༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་གཉིས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་
༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་གཉིས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-03-27ལྟ་ཀློག (392)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།


ཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

གླེང་བསླངས་པའི་གཏམ།

ལེའུ་དང་བོ། བདག་གིས་རྩོམ་འདི་འབྲི་བའི་ཀུན་སློང་།

དང་བོ།

    ཁ་ཅིག་གིས། ཁྱོད་ཀྱིས་ཅིའི་ཕྱིར་ནང་བསྟན་གྱི་ཁྱད་ཆོས་བཤད་པ་ཞེས་པའི་རྩོམ་འདི་འབྲི་འདོད་པ་ཡིན་ཞེས་དྲི་ན། འདིའི་ལན་ནི་བདག་ཁོ་ནས་གསལ་བར་འདེབས་ཐུབ་པོ།། བདག་གིས་རྩོམ་འདི་འབྲི་བའི་ཀུན་སློང་ནི་རྙེད་བཀུར་སྙན་གྲགས་ཀྱི་ཆེད་དུ་མིན་ཏེ། འདི་ཙམ་གྱིས་གྲགས་པའང་ཐོབ་མི་ནུས་ལ། སྙིགས་མའི་སེམས་ཅན་ཆགས་སྡང་གིས་ཀུན་ནས་འཁྲིགས་པ་དག་ལ་ཡང་དག་པའི་གཏམ་རྣ་བར་འགྲོ་དཀའ་བས་རྙེད་བཀུར་ཡང་ཐོབ་མི་ཐུབ་པའི་ཕྱིར་རོ།། འོ་ན་ཁྱོད་ཀྱི་ཀུན་སློང་གང་ཡིན་ཞེ་ན། དོན་ཚན་གསུམ་གྱི་སྒོ་ནས་བཤད་པར་བྱའོ།།

    དང་བོ། དེང་རབས་ཀྱི་སྤྱི་ཚོགས་འཆོས་ཤིང་སྐྱོབ་པའི་བདུད་རྩི་སྨན་མཆོག་ཏུ་གྱུར་བ་ནི་དམ་པའི་ཆོས་ཉིད་དོ།། སྲིད་འབྱོར་བདུད་ཀྱི་བསླུ་བྲིད་ལ་ཀུན་ནས་སྲེད་པའི་འཆིང་བས་དམ་དུ་བཅིང་བའི་དེང་རབས་ཀྱི་སྤྱི་ཚོགས་འདིར། འཛམ་གླིང་གོ་ལ་ཟླུམ་པོའི་ཁོར་ཡུག་ཡོངས་སུ་ཆགས་པའི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་འཛིན་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང༌། ཚད་མཐོ་བའི་ཚན་རིག་གི་དར་རྒྱས་དང་དངོས་པོའི་ལོངས་སྤྱོད་ཀྱི་མུན་པའི་ཁྲོད་དུ་རང་ཉིད་ཀྱི་ཁ་ཕྱོགས་བོར་ཞིང་འཁྱམ་པར་གྱུར་ཏོ༎ ཁྱིམ་རྒྱུད་དང་མི་ཆོས། ཀུན་སྤྱོད་དང་བསམ་བློ་སོགས་རྨང་ནས་འགྱུར། དེའི་ཕྱིར་རྒྱལ་སྤྱིའི་སྟེང་སྣོད་བཅུད་མཐའ་དག་རྨེག་མེད་དུ་གཏོར་བའི་རྡུལ་ཕྲན་དྲག་མཚོན་གྱི་རྫས་སྦྱོར་མང་བོ་ཕན་ཚུན་འགྲན་པའི་རླབས་འཕྲེང་གཅིག་ནས་གཅིག་བརྒྱུད་དུ་འཕྱོ་བས་གྲངས་མེད་སྐྱེ་འགྲོའི་ཚེ་སྲོག་དང་རང་བྱུང་མཛེས་པའི་ཁོར་ཡུག་ཀུན་ལ་འཇིགས་སྣང་ཆེན་པོས་བར་མེད་དུ་གཙེ། གོང་ན་གཏུམ་དྲག་ཆེ་ཞིང་སྐམ་སྲེད་ཅན་གྱི་དཔོན་པོ་མང་བོ་ཐོབ་དང་གོ་སའི་ཆེད་དུ་རྩོད། བར་ན་རང་གི་ཚེ་སྲོག་ལས་ཀྱང་རྒྱུ་ནོར་ལ་རྔམ་པའི་ཚོང་པ་མང་བོས་གཡོ་དང་ཁྲམ་པའི་ཟློས་གར་བསྒྱུར། འོག་ན་རྐུན་དང་ཇག་ལས་འབའ་ཞིག་གཉེར་བའི་ཐ་ཤལ་སྐྱེ་བོ་མང་བོ་མུན་ཁྲོད་ཀྱི་འབྱུང་བོའི་ཚུལ་དུ་ལྡང༌། མདོར་ན་མཐོ་ས་ན་རྒྱལ་ཁབ་ཀྱིས་གཡུལ་འཁྲུགས། དམའ་ས་ན་ས་རྩོད་ཆུ་རྩོད། ད་དུང་ཁ་རྩོད་ཚིག་རྩོད་སོགས་འགྲན་སེམས་ཕྲག་དོག་ཁོ་ནས་ལྷིང་འཇགས་ཀྱི་འཚོ་བའི་བདེ་སྐྱིད་ཡོངས་སུ་བཅོམ་སྟེ་ཕན་ཚུན་ལ་ཡིད་ཆེས་དང་རོགས་རམ་གྱི་སྤྱོད་བཟང་རྨེག་མེད་དུ་ཡལ། དེ་ལྟར་མཐོ་དམན་བར་གསུམ་གྱི་སྐྱེ་བོ་མཐའ་དག་དུག་གསུམ་གྱི་བཏུང་བས་ཆེས་ཆེར་མྱོས་པས་རང་ཉིད་གང་དུ་གནས། བྱ་བ་ཅི་ཞིག་སྒྲུབ་བཞིན་ཡོད་པ་སོགས་མི་ཤེས་ཤིང་རྨོངས་པར་གྱུར་ཏེ་ལྟོས་པ་སྤྲོ་དགས་ཁེངས་པའི་ཟོལ་དུ་རྫུ་ཡང་དོན་དངོས་སུ་གཏོལ་མེད་སྐྱོ་བས་གདུང་བར་གྱུར་ཏོ།།

    སྒྲ་མེད་ཁུ་སིམ་གྱི་མཚན་མོ་སྟེ་ཤེས་རིག་དྭངས་ཤིང་ལྷོད་པའི་སྐབས་སུ་མི་འགའ་ཞིག་རང་ཉིད་ལ་ཐེ་ཚོམ་དུ་གྱུར་ཏེ་འདི་ལྟར། བདག་གིས་མིར་སྐྱེས་པའི་རྒྱུ་ཅི་ཞིག་བསྒྲུབས། ཚེ་སྲོག་གི་རིན་ཐང་ནི་ཅི་ཞིག་ཡིན། འཚོ་བའི་དམིགས་ཡུལ་ནི་གང་ལ་གཏད་དམ་སྙམ་དུ་སེམས་ཤིང༌། དེ་ལས་ཀྱང་མི་འགའ་ཞིག་གིས་དེང་དུས་ཀྱི་སྤྱི་ཚོགས་ལ་བལྟས་ཚེ་སྒྲིག་ལམ་གྱི་ནུས་པ་ཤོར་ཞིང་འཁུམས་པ། ཀུན་སྤྱོད་ཀྱི་རྩ་བ་འཐོར་ཞིང་ཞིག་པ། མི་གཤིས་ཀྱི་རང་བཞིན་ལྷུང་ཞིང་ཉམས་པའི་ངང་ཚུལ་མཐོང་བས་བདེན་དོན་རིག་པའི་དྲན་འཛིན་སྐྱོ་བའི་སྦུབས་སུ་ཅི་ཡང་འཚུད་དོ།། གལ་ཏེ་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་སྐྱོབ་པའི་ཐབས་ཤིག་མི་འཚོལ་ན་མཐར་རང་ཉིད་ཀྱིས་རང་ཉིད་བརླག་པ་ལས་འོས་མེད་དོ།།

    འོ་ན་རང་ཉིད་སྐྱོབ་པའི་ཐབས་དེ་གང་དུ་འཚོལ་ཞེ་ན། དེ་ཡང་སྦྲུལ་གྱི་མདུད་པ་ཞིག་པའང་སྦྲུལ་རང་ལ་རག་ལས་པ་བཞིན་དུ་དེ་སྐྱོབ་པའི་ཐབས་ཀྱང་འགྲོ་བ་མིའི་རིགས་རང་སྟེང་དུ་འཚོལ་དགོས་ཀྱི་ཕྱིའི་འབྱུང་བཞི་ལ་བཙལ་བས་ཅི་ཡང་རྙེད་པར་མི་འགྱུར་རོ།།

    དེ་ཡང་ཐོག་མར་རང་ཉིད་ཀྱི་སེམས་སྲུང་བ་གལ་ཆེ་སྟེ། ཇི་སྐད་དུ་རྒྱས་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། ། སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། ། སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། ། དེ་ལྟའི་དེ་ནི་སེམས་ཉིད་དོ། ། ཞེས་དང༌། ས་སྟེང་ཐམས་ཅད་ཀོས་གཡོག་ཏུ། ། དེ་སྙེད་ཀོ་བས་ག་ལ་ལོངས། ། ཞེས་སེམས་ལ་རག་ལས་པར་གསུངས་ཤིང་རྒྱ་ནག་གནའ་བོའི་བསམ་བློ་བ་ཆེན་པོ། སློབ་གསོ་བ་ཆེན་པོ་ཁུང་ཙིས་ཀྱང་། རྒྱལ་ཁབ་ཡོངས་ལེགས་སྐྱོང་བྱེད་འདོད་ན། ཐོག་མར་རང་ཁྱིམ་དག་ཐེར་ཞིབ་ཚེགས་བྱེད་དགོས། རང་ཁྱིམ་ཞིབ་ཚེགས་བྱེད་འདོད་ན། ཐོག་མར་རང་ལུས་སྦྱོང་དགོས། རང་ལུས་སྦྱོང་བ་ལའང་ཐོག་མར་རང་སེམས་དྲང་བོར་སྲིང་དགོས་ཞེས་དེ་ཀུན་གྱི་རྩ་བ་སེམས་ལེགས་པར་སྲུང་བ་ལ་ཐུག་པར་གསུངས་པའི་ཕྱིར་དང་གསུངས་པ་དོན་ལའང་གནས་པའི་ཕྱིར། དེས་ན་རིང་དུ་ཟུམ་པའི་གནས་ལུགས་མཐོང་བའི་བློ་མིག་སད་པར་བྱས་ན་ད་གཟོད་དུས་རབས་ཀྱི་རྡུལ་ཁྲོད་དུ་འཐོར་བའི་སྤྱོད་བཟང་གི་རིན་ཆེན་སླར་ཡང་རྙེད་པར་འགྱུར་ལ། ཉམས་དམས་སུ་སོང་བའི་ལམ་སྲོལ་བཟང་བོ་སླར་གསོ་ཐུབ་པས་མིའི་རིགས་ཀྱི་མ་འོངས་པའི་འཇིག་རྟེན་དུ་བདེ་སྐྱིད་ཀྱི་སྐྱ་རེངས་སླར་ཡང་འཆར་བར་འགྱུར་རོ།།

    དེ་ཡང་སེམས་སྦྱོང་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་བ་ནི་ནང་བའི་ཆོས་ལས་གཞན་མི་རྙེད་ཅིང་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་སྔོན་དུ་བྱུང་བའི་གནས་ལུགས་མཁྱེན་པའི་རྒྱལ་བོ། ༧མཉམ་མེད་ཐུབ་དབང་རིན་པོ་ཆེའི་ཞལ་གྱི་བུམ་བཟང་ལས་བྱུང་བའི་དམ་ཆོས་འཆི་མེད་བདུད་བརྩིའི་སྨན་མཆོག་འདི་ཉིད་དུས་རབས་ཀྱི་རིམས་ནད་གསོ་བའི་མཆོག་ཏུ་ངེས་ཏེ། དམ་པའི་ཆོས་སུ་མི་རྣམས་ལ་རང་སེམས་རྣལ་དུ་ཕོབས་ལ་བརྟག་དཔྱད་ཞིབ་ཏུ་ཐོངས། སྤྲོ་སྐྱིད་ནི་ཕྱིའི་ཡུལ་ལ་མི་གནས། བདེ་སྐྱིད་ནི་ནང་སེམས་སུ་ཡོད། རྔམ་སྲེད་ཀྱི་དབང་དུ་མ་འགྲོ། འདོད་ཆུང་ཆོག་ཤེས་གྱིས། གནོད་སེམས་ཀྱི་རྗེས་སུ་མ་རྒྱུག རང་ལས་གཞན་གཅེས་པའི་བྱང་སེམས་སྒོམས། དེ་ལྟར་བསྒོམ་ན་ནམ་ཞིག་བཅོས་མིན་གྱི་མྱོང་བ་ཐོན་པ་གདོན་མི་ཟ་ལ། དེའི་ཚེ་རང་སེམས་རྣལ་དུ་གནས་ཤིང་འགྱུར་མེད་ཀྱི་བདེ་བ་འཐོབ་པས་སྡུག་བསྔལ་ཐམས་ཅད་རང་ཞི་རུ་འགྲོ་ཚུལ་དཔེ་དང་བཅས་ཏེ་མང་དུ་གསུངས་པའི་ཕྱིར་རོ།། དེ་ཡང་ཡིན་ཏེ། དཔེར་ན་ཐོག་མར་རླུང་ཞི་ཞིང་རླབས་འཇག་ན་ཆུའི་ཟེགས་མ་འཕྱོ་བར་མི་བྱེད། ཟེགས་མ་འཇག་ཚེ་ཡུལ་གྱི་གནས་ལུགས་གསལ་བར་འགྱུར་བས། དེ་ནས་གཏོལ་མེད་དུ་འཁྱམ་པའི་རང་ལམ་ཡང་གསལ་བར་མཐོང་བར་འགྱུར་བས་སོ།།

    དེས་ན་རང་སེམས་གསལ་བྱེད་ཀྱི་མེ་ལོང་འདི་རང་དང་སྐལ་མཉམ་གྱི་གྲོགས་པོ་རྣམས་ལ་དགོས་གལ་ཆེའོ་སྙམ་པ་བདག་གི་ཀུན་སློང་དང་བོའོ།།

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549190
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།