བོད་ཀྱི་བུད་མེད་དང་སྐད་ཡིག་སློབ་གསོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »བོད་ཀྱི་བུད་མེད་དང་སྐད་ཡིག་སློབ་གསོ།
བོད་ཀྱི་བུད་མེད་དང་སྐད་ཡིག་སློབ་གསོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-03-18ལྟ་ཀློག (470)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་ཀྱི་བུད་མེད་དང་སྐད་ཡིག་སློབ་གསོ། 

ཨ་སྐལ་རྒྱམ།  

  གཅིག

  འཇིག་རྟེན་སྟེང་གི་མི་ཕལ་མོ་ཆེས་ཁོའི་རྣ་བར་མི་སྙན་པའི་སྐད་ཆ་(སློབ་གསོ)དེའི་ཕན་གནོད་གང་ལའང་བསམ་བློ་མི་གཏོང་བར། དེ་མ་ཐག་རྣ་རྒྱབ་ཀྱི་རླུང་བུའི་གྲོས་སུ་གཞག་འགྲོ་བ་ནི་ཆོས་ཉིད་ཅིག་ཏུ་མཐོང་། ཁ་དཔེར“ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད”ཟེར་བ་ནང་བཞིན། སྐད་ཆ་དྲང་མོ་ཞིག་མི་འཆབ་མི་སྦས་པར་བཤད་མཁན་ནི་བློ་གཟུ་བོར་གནས་པའི་རྟགས་ཤིག་ཏུ་མཐོང་། སྔ་རབས་བོད་ཀྱི་སྲིད་པ་རྒན་པོའི་གཏམ་དཔེ་རུ་བུད་མེད་ལ་སྨད་ཅིང་འཕྱས་པའི་ཚིག་ཁ་ཤས་ང་ཚོས་མཐོང་ཐོས་ཡོད་པ་བཞིན། མི་འགའ་རེས་དུས་རྒྱུན་འཚོ་བའི་ཁྲོད་དུ་བུད་མེད་ཀྱི་སྟེང་ནས་མི་ལེགས་པའི་སྐྱོན་ཆ་མཐོང་བ་ན། སྐད་ཆ་དེ་དག་བཀོལ་ཏེ་ཁོ་ཚོར་སློབ་གསོ་གཏོང་བྱེད་ཀྱི་ལག་ཆ་བྱེད་བཞིན་ཡོད་པས། དོན་དག་འདིས་བུད་མེད་ཚོ་ལ་བཟུང་བའི་ལྟ་ཚུལ་ནི་སྐྱེས་པ་དང་བསྡུར་ན་ཅུང་དྲང་བདེན་མ་ཡིན་པའི་ཆ་ཞིག་ཡོད་པས་ན། བུད་མེད་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་རང་ཉིད་ལ་དམའ་འབེབས་དང་ཁྱད་གསོད་བྱེད་བཞིན་འདུག་སྙམ་སྟེ་ཁོང་ཁྲོ་ལངས་ཤིང་འཁང་ར་བྱེད་བཞིན་ཡོད།

 ཡིན་ཡང་དེ་ནི་ཧང་སངས་དགོས་པའི་དོན་དག་ཅིག་ལ་བརྩིས་ཏེ་ཐོབ་ཐང་དང་། རང་དབང་། འདྲ་མཉམ། རྒྱུ་འབྲས་སོགས་ཀྱི་ཁ་གཡང་བསྒྲགས་པ་ཙམ་གྱིས་མྱུར་བར་མངོན་འགྱུར་ཡོང་ཐུབ་པ་ཞིག་མ་རེད། དེ་ཡི་གནད་འགག་གཙོ་བོ་ནི་བུད་མེད་སོ་སོས་རང་ཉིད་ཀྱི་སློབ་གསོ་ཡར་རྒྱས་སུ་བཏང་སྟེ་འབད་བརྩོན་དང་ཤེས་ནུས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་ལས། མི་སྒེར་དང་ཚོགས་ཁག་གང་གིས་ཀྱང་ཁྱེད་ཅག་ལ་དེ་དག་སྤྲད་ཡོང་རྒྱུ་ཞིག་མེད་པ་ནི་ཁ་གསལ་གཏིང་གསལ་རེད།

 ང་ཚོ་སུ་ཡིན་ཡང་ཡིད་དུ་མི་འོང་ཞིང་མི་སྙན་པའི་གཏམ་ངན་དང་ཚིག་རྩུབ། ངན་སྨོས་དག་ནི་རྣར་གཟན་པའི་སྐད་ཆ་ཞིག་ཡིན་པས་ན། དེ་ནི་གཟུགས་མེད་ཀྱི་གྲི་ཆུང་ཞིག་གིས་སྙིང་ལ་བཙུགས་པ་དང་འདྲ་བས་བཟོད་མི་ཐུབ་པ་ཞིག་རེད། ཡིན་ཡང་ང་ཚོས་འཛམ་གླིང་གི་ས་ཁུལ་གང་སར་འཚོ་བཞིན་པའི་བུད་མེད་ཀྱི་གནས་བབ་ལ་བལྟས་ཚེ་ང་ཚོ་ནི་བུད་མེད་ལ་མཐོང་ཆེན་དང་གུས་བརྩི་བྱེད་མཁན་གྱི་གྲོས་སུ་མེད་ཀྱང་བུད་མེད་ལ་མནར་གཅོད་དང་གཉའ་གནོན་ཁོ་ན་བྱེད་མཁན་ཞིག་མིན་པ་ནི་ས་དེ་གའི་བུད་མེད་ཚོའི་སྐྱིད་སྡུག་ལས་ར་སྤྲོད་བྱེད་ཐུབ།

གཉིས།

 འོ་ན་བུད་མེད་ཚོར་ཕྲད་པའི་དཀའ་རྙོག་འདི་ཇི་ལྟར་ཐག་གཅོད་བྱེད་དགོས་པའང་དེ་འདྲའི་འགྲུབ་ཐབས་མེད་པ་ཞིག་མིན་ལ། ཇི་ལྟར་འཚོལ་ཞིབ་བྱས་ཀྱང་གཏན་ནས་རྙེད་མི་ཐུབ་པ་ཞིག་ནི་དེ་བས་ཀྱང་མ་རེད། དེ་ནི་རང་གི་ཉེ་འཁོར་ཁོ་ན་རུ་མཆིས་པའི་དུས་རྒྱུན་མཐོང་དུ་ཡོད་པའི་གནས་ཚུལ་ཙག་ཙིག་དག་ཡིན།

 དཔེར་མཚོན་ཙམ་བཀོད་ན། སྤྱིར་དོན་དག་འདིའི་ཁྲོད་དུ་སྐྱེས་པ་རྣམས་ཀྱང་མེད་པ་མིན་མོད། བལྟོས་བཅས་ཀྱིས་བཤད་ན། བུད་མེད་ཚོས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་རྒྱུར་འཛེམ་དོགས་བྱེད་ཀྱིན་ཡོད་པ་འདིས་མ་གཞི་ནས་ཁོ་ཚོས་རང་ཉིད་ཆ་མི་མཉམ་པའི་འཇིག་རྟེན་ཞིག་ལ་བཙན་ཚུགས་ཀྱིས་འཚངས་ནས་འགྲོ་བཞིན་ཡོད་པ་དང་། རང་ཉིད་ནི་ཁ་ཡོད་ཀྱང་ལྐུགས་པ་དང་ལག་ཡོད་ཀྱང་ཞ་བོ། མིག་ཡོད་ཀྱང་ཞར་བ་ཞིག་ལ་བརྫུས་ནས་འགྲོ་བཞིན་ཡོད་པས་ས་སྒང་འདི་དང་འཇིག་རྟེན་འདིར་རང་ཉིད་ངོ་མ་ནི་ཇི་འདྲ་ཞིག་ཡིན་པ་ཁོ་ཚོས་གཏན་ནས་མཐོང་གིན་ཡོད་པ་མ་རེད།

 འདི་ནི་བོད་ཀྱི་བུད་མེད་ཚོས་སློབ་གསོའི་ལྟ་བ་ཡང་དག་ཅིག་རྙེད་མེད་པ་དང་། ཡོད་པའི་དབང་དུ་བཏང་ནའང་ཁོ་ཚོས་ལག་ལེན་དུ་བསྟར་གྱིན་མེད་པས་ལན་པ་རེད། ཚན་རྩལ་འཕེལ་རྒྱས་ཀྱི་མྱུར་མགྱོགས་རླུང་གི་གཤོག་པར་འགྲན་པའི་དུས་སྐབས་འདིར། དཔེར་ན། ང་ཚོའི་མིག་དང་རྣ་བའི་སྤྱོད་ཡུལ་དུ་གྱུར་བའི་བརྡ་འཕྲིན་ཡོ་བྱད་མང་པོ་ཞིག་དར་དང་དར་བཞིན་ཡོད་ལ། དེ་དག་ཏུ་བོད་ཡིག་སྤྱོད་རུང་བ་མང་པོ་ཡོད་ཀྱང་བོད་རིགས་ན་གཞོན་ཚོས་གྲོགས་ཕན་ཚུན་དབར་གྱི་ཁ་བརྡ་དང་ཀུ་རེའི་སྐད་ཆ་ཐུང་ཐུང་ཞིག་བཤད་ན་ཡང་། དེའི་ཁྲོད་དུ་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཆེས་ཉུང་བ་དང་མེད་པ་ལྟ་བུར་ཆགས་འདུག་ལ། འདི་དག་ལས་བརྒྱ་ཆ་དགུ་བཅུ་ཙམ་ནི་བུད་མེད་རྐྱང་རྐྱང་རེད།

 ནམ་རྒྱུན་ངས་ཀྱང་རང་གི་སྐད་འཕྲིན་དང་ཁྱེའུ་འཕྲིན། པོད་ཕྲན་སོགས་ཀྱི་གྲོགས་ཚོམས་སུ་མིག་བཤེར་རེ་བྱས་འོང་དུས། བུད་མེད་མང་པོ་ཞིག་གིས་གནས་དེ་དག་ཏུ་ནམ་རྒྱུན་ཤིས་ཚིག་དང་སེམས་ཚོར་ཐན་ཐུན། འདྲ་པར་སོགས་སྣ་ཚོགས་པ་ཞིག་སྤེལ་ཡོང་གིན་འདུག ཡིན་ཡང་ཁོ་ཚོ་ཕལ་ཆེ་བས་བེད་སྤྱོད་གཏོང་གིན་པའི་ཡི་གེ་ནི་རྒྱ་ཡིག་སོགས་ཡིག་རིགས་གཞན་དག་ཡིན་པ་ལས་ང་ཚོ་རང་གི་སྐད་ཡིག་མ་རེད། ཐ་ན་ཁོ་ཚོས་སྐད་འཕྲིན་སོགས་ཀྱི་རང་གི་སྨྱུག་མིང་ཙམ་ཡང་བོད་ཡིག་གིས་འབྲི་མཁན་ཉིན་མོའི་སྐར་མ་ཙམ་རེད།

གསུམ།

 བོད་ཀྱི་སྐད་ཡིག་སློབ་གསོའི་ཁྲོད་དུ་བོད་སྐད་དང་བོད་ཡིག་གཉིས་ནི་ཆེས་རྩ་གནད་དུ་འཛིན་དགོས་པའི་རྨང་གཞིའི་ཤེས་བྱ་ཞིག་ཡིན་ཙ་ན། རྨང་གཞི་འདི་ཙམ་ཡང་བོར་འགྲོ་མཁན་དག་ནི་བསམ་བཞིན་དུ་རང་གི་སྐད་ཡིག་ལ་མཐོང་ཆུང་དང་རྡོག་བརྫིས་བྱས་པའི་རང་མཚང་ཕྱི་རུ་བསྟན་པ་ལས་གཞན་གང་ལའང་ཁག་དཀྲི་ས་མེད། འགའ་རེས་རང་གི་ཁ་པར་དུ་བོད་ཡིག་མེད་ཚུལ་གླེང་གིན་ཡོད་པ་ནི་ལྷག་པར་སྐྱག་རྫུན་ཁོ་ན་སྟེ། དེང་སྐབས་ཀྱི་ཚོང་རའི་དཔལ་འབྱོར་ཁྲོད་ཁ་པར་བཟང་ངན་གང་ཡིན་ཡང་བོད་ཡིག་མཉེན་ཆས་ནང་འཇུག་བྱས་ཡོད་པས་དེ་ལ་སེམས་ཁྲལ་བྱེད་དགོས་པ་ཞིག་ཁྱོན་ནས་མ་རེད།

 གནས་ཚུལ་འདི་ལྷག་པར་དུ་སློབ་གྲྭར་འགྲོ་བཞིན་པ་དང་སོང་མྱོང་མཁན་གྱི་བུད་མེད་ཁྲོད་ན་ཆེས་ཆེར་མང་པོ་འདུག  ཇ་ཡུན་ཙམ་དུ་གླེང་མོལ་བྱས་ནའང་བོད་མོ་དག་གིས་ཕན་ཚུན་ལ་རྒྱ་སྐད་རྐྱང་རྐྱང་ལས་མི་བཤད་པ་འདིས་བལྟས་བལྟས་རིག་རིག་ལ་ང་ཚོའི་མི་རབས་འདི་ཕྱིར་ཡོང་མེད་པའི་གཡང་གཟར་གྱི་ལམ་ཁ་ཞིག་ལ་འཁྲིད་ནས་འགྲོ་བཞིན་ཡོད་པ་རེད།

  འདི་ནི་འཇིག་རྟེན་གྱི་ཨ་མ་དག་གམ་མ་འོངས་པའི་བོད་ཀྱི་ཨ་མ་དག་གི་ལས་འགན་དང་། བོད་ཀྱི་ཨ་མ་དག་གི་སློབ་གསོ་ལ་འདང་རེ་བརྒྱབ་ན་སེམས་ལ་རང་དབང་མེད་པར་དངངས་སྐྲག་གིས་ཁེངས་ནས་འོང་བ་ཞིག་རེད། “བོད་ཀྱི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་སློབ་གསོ་ཡིན”ཞེས་གསུངས་པ་བཞིན་ང་ཚོ་ཐུན་མོང་གིས་ཨ་མའི་སློབ་གསོ་ལ་གདེང་འཇོག་ཚད་མཐོན་པོ་བྱེད་དགོས་པ་ལས་སུས་ཀྱང་རང་ལ་མ་བབས་པའི་དོན་དག་ཅིག་ཏུ་བརྩི་མི་རུང་།                           

 བདག་གིས་ལོ་ངོ་དུ་མར་སློབ་གྲྭ་ཆུང་འབྲིང་གི་སློབ་མ་མང་པོ་ཞིག་ལ་སློབ་ཁྲིད་བྱས་ཏེ་ཡོང་བ་ཡིན་པས། རང་གི་ཉམས་མྱོང་ལས་ཤེས་གསལ་ལྟར་ན། དུས་རྒྱུན་གྱི་སློབ་ཁྲིད་དཀའ་གནད་ཁྲོད(བོད་ཀྱི་སྐད་ཡིག་གཙོར་བྱས་པ)ཀྱི་དྲི་བ་དག་གི་ལན་འདེབས་མཁན་དང་ལན་ཐེབས་མཁན་དག་ནི་བུ་མོ་ཚོ་རེད། ཟླ་རྒྱུགས་དང་བར་རྒྱུགས། མཇུག་རྒྱུགས་ཁྲོད་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་ལེན་མཁན་ཡང་སྔར་བཞིན་བུ་མོ་ཚོ་རེད། རྣམ་དཔྱོད་ཀྱི་གཟི་བྱིན་མིག་ཟུང་ན་ཁྲ་ཆེམ་ཆེམ་དུ་འཁྱུག་ཅིང་། ཤེས་རབ་ཀྱི་མེ་དཔུང་མགོ་ཐོག་ན་དམར་ལྷེམ་ལྷེམ་དུ་འབར་གྱིན་པའི་བོད་ཀྱི་བུད་མེད་ཚོ་ཨང་། ཁྱོད་ཚོས་རང་གི་ནར་སོན་གྱི་བརྒྱུད་རིམ་ལ་ཞིབ་ལྟ་ཞིག་བྱོས་དང་། དེ་འདྲའི་ཁྱད་དུ་འཕགས་པའི་ནུས་རྩལ་ཞིག་རང་ལ་ཡོད་བཞིན་དུ་ཅིའི་ཕྱིར་རང་འགན་དང་དུ་བླངས་ཏེ་ལུགས་དང་མཐུན་པའི་སྒོ་ནས་ཕ་སྐད་མ་ཡིག་དེ་བེད་སྤྱོད་མི་བྱེད་པ་རེད། ཅིའི་ཕྱིར་རང་གི་ཁྱིམ་གཞིས་གཅེས་སྤྲས་བྱས་ཏེ་ཀུན་ལ་ཕན་པའི་སྒོ་ནས་རང་གི་སློབ་གསོ་ལ་བདག་པོ་མི་རྒྱག་པ་རེད།

                 བཞི།

  ཉེར་གཅིག་དུས་རབས་གསར་བའི་མཁའ་དབུགས་ཁྲོད་དུ། རྒྱལ་ཁབ་དང་རྒྱལ་ཁབ་དབར་རམ། མི་དང་མིའི་དབར་འགྲན་རྩོད་ཀྱི་ལྟ་བ་ཤུགས་དྲག་ཏུ་དར་བའི་དུས་འདིར། ཡང་སྙིང་བོད་ཀྱི་བུད་མེད་ཚོས་རང་གི་སྐད་ཡིག་ལ་སྣང་ཆུང་བྱེད་ཀྱིན་པ་འདིར་བསམ་ན། ངས་ཀྱང་སུའུ་པུན་ཧེར་གྱིས་བུད་མེད་ཚོར་སློབ་གསོ་འདི་འདྲ་ཞིག་བརྒྱབས་ཡོད་པ་དྲན་བྱུང“བུད་མེད་དེ་རྣམས་མི་ཚེ་གང་བོར་ཡང་བྱིས་པ་ཞིག་དང་འདྲ་བ་ལས་མ་འདས་ཏེ། རྟག་པར་མིག་སྔུན་གྱི་དོན་དག་ལས་མི་མཐོང་ལ། ད་ལྟའི་མངོན་གྱུར་པ་འདི་ཉིད་ལ་སྡུག་འབད་བྱེད་པ་དང་། དེ་ཚོའི་ཡིད་བྱེད་སྣ་ཚོགས་ཀྱང་སྐྱི་རིམ་ཙམ་ལས་གཏིང་སར་མི་འཇུག་ཅིང་། གནད་དོན་ཆེ་བར་གཙིགས་འཛིན་མི་བྱེད་པར་དོན་བྱ་ཕྲན་ཚེགས་ཙམ་ལ་དོ་ཁུར་བྱེད་པར་དགའ”(《འཚོ་གནས་སྙིང་པོ་མེད་པར་སྨྲ་བ》ལས་དྲངས། ཤ ༤)ཞེས་པའི་སྐད་ཆ་འདི་ནི་བོད་ཀྱི་བུད་མེད་ཚོར་འོས་ཤིང་འཚམ་པ་ཞིག་རེད་ཟེར་བ་མིན་མོད། ཡིན་ཡང་འདི་ནི་བམ་བཤད་ཙམ་མིན་པས་བསམ་གཞིག་དང་དབྱེ་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་འདོད།

  དྲང་མོར་བཤད་ན་བོད་ཀྱི་བུད་མེད་ཚོས་ཁོང་གིས་བཤད་པ་ནང་བཞིན་མིག་སྔུན་གྱི་དོན་དག་ལས་མ་མཐོང་བ་རེད། སྒོའི་ཕྱི་ཁྱིམ་གང་དུའང་རང་གི་སྐད་ཡིག་མི་སྤྱོད་པའི་བོད་མོ་དག་གིས་རྒྱ་ཡིག་དང་རྒྱ་སྐད་ཙམ་བཤད་ཤེས་པ་ནི་རང་གི་རླབས་ཆེ་བའི་འཇོན་ཐང་ཞིག་ལ་བསམས་ཤིང་། དེས་ནམ་ཡང་རང་ཉིད་མི་བསླུ་བ་དང་། རང་གི་གཟི་བརྗིད་ཅིག་ཏུ་ངོམ་པ། རང་གི་ཁ་རྒྱབ་ཀྱི་དོན་དག་ཀྱང་འདི་ཁོ་ནས་བསྒྲུབ་ཐུབ་པར་འདུག་བསམས་པ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་ཏུ་འདོད། འདི་ཡང་གནད་དོན་ཆེ་བར་གཙིགས་འཛིན་མི་བྱེད་པ་ལས་བྱུང་བ་ཞིག་རེད།

 ས་སྒང་འདིར་འཚོ་གཞེས་གནང་བའི་མི་རྣམས་ནི་ཁ་གསོ་བ་ཙམ་གྱི་ཆེད་དུ་མ་ཡིན་པར། རང་གི་སྐད་ཡིག་དང་རིག་གནས། དད་མོས། ཡུལ་སྲོལ། གོམ་གཤིས་སོགས་རྩ་བའི་ངོ་བོ་སྲུང་འཛིན་བྱེད་པའི་ཐོག་ནས་གནས་ཤིང་འཕེལ་རྒྱས་སུ་སོང་ན། ད་གཟོད་དོན་སྙིང་གིས་ཕྱུག་ཅིང་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ངེས་རེད། ལྷག་པར་དུ་བུད་མེད་རྒན་དར་གཞོན་གསུམ་གང་ཡིན་ཡང་ཁོ་ཚོས་རང་གི་ཁོར་ཡུག་ཏུ་འགྲོགས་ཤིང་འདྲིས་པའི་མི་རྣམས་ལ་བཞག་པའི་བག་ཆགས་ནི་གཏིང་ཟབ་པ་ཞིག་ཡིན་པས། བྱ་བ་ལེགས་པོ་ཞིག་ཡིན་ན་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཐུབ་ལ། དེ་བཞིན་ངན་པ་ཞིག་ཡིན་ན་རྩྭ་སྐྱ་མེ་ལ་མཆེད་པ་བཞིན་མ་འོངས་པའི་བུ་རབས་ཚ་རྒྱུད་རྣམས་ལ་གནོད་པ་ཆེན་པོ་བཟོ་ངེས་རེད།

ལྔ།

 ས་སྒང་རིལ་མོ་འདིའི་གང་ས་གང་དུ་མི་རྣམས་ཀྱིས་རང་གི་རིག་སྟོབས་ཀྱིས་བསྐྲུན་པའི་ཁོར་ཡུག་ཏུ་སློབ་གསོའི་དྲི་ཞིམ་ཐུལ་བའི་མེ་ཏོག་གི་མཛེས་སྡུག་ཅི་འདོད་དུ་ངོམ་པའི་སྐབས་འདིར། ད་ནི་བོད་ཀྱི་བུད་མེད་ཚོས་ཀྱང་རང་གིས་རང་ལ་དྲི་བ་ཞིག་གདོན་རན་འདུག ཅིའི་ཕྱིར་རང་ཉིད་ཀྱི་སེམས་ཁོང་གི་བག་ལ་ཉལ་བའི་དགའ་སྐྱོ་ཆགས་སྡང་གི་འབོད་པ་ཡོད་ཚད་རང་སྐད་གཙང་མས་གླུ་རུ་ལེན་མ་ཐུབ་པ་རེད། ཅིའི་ཕྱིར་རང་ཉིད་ཀྱི་གྲིབ་གཟུགས་མཚོན་པའི་སྣང་བརྙན་མཐའ་དག་རང་གི་སྡོད་གནས་སུ་གསར་བཞེངས་བྱེད་མ་ཐུབ་པ་རེད།

  དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་ཀྱང“མི་རིགས་ཤིག་ལ་མཚོན་ན་སྡོད་སའི་ཁང་ཁྱིམ་དང་གྱོན་པ་ཆ་ལུགས་སོགས་བསྒྱུར་ཡང་མི་རུང་བ་མེད་མོད། ནམ་ཡང་དོར་མི་རུང་བ་ནི་སྐད་ཆ་འདི་ཡིན་ཞིང་། སྐད་ཆ་ཞིག་འཆད་མཁན་གྱི་མི་ཡོད་ན། ད་དུང་མི་རིགས་དེ་དང་དེའི་རིག་གནས་ཡོད་པར་བལྟ་དགོས་པ་དང་། སྐད་ཆ་མཉམ་ན་མི་རིགས་ཞེས་པའང་དོན་ལ་ཉམས་ཟིན་པར་བལྟ་དགོས་ཕྱིར། མི་རིགས་གང་དང་དེའི་རིག་གནས་གོང་འཕེལ་དུ་གཏང་དགོས་ན། ཐོག་མར་སྐད་ཆ་ལ་བརྩི་མཐོང་དང་སློབ་སྦྱོང་བྱ་དགོས་ཏེ། སྐད་ཆ་ནི་མི་རིགས་ཤིག་ལ་མཚོན་ན་རང་ལ་ཆེས་ཆ་རྒྱུས་ཡོད་པའི་ཡོ་བྱད་གཞན་འགྲན་མེད་པ་ཞིག་ཡིན་སྟབས། ནམ་ཡང་སྐད་ཆ་ནི་མི་རིགས་ཀྱི་སྲོག་རྩར་བསམས་ཏེ། ཤེས་བྱ་ཡོད་ཚད་མི་རིགས་རང་གི་སྐད་ཆའི་བདག་ཉིད་དུ་བསྒྱུར་བ་ནི་གནད་དམ་པར་གཟུང་ངོ་།།”(《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》ལས་དྲངས། ཤ 5)ཞེས་བརྗོད་པ་ནི་དོན་ལ་གནས་ཤིང་ང་ཚོའི་མི་རིགས་འདིར་མཚོན་ན་རྣག་ཐོག་གཙག་འཁེལ་གྱི་དཔེ་རུ་སོང་འདུག་པར་སྙམ།

  དེ་ལྟར་མིན་ན་ཁོ་ཚོས་སྐྱེས་པ་ཚོ་དང་མཉམ་དུ་བུད་མེད་ཀྱི་ཐོབ་ཐང་ཞེས་པ་ཞིག་རྩོད་དགོས་དོན་མེད་དེ། དང་པོ་ཉིད་ནས་སྐྱེས་པ་ཚོས་བསྒྲུབ་ཕོད་པ་དང་བསྒྲུབ་འདོད་པ་དག་བུད་མེད་ཚོས་ཀྱང་བསྒྲུབས་ཡོད་པ་དང་བསྒྲུབ་འདོད་པའི་སྤོབས་པ་ཡོད་ན་རྙོག་འཛིང་མང་པོ་ཞིག་རང་བཞིན་གྱིས་མེད་པར་འགྱུར་ངེས་རེད།


རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

  ཨ་སྐལ་རྒྱལ། དངོས་མིང་ལ་སྐལ་བཟང་རྒྱ་མཚོ་ཟེར་ཞིང་། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་མཚོ་ཁ་སློབ་གྲྭ་ན་དགེ་རྒན་གྱི་ཕྱག་ལས་གནང་མུས་སུ་མཆིས།

2020ལོའི་《མང་རྫོང་སློབ་གསོའི་ལྟ་སྐུལ》དེབ་དང་པོ་ལས་དྲངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549525
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།