༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་དང་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པ
༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་དང་བོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-03-19ལྟ་ཀློག (403)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།

བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)    

རྨད་བྱུང་ཚོགས་གཉིས་རྫོགས་པའི་རྒྱ་མཚོ་ཆེ། ། སྟོབས་བཅུའི་རིན་ཆེན་ནོར་བུའི་མཛོད་ཀྱིས་གཏམས། ། སྒྲིབ་གཉིས་རྡུལ་དང་བྲལ་བའི་བསིལ་མངར་བཅུད། ། མཁྱེན་བརྩེའི་ཡོལ་གོར་འཁྱིལ་བའི་ཐུབ་དབང་མཆོད། ། རྒྱལ་བའི་རྒྱལ་སྲས་བྱེ་བའི་དཀྱིལ་འཁོར་དུ། ། རྒྱལ་བའི་མཛད་པ་ཀུན་གྱི་ཁུར་ཆེན་པོ། ། རྒྱལ་བ་བཞིན་དུ་འདེགས་བཟོད་འཇམ་དབྱངས་དང་། ། རྒྱལ་བའི་རྒྱལ་ཚབ་མི་ཕམ་མགོན་ལ་འདུད། ། ཐུབ་པའི་ལེགས་གསུངས་ཟབ་དོན་སྦྲང་རྩིའི་བཅུད། ། རྒྱ་ཆེན་ཚིག་གི་འདབ་མར་ཡིབ་པ་གང་། ། ཡང་དག་ཚད་མས་བླངས་ནས་སྟེར་མཛད་པར། ། ཚད་མར་ལུང་བསྟན་ཤིང་རྟ་ཆེ་གཉིས་མཆོད། ། རྟོགས་དཀའ་བསྟན་པའི་གནད་ཀུན་མ་ལུས་པ། ། བརྩེ་ཆེན་ཆ་ཤས་གང་བའི་ཆུ་ཤེལ་ལས། ། ལེགས་འོང་ལེགས་བཤད་ཟེར་བརྒྱས་གསལ་མཛད་པའི། ། འཕགས་བོད་པཎ་གྲུབ་ཀུན་ལ་སྙིང་ནས་འདུད། ། ལྔ་བདོའི་མུན་ནག་དཀྲིགས་པའི་འཁོར་ས་ཆེན། ། བླང་དོར་རྣམ་དབྱེ་གསལ་བའི་མིག་སྦྱིན་མཁན། ། དུས་གསུམ་རྒྱལ་བའི་གདུང་འཚོབ་བླ་མ་མཆོག ། བྱང་ཆུབ་སྙིང་བོའི་བར་དུ་སྤྱི་བོས་མཆོད། ། མ་རིག་རྨོངས་པས་བློ་མིག་ཀུན་ནས་ལོང་། ། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད། ། སྡུག་བསྔལ་གསུམ་གྱིས་སྲིད་པའི་རྒྱ་མཚོ་རུ། ། གཙེ་བའི་མར་གྱུར་འགྲོ་བའི་ངང་ཚུལ་སྐྱོ། ། ལྷག་པར་དུས་ཀྱི་འགྱུར་བའི་རིམས་ནད་ཀྱིས། ། ཡང་དག་རིག་པའི་སྲོག་ལ་ཉེར་འཚེ་བས། ། གཅིག་ལ་གཅིག་གནོད་བརྩོན་པའི་སྦྲུལ་གདུག་གིས། ། ལུས་སེམས་ཞི་བདེའི་སྐལ་བ་ཡོངས་སུ་བཅོམ། ། ཚུལ་དང་ཚུལ་མིན་འབྱེད་པའི་རྣམ་དཔྱོད་ཀྱི། ། འཇུག་པ་དམན་རྣམས་རང་གི་ཉེས་པའི་གྲིབ། ། དམ་པའི་གསུང་ལ་བསྒོ་བར་ལྷུར་ལེན་པའི། ། མཁས་རློམ་སྐྱི་བརྟོལ་ཅན་དག་མགོ་འཕང་མཐོ། ། གནས་ལུགས་ཇི་བཞིན་མཁྱེན་ཅིང་བརྩེ་ཆེན་གྱི། ། སྤྲིན་ལས་ཉེར་འོང་དུག་གསུམ་ཙ་བའི་རླབས། ། གཞོམ་པའི་གཉེན་གཅིག་ཐུབ་གསུངས་བརྒྱད་ལྡན་ཆབ། ། སྨོད་ཅིང་གདུང་བ་དུས་ཀྱི་དབང་ངམ་ཅི། ། ཕྱོགས་ལྷུང་གདོན་གྱིས་སྙིང་ལ་བྱིན་བརླབས་པའི། ། ཅོལ་ཆུང་འགའ་ཞིག་རང་གི་སྤྱོད་ཚུལ་དང༌། ། འགལ་བར་གྱུར་ཚེ་ཉི་མའང་ཤར་ཕྱོགས་ནས། ། ཤོར་བར་བསྟན་ཀྱང་རྒོལ་བའི་ཨུ་ཚུགས་འཛིན། ། དེ་ཕྱིར་སངས་རྒྱས་སྟོང་གིས་མ་ཐུལ་བའི། ། མི་སྲུན་རྣམས་ལ་ཕན་པར་དཀའ་ན་ཡང་། ། གཟུར་གནས་བློ་གསལ་འགའ་ཙམ་གྲོལ་བའི་རྒྱུར། ། མཆོག་གསུམ་དགོས་པ་གོ་བ་ཙམ་བྱུང་ནའང་། ། སངས་རྒྱས་བསྟན་ལ་ཞུགས་པའི་ལྷག་བསམ་གྱིས། ། ཞི་བདེའི་དོན་ལ་བྱས་རྗེས་བསྒྲུབ་སྙམ་སྟེ། ། ཐུབ་བསྟན་རིན་ཆེན་མཆོག་གི་ཁྱད་ཆོས་འདི། ། གྲོགས་ཀྱི་ཚོགས་ལ་གླེང་བར་ཅི་ཡང་སྤྲོ། །  

     དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་འཕགས་ཡུལ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཞིང༌། ཉན་ཐོས་རྣམས་ཀྱིས་བཀའ་བསྡུ་རིམ་པ་གསུམ་མཛད། དེའི་རྗེས་སུ་རྒྱལ་བ་ཉིད་ཀྱིས་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་གསུང་རབ་ལ་དྲང་ངེས་ཀྱི་ཁྱད་པར་ལེགས་པར་ཕྱེས། དེ་དག་གི་རྗེས་སུ་འབྲང་བའི་སྲོལ་འཛིན་དམ་པ་དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་ཨརྱ་དེ་བ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ། སློབ་དཔོན་ལེགས་ལྡན་འབྱེད། ཞི་འཚོ་ཡབ་སྲས། རྒྱལ་སྲས་དབྱིག་གི་གཉེན་པོ། སློབ་དཔོན་ཕྱོགས་ཀྱི་གླང་བོ་ཡབ་སྲས་སོགས་འཕགས་ཡུལ་པཎ་གྲུབ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་བཀྲལ་བ། མ་ལུས་འགྲོ་བ་ཡོངས་ཀྱི་དུག་གསུམ་ནད་ཀྱི་སྡུག་བསྔལ་སེལ་བའི་སྨན་མཆོག་གཅིག་བུ་འདི་ལ་ད་ལྟ་“སངས་རྒྱས་པའི་ཆོས་ལུགས”ཞེས་ཐ་སྙད་བཏགས་ཡོད། ལོ་ངོ་གཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སངས་རྒྱས་པའི་ཆོས་ལུགས་འདི་ལ་ཕྱིན་ཅི་ལོག་གི་མུན་པས་ཤེས་རབ་ཀྱི་མིག་ཟུང་སྒྲིབ་པའི་མཁས་རློམ་མང་པོས་དགག་པ་བྱས་ཤིང་། གྲུབ་མཐའ་དང་རིག་པ་གང་ཡང་མེད་ཀྱང་ཕྲག་དོག་དང་ཞེ་སྡང་གི་མེ་ཡིས་གཤིས་རྒྱུད་ཀུན་ནས་སྲེག་པའི་སྐྱེ་བོ་མང་བོས་གནོད་འཚེ་ཚད་མེད་བྱས་མོད། འོན་ཀྱང་གསེར་གྱི་རང་བཞིན་འདམ་དྲིས་ལྷད་མི་ཐུབ་པ་བཞིན་དུ་གནས་ལུགས་ཡང་དག་སྟོན་པའི་ནང་བསྟན་འདི་ཉིད་རྨེག་མེད་དུ་བསྣུབ་མ་ཐུབ་པར་མ་ཟད། གནས་ལུགས་དཔྱོད་པའི་བློ་གྲོས་ཡངས་པའི་གཞན་སྡེའི་མཁས་པ་མང་པོ་དང༌། ཚན་རིག་པ་མང་བོ་ཞིག་ཀྱང་ངོ་མཚར་བའི་ནང་བའི་ཆོས་ལུགས་ཀྱིས་ཡིད་རང་དབང་མེད་པར་འཕྲོག་སྟེ་བསྟོད་བཀུར་བསྔགས་གསུམ་གྱིས་ཞུགས་པ་ནི། དཔེར་ན། ཐོག་མར་ཕྱི་རོལ་བ་ཡིན་ཀྱང་རྗེས་སུ་ནང་བའི་ཆོས་ལུགས་ཀྱི་ཁྱད་ཆོས་མཐོང་བའི་སློབ་དཔོན་མཐོ་བཙུན་གྲུབ་རྗེའི་ཞལ་ནས། བདག་ནི་སྟོན་པ་གཞན་སྤངས་ནས། ། བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། ། དེ་ཅིའི་སླད་དུ་ཞེ་ན་ཁྱོད། ། སྐྱོན་མི་མངའ་ལ་ཡོན་ཏན་ལྡན། ། ཞེས་དང༌། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། ། ཇི་ལྟ་ཇི་ལྟར་རྣམ་བསམ་པ། ། དེ་ལྟ་དེ་ལྟར་མགོན་ཁྱོད་ལ། ། བདག་གི་སེམས་འདི་དད་པར་འགྱུར། ། ཞེས་སོགས་གསུངས་ཤིང༌། དེའི་སྐུ་མཆེད་བདེ་བྱེད་བདག་པོས་ཀྱང་། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། ། སེར་སྐྱ་སོགས་ལ་མི་སྡང་ཡང་། ། གང་ཞིག་རིགས་པར་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། ། ཞེས་སོགས་དང༌།

    དེ་བཞིན་དུ་སློབ་དཔོན་དཔའ་བོ་དང༌། སྤྱན་རས་གཟིགས་བརྟུལ་ཞུགས། པཎ་ཊི་ཏ་བརྡ་སྤྲོད་པའི་དབང་ཕྱུག་སོགས་བགྲང་གིས་མི་ལང་ཞིང་། ཀྲུང་གོའི་དམངས་གཙོ་རྙིང་བའི་སྲོལ་བཏོད་པ་སྐུ་ཞབས་སུན་ཀྲུང་ཧྲན་གྱིས། ནང་ཆོས་ནི་མཚན་ཉིད་རིག་པའི་མ་ཡུམ་སྟེ། དེ་ལ་ཞིབ་འཇུག་བྱས་ན་ཚན་རིག་ལ་གསབ་བསྐང་བྱེད་ཐུབ་ཅེས་བརྗོད་ཅིང༌། གསར་བརྗེའི་རྩོམ་པ་བོ་གྲགས་ཅན་ལུའུ་ཞུན་གྱིས་ཀྱང༌། ནང་བསྟན་ལ་གདེང་འཇོག་མཐོན་པོ་བྱེད་ཅིང་མདོ་སྡེ་དཔེ་བརྒྱ་བ (百喻经) ཡང་རྒྱ་ཡིག་ཏུ་བསྒྱུར། ཚན་རིག་པ་ཆེན་པོ་ཡོའུ་ཀྲི་པེའོ་ཡང་སྔར་ནང་ཆོས་ལ་གཏན་ནས་མི་དད་པར་མ་ཟད། ནང་བསྟན་ནི་བརྗོད་བྱ་བྲལ་བ་བྱིས་པའི་ལབ་བརྡོལ་ལྟ་བུ་དང༌། དོན་སྙིང་མེད་པ་ཆུ་ཝུར་ལྟ་བུ། འདོད་དོན་མི་སྒྲུབ་པ་བྲིས་པའི་ཁ་ཟས་ལྟ་བུའོ་ཞེས་སྐྱོན་བརྗོད་བྱས་ཀྱང་རྗེས་སུ་ཞིབ་ཏུ་སྦྱངས་ཏེ་སྔར་ཁོ་བོས་ནང་བསྟན་དང་ཆོས་ལུགས་གཞན་དག་འདྲ་མཉམ་དུ་བཞག་པ་ནི་འགྱོད་པ་སྐྱེས་ཞེས་སོགས་གསུངས་ཞིང༌། ཚན་རིག་པ་ཞིག་གིས་ནང་བསྟན་ལ་ཞིབ་འཇུག་བྱས་པའི་སྙན་ཞུ་ཞེས་པ་དང་ནང་བསྟན་ཚན་རིག་གི་ལྟ་བ་ཞེས་སོགས་ཀྱི་བརྩམས་ཆོས་དག་ལས་ནང་ཆོས་ལས་མཐར་ཐུག་པའི་ཆོས་ལུགས་ཤིག་མེད་པར་བཤད་ཡོད། 

   གཞན་ཡང་འཇར་མན་གྱི་ལྟོས་མེད་སེམས་གཙོ་སྨྲ་བའི་སྲོལ་འབྱེད་ཆེན་པོ་ཧེ་ཀེར་གྱིས་ཀྱང་ནང་བསྟན་མཚན་ཉིད་རིག་པར་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་སྤྲད་པ་སོགས་ཧེ་ཀེར་གྱིས་བརྩམས་པའི་གཏན་ཚིགས་རིག་པ (逻辑学) ཞེས་པའི་གཞུང་དུ་གསལ་ཞིང༌། འཇར་མན་གྱི་མཁས་པ་ཆེན་པོ་བྲོའུ་པིན་ཧྭས (叔本华1788-1860) ནུབ་ཕྱོགས་སུ་ཤིན་ཏུ་དར་བའི་ཡེ་ཤུའི་ཆོས་ལུགས་པས་ས་སྟེང་གང་བའི་ཁྲོད་དུའང་གནས་ལུགས་མཐོང་བའི་སྤོབས་པ་ལྡོག་མེད་དུ་གཏོས་པས། ནང་བའི་བསྟན་པ་ནི་ཆེས་མཐོ་བའི་ཆོས་ལུགས་དང༌། སྡུག་བསྔལ་སེལ་བའི་ནང་བསྟན་གངས་ཆུའི་ཉིང་བཅུད། ཐབས་ལམ་མཆོག་ཏུ་གྱུར་བ་ནི་མྱང་འདས་ལ་ཐུག་ཅིང༌། འདོད་སྲེད་ནི་སྡུག་བསྔལ་གྱི་རྩ་བའོ་ཞེས་སོགས་སྐད་གསང་མཐོན་པོས་བསྒྲགས་ལ། ཨུ་རུ་སིའི་རྩོམ་པ་པོ་སྙན་གྲགས་ཅན་ཐོ་རི་སི་ཐེ  (托尔斯泰) ཡང་ནང་བསྟན་ལ་འབྲེལ་འདྲིས་ཆེ་བའི་རླབས་ཆེན་གྱི་རྩོམ་པ་པོ་ཞིག་ཡིན་པར་བཤད་པ་མཐོང་ཞིང༌། དེར་མ་ཟད་ཉེ་ཆར་ཨ་རིའི་གསར་འགྱུར་འགའ་ཞིག་ཏུ་དབྱིན་ཇིའི་དངོས་ལུགས་སྨྲ་བའི་དབང་བོ་ཨའེ་ཡེན་སི་ཐན (爱因斯坦) གྱི་ལྟ་བ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་དང་མཐུན་པར་བཤད་ཅེས་མཁས་པ་འགའ་ཞིག་གིས་བཤད་པ་ཐོས་པས། དེས་ན་ནང་བསྟན་ནི་སྟོང་སྣང་སྨྲ་བ་ཞིག་དང་རྨོངས་དད་ཅིག་ཡིན་ནོ་ཞེས་སྨྲ་བ་དག་ནི་བློ་གྲོས་རྩིང་ཞིང་བབ་ཅོལ་འབའ་ཞིག་ཏུ་ཤེས་པར་བྱའོ།།

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557224
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།