༄༅།། གཉིས་སྟོང་ཉེར་བཞི་ལོའི་ལོ་སར་ལ་ཕུལ་བའི་སྨོན་ཚིག་སྙིང་གི་འོད་སྣང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »༄༅།། གཉིས་སྟོང་ཉེར་བཞི་ལོའི་ལོ་སར་ལ་ཕུལ་བའི་སྨོན་ཚིག་སྙིང་གི
༄༅།། གཉིས་སྟོང་ཉེར་བཞི་ལོའི་ལོ་སར་ལ་ཕུལ་བའི་སྨོན་ཚིག་སྙིང་གི་འོད་སྣང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-01-01ལྟ་ཀློག (396)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༅།། གཉིས་སྟོང་ཉེར་བཞི་ལོའི་ལོ་སར་ལ་ཕུལ་བའི་སྨོན་ཚིག་སྙིང་གི་འོད་སྣང་། 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།
མཁྱེན་དང་བརྩེ་བའི་ཡོན་ཏན་འོ་མཚོའི་གཏེར།།
མ་ལུས་བདག་གིར་བཞེས་ནས་བདག་མེད་གཏམ།།
སྨྲ་ལ་ཟླ་བྲལ་ཟླ་བའི་མདངས་ལྡན་སྐུ།།
གང་ལ་མངའ་བའི་བླ་མ་གང་དེར་འདུད།།

ཆོས་རྣམས་རང་བཞིན་རྡུལ་ཙམ་མེད་པ་དང་།།
རྒྱུ་འབྲས་ནམ་ཡང་བསླུ་མེད་རྟེན་འབྱུང་ལ།།
མི་འགྱུར་དད་འདུན་རྡོ་རྗེའི་རྒྱས་བཏབ་ན།།
གང་ལ་སྨོན་པ་གང་དེ་འགྲུབ་པར་ཤོག།

དགྲ་གཉེན་མ་ངེས་རིགས་དྲུག་ཕ་མར་གྱུར།།
ཀུན་ཀྱང་བདེ་ལ་སྲེད་པའང་གཅིག་མཚུངས་ཉིད།།
དེ་ཕྱིར་རང་རང་འདོད་པའི་བདེ་བ་དེ།།
ཇི་བཞིན་འགྲུབ་པར་སྙིང་ནས་སྨོན་ལམ་འདེབས།།

མ་བཅོས་སེམས་ཀྱི་འོ་མཚོ་དད་གསུམ་གྱིས།།
ཉེ་བར་སྐྱོམ་ལས་བྱུང་བའི་སྨོན་འདུན་ལ།།
དྭངས་གཙང་ལྷག་བསམ་འོད་སྣང་རབ་འཕྲོ་བ།།
མཚར་མཚར་ཚན་རིག་འཕྲུལ་གྱི་ཕོ་ཉ་ལ།།


དྲི་བྲལ་བཀྲ་ཤིས་ཁ་བཏགས་དཀར་བོར་བཅས།།

བཅོལ་ཏེ་གཉིས་སྟོང་ཉེར་བཞིའི་ཐོག་མའི་ཉིན།།
འཛམ་གླིང་ཤར་ནུབ་ཀུན་ལ་སྐྱེས་སུ་དབུལ།།

འབྱུང་བཞི་སྙོམས་པས་རང་བྱུང་གནོད་པ་མེད།།
སེམས་ཁམས་སྙོམས་པས་འཐབ་རྩོད་འཁྲུགས་ལོང་མེད།།
རྒྱུ་འབྱོར་སྙོམས་པས་དབུལ་ཕྱུག་འགྲན་རྩོད་མེད།།
འཚེ་མེད་ཞི་བདེས་འཛམ་གླིང་འཚོ་བར་ཤོག།

ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་བཅུད།།
རིང་ནས་སྙིང་ལ་ཟིམ་པའི་གངས་རི་བ།།
གངས་ལ་ཉི་འོད་ཇི་བཞིན་ལུས་སེམས་ཀུན།།
བདེ་སྐྱིད་ཉི་མའི་འོད་ཀྱིས་ཁྱབ་གྱུར་ཅིག།

ལྷ་ཆོས་དར་གྱི་མདུད་པ་དམ་པོར་བསྡམས།།
མི་ཆོས་སོག་མའི་ཕོན་ཐག་ཉེ་བར་བཅིངས།།
ཕྱོགས་སུ་མ་ལྷུང་གསེར་གྱི་ཁྲིམས་ཤིང་དང་།།
གཙོ་བོ་གྲས་ཀྱི་འོ་མཚོ་འཕྱུར་བར་སྨོན།།

དྲང་བདེན་དཔའ་བོ་རྒྱ་སྟག་རི་མོ་གསལ།།
རིགས་བཟང་མོ་བཙུན་གཡང་ལུག་ལྷོད་ཀྱིས་འཁོར།།
ཡ་རབས་སྲོལ་བཟང་ཀུན་གྱི་སེམས་ལ་ཉལ།།
སྤྱི་ཚོགས་འཆམ་མཐུན་སྤྱི་ཡིས་སྤྱོད་པར་ཤོག།

གཉེན་དང་གྲོགས་མཆེད་མཛའ་བརྩེ་མི་གཤིས་སོགས།།
འཕྲལ་གྱི་ཁེ་ལ་བརྗེས་པའི་བསམ་བློའི་རིགས།།
ཁ་ལ་ཞིམ་ཡང་སྲོག་ལ་རྒོལ་བའི་དུག།
ཇི་བཞིན་ཀུན་གྱིས་ཤེས་ནས་སྤོང་བར་སྨོན།།

ལེགས་པའི་སྲོལ་བཟང་སྤྱི་གཙུག་རྒྱན་བཞིན་བཀུར།།
ཉེས་པའི་དཔེ་ངན་ཧ་ལའི་དུག་བཞིན་འདོར།།
རྨོངས་པའི་རྗེས་སུ་མི་འཇུག་མཁས་པའི་གཞུང་།།
སྲོག་བཞིན་བསྲུང་ལ་བརྩོན་པས་གང་བར་ཤོག།

མདོར་ན་ཆོས་སྲིད་ཡར་ཟླའི་དཔལ་ལ་འགྲན།།
ཆོལ་གསུམ་སྤུན་ཟླའི་ཚེ་བསོད་ཀླུང་རྟ་རྒྱས།།
མཐུན་སྒྲིལ་གསེར་གྱི་ཞགས་པ་མི་ལྷོད་པར།།
བདེ་ལེགས་བཀྲ་ཤིས་སྣང་བས་ཀུན་ཁྱབ་ཤོག།

    ཅེས་པ་འདི་ནི་སྔར་བདག་གིས་བྲིས་པའི་ལོསར་ཤིས་ཚིག་ཅིག་ཡོད་པ་ལས་ཡི་གེ་རེ་གཉིས་བསྒྱུར་ནས་གཉིས་སྟོང་ཉེར་བཞི་ལོའི་ལོ་སར་དུ་ངག་རིག་སྨྲ་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་གཉིས་སྟོང་ཉེར་བཞི་ལོའི་ཉིན་དང་བོར་འབྲི་ཆུའི་ལྷོ་རྒྱུད་ནས་སྤེལ་བའོ།།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23575718
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།