བོད་ཀྱི་པཎྚི་ཏའི་དཀར་ཆག (བཅོ་ལྔ་བ) གོས་ལྷ་པཎྜི་ཏ་བློ་བཟང་ཤེས་རབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྚི་ཏའི་དཀར་ཆག (བཅོ་ལྔ་བ) གོས་ལྷ་པཎྜི་ཏ་བློ་བཟང་ཤེ
བོད་ཀྱི་པཎྚི་ཏའི་དཀར་ཆག (བཅོ་ལྔ་བ) གོས་ལྷ་པཎྜི་ཏ་བློ་བཟང་ཤེས་རབ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-01-21ལྟ་ཀློག (248)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གོས་ལྷ་པཎྜི་ཏ་བློ་བཟང་ཤེས་རབ།

གྲུབ་མཐའ། ཇོ་ནང་བ།

འཁྲུངས་འདས། ༡༧༦༨-

 གོས་ལྷ་པཎྜི་ཏ་བློ་བཟང་ཤེས་རབ་མཆོག་ནི། སྤྱི་ལོ་(༡༧༦༨)ལོར་མདོ་སྨད་རྔ་བའི་ཡུལ་སྨད་ཀྱི་བཀྲ་ཤིས་ཐང་གི་གོས་ཚང་ཞེས་པའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་དགུའི་སྐབས་སུ་ཀློག་བསླབ་ཅིང་། དགུང་ལོ་བཅོ་ལྔ་ཡས་མས་སུ་རབ་ཏུ་བྱུང་སྟེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན། དེ་ནས་དགུང་ལོ་ཉི་ཤུ་ཡས་མས་སུ་ཁོང་ལྷ་སར་ཕེབས་ནས་ཇོ་ཤྰཀ་རྣམ་གཉིས་དང་ཕོ་བྲང་པོ་ཏ་ལ་སོགས་ལ་མཆོད་མཇལ་བྱེད་སྐབས་སྔོན་གྱི་སྨན་གསར་ལུགས་འཛིན་ལྷོ་བྲག་བསྟན་འཛིན་ནོར་བུ་སོགས་ཀྱིས་བྲིས་པའི་ལྡེབས་རིས་དང་། ཐང་ཀ་ཤིང་ཚོན་རྒྱན་རིས་རྣམས་མིག་ལམ་དུ་སྣང་བས་སྒྱུ་རྩལ་ཕྱོགས་ལ་སྔར་བྱུང་མ་མྱོང་བའི་ཤེས་ཚོར་ཆེན་པོ་སྐྱེས་ཏེ། སྨན་གསར་ལུགས་ཀྱི་རི་མོ་འབྲི་སྟངས་ལ་སྦྱངས་པ་བྱས་ཤིང་། རིམ་གྱིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཕྱོགས་སུ་ཕེབས་ནས། དུས་འཁོར་སོགས་སྔགས་ཕྱོགས་ཀྱི་རྒྱུད་སྡེ་རྣམས་ལ་སློབ་གཉེར་གནང་བ་མ་ཟད། ཆོ་གའི་ཕྱག་ལེན་ཐིག་ཚོན་སོགས་ལའང་ཞིབ་འཇུག་ལེགས་པར་མཛད་དེ། དུས་འཁོར་གྱི་ཐིག་ཚོན་གསལ་བྱེད་ཀྱི་གཞུང་ཡང་བརྩམས་ཡོད། སྐབས་དེར་ཁོང་གིས་སྤྲུལ་སྐུ་བྱེའུ་པས་བྲིས་པའི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ནང་གི་ལྡེབས་རིས་དེ་དག་གི་འབྲི་སྟངས་ལ་ཞིབ་ཏུ་སྦྱངས་ནས་རུས་ཚིགས་འབྲི་སྟངས་ཐད་ལ་སྤྲུལ་སྐུ་བྱེའུ་ཡི་འབྲི་སྟངས་རྣམས་སྔར་གྱི་སྨན་གསར་ལུགས་སོར་བཞག་བྱས།

        ཁོང་གི་ཕྱག་བྲིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་། ས་སྐྱ། ངམ་རིང་། རྫོང་དགའ། གུ་གེ་སོགས་སུ་བཞུགས་པ་མང་ཤོས་ནི་ལྡེབས་རིས་ཡིན་ནོ། ། དེ་ནས་ཟུར་མང་རྣམ་རྒྱལ་དགོན་དུ་ཕེབས་ནས་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ཏེ། ཚད་མ་རིག་པ་དང་། ཕར་ཕྱིན། དབུ་མཛོད་འདུལ་བ་དང་བཅས་པར་སྦྱངས་པ་རྡོ་རུས་ཐུག་པ་ལྟ་བུར་མཛད། སྒྲ་ཀ་ཙན་དང་སྨན་རྩིས་སོགས་ལ་སྦྱངས་པ་གནད་སྨིན་མཛད་རྗེས། རྩིས་རིག་ཐུབ་བསྟན་མཛེས་རྒྱན་ཞེས་པ་བརྩམས། མདོ་སྔགས་རིག་གནས་དང་བཅས་པ་ལ་ཚིག་འཁྲི་ལྟ་བུའི་གོ་བ་ཙམ་མ་ཡིན་པར་ཚིག་དོན་རེ་རེར་གདེང་ཆུད་པ་བྱུང་བས། གོས་ལྷ་པཎྜི་ཏ་ཞེས་མཚན་སྙན་ཕྱོགས་ཡོངས་སུ་ཁྱབ།  

 དེ་ནས་རྗེ་སྒྲོལ་མགོན་ཞབས་ཀྱི་ཞལ་རྒྱུན་ཇི་བཞིན་དུས་འཁོར་གྱི་ཆོ་གའི་འདོན་བསྒྲིགས་བཅའ་ཤོམས་གཏོར་གཟུགས་དང་བཅས་པ་ལོ་ཆེན་ཉིད་ནས་གསུངས་པ་ལྟར། རང་ཡུལ་འབྲོག་དགེ་བསམ་འགྲུབ་གླིང་དུ་ཕེབས་ནས། དུས་འཁོར་གྱི་ཕྱག་ལེན་རྣམ་པར་དག་པའི་སྲོལ་བཙུགས། གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འཕགས་ཀྱིས་ཀྱང་གོས་ལྷ་པཎྜི་ཏའི་ཞབས་ལ་གཏུག་སྟེ། དུས་འཁོར་གྱི་ཕྱག་ལེན་སོགས་ཁོང་དུ་ཆུད་པར་བྱས་ནས། དཔལ་བསམ་འགྲུབ་ནོར་བུའི་གླིང་དུ་དེའི་ཕྱག་རྒྱུན་ལྟར་བཙུགས། གོས་ལྷ་པཎྜི་ཏ་ཁོང་གིས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ཅིག་བསྟེན་ཅིང་། མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་ནས་ཉམས་ལེན་གནད་སྨིན་མཛད་དེ། དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ལམ་གྱི་མྱོང་རྟགས་ཁྱད་པར་ཅན་ཐུགས་ལ་འཁྲུངས།  སྤྱིར་གོས་ལྷ་པཎྜི་ཏས་ལྷ་སའི་ཕྱོགས་ནས་སྨན་ཐང་བའི་བྲིས་རྒྱུན་འཛིན་པའི་མཁན་ལྷོ་བྲག་བསྟན་འཛིན་ནོར་བུ་སོགས་ཀྱིས་བྲིས་པའི་པོ་ཏ་ལའི་ནང་གི་ལྡེབས་རིས་ཁག་དང་། སེར་འབྲས་དགེ་གསུམ་དང་ཇོ་ཁང་རྣམ་གཉིས་སུ་མཆིས་པའི་ལྡེབས་རིས་དང་ཐང་ག  འཇིམ་སྐུ།  ཙ་ཀ  འཚེམ་དྲུབ།  ཤིང་ཚོན་རྒྱན་རིས་ལ་སོགས་དང་བཅས་པར་ཞིབ་གཟིགས་དང་།  ལད་འབྲི།  འདྲ་བཤུས།  རྩད་གཅོད་འཚོལ་བསྡུ་བྱས་ནས་སྨན་ལུགས་གཙོ་བོར་སྦྱངས་པ་དང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་སུ་སྤྲུལ་སྐུ་བྱེའུ་ལུགས་དང་བལ་བྲིས་ལུགས་སྦྱངས་པ་བྱས། དེ་དག་གི་འབྲི་སྟངས་ཀྱི་ཁྱད་པར་ལ་དབྱེ་བ་ཞིབ་ཏུ་བྱས། ཁྱད་པར་དུ་མོ་ལྷའི་རིགས་ནི་སྐུ་གཟུགས་རིང་ཞིང་། སྐུ་སྟོད་ལ་ན་བཟའ་དར་འཕྱང་ལྟ་བུ་མནབས་པ། དཔུང་གདུབ་རྐང་གདུབ་ཉིས་བརྩེགས་ལྡན་པ། སྨད་གཡོག་ནི་ནང་སའི་རྒྱ་རིགས་ཀྱི་འབྲི་ལུགས་ལྟར་ན་བཟའ་འཇོལ་འཇོལ་དང་ལྟེབ་གཉེར་མང་བ་སོགས་མ་ཡིན་པར་འཕོངས་རྐུབ་འཁེབས་པ་ཙམ་དང་དོར་མ་ཕྲ་རིས་ཅན། བྲང་རྒྱན་གྱི་སྣེ་མོ་ནུ་ཟུང་གི་དབུས་སུ་ཐོན་པ། རྣ་རྒྱན་ཆེ་ཞིང་དཔྲལ་བའི་དབུས་སུ་ཐིག་ལེ་དམར་པོ་ཆགས་པ། ནུ་མ་ཤིན་ཏུ་འབུར་ཞིང་ནུ་ཁེབས་ཀྱིས་ཕྱེད་ཙམ་བཀབ་པ། སྐེད་པ་ཕྲ་ཞིང་བརླ་བྱིན་རྒྱས་པ། མིག་དཀྱུས་རིང་ཞིང་སྒེག་ཉམས་ལྡན་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།  ཁམས་བྲག་མགོ་ཕྱོགས་སུ་ཕེབས་ནས་ཀརྨ་སྒར་བྲིས་ལུགས་ལ་སྦྱང་གཉེར་བྱས་ཏེ།  སྒར་ལུགས་པའི་འབྲི་སྟངས་ཀྱི་རྩ་བའི་ཁྱད་ཆོས་ཏེ།  སྲོག་ཆགས་དང་བྱ་རིགས། བྲག་ཆུ། ཁང་བཟང་སོགས་ནི་ནང་སའི་རྒྱ་རིགས་ཀྱི་རྒྱལ་སྲོལ་རི་མོའི་འབྲི་སྟངས་རྒྱུད་འཛིན་བྱས་ཡོད་པའི་སྒར་བྲིས་ལུགས་གཙིགས་འཛིན་བྱས། གོས་ལྷ་པཎྜི་ཏ་ཁོང་གིས་གོང་དུ་བཤད་པའི་འབྲི་སྲོལ་རིང་ལུགས་གསུམ་པོར་སྦྱངས་པ་བྱས་ཤིང་། རང་རང་གི་འབྲི་སྟངས་ཐུན་མིན་གྱི་ཁྱད་ཆོས་དང་མན་ངག་ཡོངས་རྫོགས་ཁོང་དུ་ཆུད་པར་བྱས་ནས་འབྲི་སྟངས་གསུམ་ག་སྦྲགས་ཏེ་བྲིས་པའི་རི་མོ་དེ་ལ། གོས་ལྷའི་འབྲི་ལུགས་ཞེས་གྲགས། རྗེས་སུ་འཛམ་ཐང་ཕྱོགས་སུ་དར་རྒྱས་ཆེ་བས་འཛམ་ཐང་ལྷ་རྒྱུན་ཞེས་ད་ལྟ་ཡོངས་སུ་གྲགས་པ་འདི་ཉིད་ལགས་སོ། ། དེང་སང་མཚན་སྙན་ཆེ་བའི་སེང་གེ་གཤོང་མ་མགོའི་དགོན་པའི་འདུ་ཁང་གི་ཁྱམས་ཀྱི་རྒྱལ་ཆེན་རྣམ་བཞི་ཡང་། འཛམ་ཐང་བྲིས་རྒྱུན་ཡིན་ཞེས་དགེ་བཤེས་དཔྱི་ས་བློ་གྲོས་རྒྱ་མཚོའི་རང་རྣམ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་གི་རྣམ་ཐར་དུ་གསལ་བོར་གསུངས་ཡོད། ཁོང་གི་ཁྱད་ཆོས་གཙོ་བོ་ནི་ཚོན་སྡེབ་སྟངས་ཀྱི་རྫས་སྦྱོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ།  ཁོང་གི་ཡོངས་གྲགས་ཀྱི་ཚོན་རྫས་དེ་དག་མི་བཀོལ་བར་རང་ཡུལ་གྱི་ལུང་ཁོང་དང་བྲག་རི་དག་ལས་རྩྭ་རྩི་ཤིང་དང་རྡོ་སོགས་ལས་ཚོན་རྫས་བསྒྱུར་ཏེ་བྲིས་པ་ཡིན་ལ།  དེའི་ཚོན་བྲིས་ནི་དུས་ཡུན་རིང་བོ་འགོར་ཡང་མདོག་མི་འགྱུར་བ་དང་མི་དྲིལ་བ་སོགས་ཀྱི་ཁྱད་ཆོས་ལྡན། གོས་ལྷའི་དགུ་ཐང་ཞེས་པ་དེ་ཁོང་གི་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་བརྩམས་ཆོས་ཡིན་ནོ། །  གསུང་རྩོམ་ལ་པོད་གཅིག་ཙམ་བཞུགས།  འདས་ལོ་མི་གསལ།    

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557087
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།