པཎ་ཆེན་བཅུ་བ་ཆེན་མོའི་རྗེས་དྲན། བསེ་ཚང་བློ་བཟང་དཔལ་ལྡན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »པཎ་ཆེན་བཅུ་བ་ཆེན་མོའི་རྗེས་དྲན། བསེ་ཚང་བློ་བཟང་དཔལ་ལྡན།
པཎ་ཆེན་བཅུ་བ་ཆེན་མོའི་རྗེས་དྲན། བསེ་ཚང་བློ་བཟང་དཔལ་ལྡན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-02-22ལྟ་ཀློག (166)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༧ པཎ་ཆེན་བཅུ་བ་ཆེན་མོ་མྱ་ངན་ལས་འདས་ནས་ལོ་ཉེར་དགུ་འདས་པའི་རྗེས་དྲན།

བསེ་ཚང་བློ་བཟང་དཔལ་ལྡན།

བློ་བཟང་བསྟན་ལ་འཇིགས་མེད་སྙིང་སྟོབས་ཀྱིས།། 

དུས་མཐར་འཕེལ་རྒྱས་ཕན་བདེ་འབྱུང་བའི་སྒོ།། 

ཅིག་ཅར་ཕྱེ་བའི་མཛད་བཟང་ལྷུན་གྲུབ་པ།། 

ཆོས་ཀྱི་རྒྱལ་མཚན་འཛིན་མཁས་གང་དེར་འདུད།།


སྡུག་ཀུན་མུན་པར་འཁྱམས་པའི་གངས་ཅན་འགྲོ།། 

ཕན་བདེ་གངས་རིའི་རྩེ་མོར་ལེགས་བཀོད་དེ།། 

དགེ་ལེགས་གངས་སེང་འོ་མས་སྐྱོང་མཁས་པ།། 

སྐྱབས་མགོན་ཀུན་གཟིགས་མཆོག་གི་བཀའ་དྲིན་དྲན།།


མི་དགེ་ལས་ཀྱི་ཞགས་པས་རབ་བཅིངས་ཏེ།། 

སྡུག་བསྔལ་ལས་ཀྱི་རྣམ་སྨིན་མྱོང་བའི་ཚེ།། 

ཐུགས་བསྐྱེད་དུས་ལས་ཡོལ་མེད་བརྩེར་གཟིགས་པའི།། 

མགོན་པོ་སྣང་བ་མཐའ་ཡས་བཀའ་དྲིན་དྲན།།


ཐུབ་བསྟན་མིང་གི་ལྷག་མར་གྱུར་པའི་ཚེ།།

བཤད་སྒྲུབ་བསྟན་པའི་གདུགས་དཀར་སྲིད་མཐའ་རུ།། 

བརྟན་པོར་བཙུགས་པའི་རླབས་ཆེན་ཕྱག་རྗེས་མཆོག། 

ཕན་བདེ་དཔལ་དུ་བསྐྲུན་པའི་བཀའ་དྲིན་དྲན།།


གང་གི་ཐབས་མཁས་ཐུགས་རྗེའི་སྤྲིན་ཕུང་ལས།། 

ལེགས་གསུང་ཆོས་སྲིད་འབྲུག་སྟོང་ལྡིར་བའི་དབྱངས།། 

ལུས་ཅན་མདོངས་མཐའ་མྱོས་པའི་སྨན་གཅིག་པུ།། 

མཁའ་མཉམ་འགྲོ་བའི་གདུང་སེལ་བདུད་རྩིར་གྱུར།།


དེང་དུས་བདག་སོགས་འགྲོ་ཀུན་བདེ་སྐྱིད་ཀྱི།། 

དགེ་ལེགས་རྒྱ་མཚོའི་དཔལ་ལ་ལོངས་སྤྱད་དེ།། 

གཏན་བདེ་ཐབས་ལ་འབད་པའི་སྐལ་བཟང་འདི།། 

མགོན་པོ་ཁྱོད་ཀྱི་བཀའ་དྲིན་ཁོ་ནར་ངེས།།


དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ།།

མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་།།

གསུང་གི་གསང་བ་ཟབ་མོའི་སྣོད་གྱུར་ནས།།

ཐེག་མཆོག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག།


  ཅེས་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཀུན་གཟིགས་སྣང་བ་མཐའ་ཡས་༧པཎ་ཆེན་ཐམས་ཅད་མཁྱེན་པ་བཅུ་བ་ཆེན་མོ་དགོངས་པ་གཞན་དུ་གཏད་པའི་ཚུལ་མཛད་ནས་ལོ་འཁོར་ཉེར་དགུ་སོང་བའི་སྐབས་འདིར་བཀའ་དྲིན་རྗེས་སུ་དྲན་པའི་གདུང་དབྱངས་གསོལ་འདེབས་ཀྱི་ཚུལ་དུ་དམ་པ་གང་གི་སློབ་བུའི་ཐ་ཤལ་བ་༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ནས་༢༠༡༧ལོའི་ཧོར་ཟླ་༤བའི་ཚེས་༢༠བྲིས་པའོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574831
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།