེབས་པའི་སྐབས་གང་དུ་ཡིན་ཡང་རྣམ་རིག་གྲིམ་པོ་དང་།  ཕ་རོལ་བོ་ལ་ཧ་ཅང་དོ་སྣང་ཡོད་པའི་རྣམ་པ་སྟོན་དགོས།     དཔེར་ན།    གཞན་ལ་དྲི་བ་འདོན་སྐབས་ཀྱི་སྐད་གདངས་དང་།    ལན་འདེབས་སྐབས་སུ་ཡང་མཚམས་མི་ཆད་པར་ཕ་རོལ་བོའི་གདོང་གི་རྣམ་འགྱུར་ལ་ལྟ་ཞིང་།  ངག་ནས་ཀྱང་།  འོ་ལྟ་བུ་དང་།  རེད།  ཡ་ཡ།   དེ་ནས་ལྟ་བུ་མཚམས་མི་ཆད་དུ་བཤད་དགོས།   བཅར་འདྲིའི་སྐབས་ཕ་རོལ་བོའི་སྐད་ཆར་ཞིབ་ཏུ་ཉན་དགོས།       ཁ་བརྡའི་ཁྲོད་ནས་སླར་ཡང་བརྗོད་དོན་དང་འབྲེལ་བའི་དྲི་བ་གསར་བ་དང་གནད་དོན་གསར་བ་རྙེད་སྲིད།     

བཅར་འདྲི་བྱས་རྗེས་ཀྱི་ཁ་བརྡ།

     བཅར་འདྲི་བྱས་ཚར་རྗེས་དེ་མ་ཐག་ལམ་ལ་ལངས་ནས་མི་འགྲོ་བར་དེ་ལ་ཁ་བརྡ་བྱེད་དགོས།     དེ་ལྟར་བྱས་ན་ང་ཚོས་སྔར་ཡིད་ལ་མ་དྲན་པའི་གནད་དོན་དང་དྲི་བ་མང་བོ་ཞིག་གསར་དུ་རྙེད་ཐུབ།      གལ་ཏེ་བཅར་འདྲིའི་སྐབས་གནད་དོན་འདི་དག་ལ་དོ་སྣང་བྱས་ན་ད་གཟོད་བཅར་འདྲི་བྱེད་ཡུལ་དེ་ལྷོད་ལྷོད་ཅིག་ཡོང་ཐུབ།   དེའི་སེམས་ཁམས་ལྷོད་པར་བྱུང་ན་གནས་ཚུལ་ཞིབ་ཕྲ་མང་བོ་ཞིག་ཀྱང་རྒྱུས་ལོན་བྱེད་ཐུབ་པས།    དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

བཅར་འདྲི་བྱེད་སྟངས།

       བཅར་འདྲི་བྱེད་པ་ནི་གནས་ཚུལ་ཞིག་གསལ་བོར་ཤེས་པའི་ཆེད་དུ་ཡིན་པས།    གནད་དོན་ཆུང་ཆུང་ཞིག་ཡིན་ཡང་སྣང་མེད་མི་བྱེད་པར་བརྩད་གཅོད་དགོས།    དེ་བས་གནས་ཚུལ་གཅིག་མི་གཅིག་ཁོ་ན་ལ་འདྲི་བ་ལས་རྒྱུས་ཡོད་ཀྱི་མི་སྣ་འགའ་མཉམ་དུ་བསྡུ་ཐུབ་ན་ཤིན་ཏུ་བཟང་།   དེ་ལྟར་བྱུང་ན་ཁོ་ཚོས་ཁྱོད་ཀྱི་དྲི་བ་དང་འབྲེལ་བའི་གནད་དོན་མང་བོ་ཞིག་ལ་ལྷན་དུ་ཁ་བརྡ་དང་རྩོད་གླེང་བྱས་ནས་གཅིག་གིས་མི་ཤེས་པ་དེ་གཅིག་གིས་དྲན་སྐུལ་བྱེད་ཐུབ་པས།  གནས་ཚུལ་ཁ་ཇེ་གསལ་དང་འཐུས་ཇེ་ཚང་དུ་གཏོང་བར་ཕན་པ་ཡོད།    བཅར་འདྲི་བྱེད་སྟབས་སྣ་ཚོགས་ཤིག་ཡོད་པ་ལས་ད་སྐབས་དྲ་ལམ་ནས་བཅར་འདྲི་བྱེད་ཆོག་ལ།ཁ་པར་གྱི་ལམ་ནས་ཀྱང་བཅར་འདྲི་བྱེད་ཆོག་མོད།     ཆེས་གཙོ་བོ་དངོས་སུ་མི་སྣ་དེ་ལ་ཐུག་ནས་བཅར་འདྲི་བྱས་ན་ཤིན་ཏུ་བཟང་

བཅར་འདྲིའི་མཁོ་ཆས།

          བཅར་འདྲི་བྱེད་པར་མཁོ་ཆས་ཀྱང་སྣ་ཚོགས་ཤིག་ཡོད་དེ།   རབ་ཡིན་ན་བརྙན་ལེན་ཆས་དང་པར་ཆས།  སྒྲ་ལེན་ཆས།   ཟིན་ཐོ་འགོད་དེབ་བཅས་ཆ་ཚང་དགོས་ལ།    དེ་འདྲའི་ཆ་རྐྱེན་མ་འཛོམས་ན་སྒྲ་ལེན་ཆས་ཤིག་དང་པར་ཆས་ཤིག་ངེས་པར་མཁོ་སྟེ།   སྐད་ཆ་སྒྲ་ལེན་པ་དང་།  ཡུལ་དངོས་པར་དུ་བླངས་ན་ད་གཟོད་དོན་དངོས་ཀྱི་རྣམ་པ་ཇེ་ཆར་འགྲོ་བ་ཡིན། དེ་ནི་ད་སྐབས་ཀྱི་ཁ་པར་དག་གི་སྟེང་ན་ནུས་པ་དེ་དག་ཚང་མ་ཡོད་པས་སྟབས་བདེ་ཡིན།   བཅར་འདྲིའི་ནང་དོན་ཟིན་ཐོར་འགོད་སྐབས་ཀྱང་བཅར་འདྲི་བྱེད་ཡུལ་གྱི་མིང་དང་།    ས་གནས།    དུས་ཚོད།    འདྲི་མཁན་བཅས་གསལ་བོར་འགོད་དགོས། གལ་ཏེ་ཕ་རོལ་བོ་མོས་མཐུན་བྱུང་ན་མཉམ་དུ་པར་ཞིག་དང་བཅས་ལེན་རྒྱུ་བརྗེད་མི་རུང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23654055
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།