ངོ་བསྟོད་ལ་དགའ་བའི་ཤེས་ཡོན་པའི་སྡེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ངོ་བསྟོད་ལ་དགའ་བའི་ཤེས་ཡོན་པའི་སྡེ།
ངོ་བསྟོད་ལ་དགའ་བའི་ཤེས་ཡོན་པའི་སྡེ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-12-16ལྟ་ཀློག (122)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངོ་བསྟོད་ལ་དགའ་བའི་ཤེས་ཡོན་པའི་སྡེ།

ཤེས་རབ་བསྟན་དར།

 སྔོན་ཆད་མི་ཞིག་གིས། ངོ་བསྟོད་འགྲོ་ན་དཀོན་མཆོག་གསུམ། ཡག་གི་ཞེས་ན་དགའ་གི། ཞེས་བཤད་པའི་གཏམ་ཞིག་ཡོད། ངོ་མ་དེ་བཞིན་རེད། དེ་གཞན་གྱིས་བཤད་ན་དགོད་གཏམ་ཞིག་ཡིན་མོད། རང་ཉིད་དེའི་ནང་དུ་འདྲེས་ན་ཚོར་བ་བདེ་བ་ཞིག་ཡོང་།ངོ་བསྟོད་པ་ཞེས་པ་ནི་ཕལ་སྐད་དུ་ཁ་ཡག་ཟེར་ཏེ།དངོས་སུ་བསྟོད་པ་བྱེད་པའི་མིང་ཡིན།ཁ་ཡག་བྱེད་མཁན་ཐམས་ཅད་ཁྱོད་ལ་དགའ་བའི་ངེས་པ་མེད། མི་སྙན་པ་བཤད་མཁན་ཐམས་ཅད་ཁྱོད་ལ་མི་དགའ་བའི་ངེས་པ་དེ་བས་ཀྱང་མེད། ཁ་ཡག་ངོ་བསྟོད་པ་ལ་དགའ་བ་དེ་འཇིག་རྟེན་པའི་ཁྱད་ཆོས་ཤིག་ཡིན་མོད། ཚད་དགོས་ཏེ། བོང་བུར་ཅང་ཤེས་སུ་བསྟོད་པ་དང་།  ཞི་ལར་སྟག་རྒོད། ཕག་ལ་གླང་ཆེན་ཞེས་བསྟོད་ན་འཇིག་རྟེན་མི་ཆོས་དང་འགལ་ཞིང་དམ་པའི་སྤྱོད་པ་དང་མི་མཐུན་པ་རེད། ད་ལྟ་སློབ་གཉེར་བྱས་མ་མྱོང་བའམ་ཅུང་ཟད་བྱས་པའི་རྙིང་མ་རྣམས་མཁན་པོ་དང་གསར་མ་རྣམས་དགེ་བཤེས་ཞེས་ངོ་སྤྲོད་གནང་བཞིན་འདུག  ད་དུང་དཔེ་ཆ་བ་དག་ལ་དགེ་བཤེས་ཆེན་མོ་ཞེས་ངོ་སྤྲོད་ཀྱིན་འདུག 

    ཚང་མས་མཉམ་བཞག་གམ།  ད་ལྟ་བོད་ན་བསམ་བློ་བ་མང་ལ།  བསམ་བློ་བ་ཆེན་མོ།མཁས་དབང་ཆེན་མོ།སློབ་གསོ་བ་ཆེན་མོ།དགེ་རྒན་ཆེན་མོ། བླ་སྨན་ཆེན་མོ།རྣལ་འབྱོར་བ་ཆེན་མོ།བསྟན་འཛིན་ཆེན་མོ།ལྷ་རམས་པ་ཆེན་མོ། ཁེ་ལས་པ་ཆེན་མོ།གསར་གཏོད་པ་ཆེན་པོ།སྣེ་འདྲེན་པ་ཆེན་མོ།སྙན་ངག་པ་ཆེན་པོ། གསར་བཤད་པ་ཆེན་མོ་སོགས་ཆེན་པོ་བགྲང་ལས་འདས་པ་ཡོད། དེ་ལྟར་གཞན་གྱིས་རང་ལ་བསྟོད་པ་བྱས་ན་དགའ་ཞིང་སྨད་པ་བྱས་ན་མི་དགའ་བས་རྒྱུན་དུ་མི་རྣམས་ཀྱིས་བཟང་ངན་གོ་ལྡོག་ནས་ཁྱོད་ལ་བསྟོད་པ་བྱེད་ཀྱིན་ཡོད། བསྟོད་པ་དེ་ནི་ལྒང་བུ་ལ་དབུགས་བརྒྱབས་པ་ནང་བཞིན་ཏེ། དབུགས་དེས་ཁྱོད་རང་སྦོས་ཏེ་མཐའ་རུ་འགད་པར་བྱེད་དེ། མི་རྣམས་རང་ཉིད་འགད་པར་བྱེད་པའི་དབུགས་དེ་ལ་དགའ་བ་རེད། དེ་ལ་དགའ་བས་འཇིག་རྟེན་འདི་རྫུན་གཏམ་གྱི་འཁོར་ལོ་བསྐོར་ས་ཞིག་ཏུ་བསྒྱུར། ད་ལྟ་དེའི་དབུགས་རྒྱག་པའི་སྲོལ་ངན་ཞིག་ཁྱབ་ཅིང་། སྲོལ་ངན་དེར་དགའ་བའི་མི་རབས་ཤིག་འབྱུང་བཞིན་ཡོད། བསྟོད་དུས་བོད་ན་དཀོན་པ་ཞེས་བོད་ཀྱི་ཡོད་ཚད་ཚད་དུ་བཟུང་ནས་བསྟོད་ཅིང་། གཞན་ལ་བསྡུར་ནས་བསྟོད་དགོས་པ་ཡི་མུག་པ་ཞིག་མིན་ནམ།  སྤྱིར་ན་བསྟོད་པ་བྱེད་པ་ལ་དགའ་ནས་བསྟོད་པ་དང་། རང་གི་དགོས་པ་ཞིག་བསྒྲུབ་ཕྱིར་བསྟོད་པ། ཤེས་མ་ཤེས་པར་གཞན་གྱི་རྗེས་སུ་རྒྱུགས་ནས་བསྟོད་པ། རང་ཉིད་གྲགས་པའི་ཆེད་དུ་གཞན་ལ་བསྟོད་དུ་འཇུག་པ་བཞི་ཡོད་ལ།  རིགས་གཉིས་པ་སྟེ།གཡོ་སྒྱུ་ཅན་གྱི་བསྟོད་པ་བྱེད་མཁན་དག་གིས་བསྟོད་པ་ལ་དགའ་བའི་མིའི་ཞན་ཆ་དེ་བེད་སྤྱད་ནས་མགོ་སྐོར་གཏོང་བར་བྱེད། 

    ད་ལྟ་བོད་རྣམས་ཆེན་མོ་ལ་དགའ་པར་མ་ཟད་ལྷག་པར་དྲ་ཐོག་འགྲིམ་པ་དག་ཆེན་མོ་ལ་དགའ། བོད་ལ་ཆེན་མོ་ཡོད་ན་ལོས་དགའ་སྟེ།  ཁ་དཔེར་གླིང་སེང་ཆེན་སྐྱེས་ནའང་རང་གི་རེད། གླིང་འབྲུག་མོ་སྐྱེས་ནའང་རང་གི་རེད། ཅེས་པ་ལྟར་དགའ་འོས་པ་ཡིན་མོད།  དོན་ངོ་མར་བོད་ལ་ཆེན་མོ་ཤིན་ཏུ་ཉུང་། བོད་ཀྱི་ལོ་རྒྱུས་སུ་ཐུན་མོང་གིས་ཁས་ལེན་པ་ཨ་རིག་དགེ་བཤེས་ཆེན་མོ་ལ་སོགས་པ་རེ་གཉིས་ལས་མེད་མོད། དེང་སང་དྲ་ཐོག་ན་དགེ་བཤེས་ཆེན་མོ་སྟོང་ཕྲག་མང་བོ་ཡོད་དེ།  དེ་བོད་ཀྱི་གཟི་བརྗེད་མ་ཡིན་པར་དྲ་བའི་གཟི་བརྗིད་ཡིན་པ་འདྲ།  དགོན་པ་ཆུང་ངུ་ཞིག་ནའང་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ། མདོ་སྔགས་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ།དགེ་བཤེས་ཆེན་མོ་སོགས་མང་།བོད་ལ་འདི་འདྲའི་དགེ་བཤེས་ཆེན་མོ་དང་བསམ་བློ་བ་ཆེན་པོ། མདོ་སྔགས་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་སོགས་མང་ན་ཇི་འདྲའི་དགའ་ཨང་། དོན་དུ་བོད་ལ་ཆེན་མོ་ཕར་ཞོག བསམ་བློ་བ། སློབ་གསོ་བ།གསར་གཏོད་པ་སྣེ་འདྲེན་པ་ཞིག་ཀྱང་མེད་པ་འདྲ།འདི་ལྟར་བཤད་ན་ཐུགས་མི་དགྱེས་མོད།ཁྱོད་ཀྱིས་བསམ་བློ་བ། སློབ་གསོ་བ།གསར་གཏོད་པ། སྣེ་འདྲེན་པའི་མཚན་ཉིད་ལ་འདང་བརྒྱབས་ནས་ད་གཟོད་ང་ལ་སྡིགས་ན་ཆོག  དོན་ངོ་མར་ཨ་ཁུ་འབྲོང་གི་ཁ་གསེར་ཁ་དང་ཨ་ཁུ་འབྲོང་གི་སྣ་གསེར་སྣ་ཞེས་པའི་དཔེ་སྟེ། དེང་མཁས་པ་ཞེས་བསྟོད་པ་ཙམ་གྱིས་མི་ཆོག་པ་མཁས་དབང་ཞེས་བསྟོད་དགོས་ལ།དེས་ཀྱང་མི་ཆོག་པར་མཁས་དབང་ཆེན་མོ་ཞེས་བསྟོད་དགོས་པ་འདི་ཡི་མུག་པ་ཞིག་མ་ཡིན་ནམ།

    བརྡ་སྤྲོད་དཔེ་ཆ་རེ་བརྩམས་པ་ལ་ཐོན་མི་གཉིས་པ་ཞེས་བསྔགས་ཏེ། དེ་ལྟར་བསྔགས་པ་དེས་རང་ཅག་གི་སློབ་དཔོན་ཐོན་མི་ལ་དམའ་འབེབ་བྱས་ཡོད། རང་ཅག་གི་ཐོན་མི་ད་ལྟའི་བརྡ་སྤྲོད་པ་འདི་ལྟ་བུ་ཞིག་ཡིན་ན་ཡིད་མུག་པ་ལས་བསྔག་འོས་པ་ཞིག་ག་ལ་ཡིན། བསྟོད་མ་ཤེས་པར་མེས་པོར་དམའ་ཕབ་པའང་ཤེས་ཀྱིན་མི་འདུག   གོ་འཇོ་དབང་འདུས་ལགས་ཀྱིས་སློབ་ཁྲིད་སྐབས་སུ། ད་ལྟ་མི་རྣམས་ཁ་ཡག་པས་ཚང་མ་ལ་མཁས་པའི་དབང་བོ། མཁས་པའི་དབང་བོ།ག་འདྲ་ཞིག་ལ་མཁས་པ་ཟེར། ག་འདྲ་ཞིག་ལ་མཁས་པའི་དབང་བོ་ཟེར།ཁྱོད་ཚོ་མཁས་པའི་དབང་བོ་ཡིན་ན་རྗེ་ཙོང་ཁ་བ་ཆེན་པོར་ཅི་ཟེར་ཞེས་གསུངས་པ་ཇི་འདྲའི་བདེན་ཨང་།   ལོ་འགའི་སྔོན་དུ་མཚོ་སྔོན་ཞིང་ཆེན་ཚད་མ་རིག་པའི་མཐུན་ཚོགས་ཀྱི་ཚོགས་འདུ་སྐབས་སུ་དགོན་པ་ནས་ཕེབས་པའི་གྲྭ་བ་རྣམས་ལ་དགེ་བཤེས་ཆེན་མོ་ག་གེ་མོ་ཞེས་བྲིས་འདུག  དེ་ནི་ལུགས་དང་མི་མཐུན་པ་ཞིག་ཡིན་ཞིང་། ང་ཡང་ཚོགས་གཙོ་གཞོན་པའི་མིང་ཙམ་ཡོད་པས་ཚོགས་འདུ་བཀོད་སྒྲིག་པར་གྲྭ་བའི་མིང་བྱང་ཡོད་ཚད་བསྐྱར་དུ་བཟོ་དགོས། དགེ་བཤེས་ཞེས་བྲིས་ན་ད་དུང་ཚད་ལས་བརྒལ་ཡོད།དགེ་བཤེས་ཆེན་མོ་ཞིག་ག་ན་ཡོང་།གལ་ཏེ་དགེ་བཤེས་ཆེན་མོ་ཡིན་ན་ཨ་རིག་དགེ་བཤེས་ཆེན་མོ་ལྟ་བུ་ལ་ཅི་ཟེར་དགོས།ཆེན་མོ་ཐམས་ཅད་ལེན་དགོས་ཞེས་ལེན་དུ་བཅུག་པ་ཡིན།

    བསྟོད་ནའང་བསྟོད་ཤེས་དགོས་ཏེ། དད་པ་ཅན་གྱི་སློབ་མས་བླ་མ་ཟོག་པོར་གཏོང་ཟེར་བའི་དཔེ་བཞིན་ཁྱོད་ཀྱིས་བསྟོད་མ་ཤེས་པར་རང་གི་བླ་མ་ཟོག་པོར་གཏོང་སྟེ། སྤྱིར་ན་རང་གི་བླ་མར་བསྔགས་པ་བརྗོད་པ་ནི་སློབ་མས་ཚོགས་གསོག་པའི་ཐབས་ཡིན་ཞིང་། བླ་མ་སྐྱབས་གནས་ཀུན་འདུས་སུ་ལྟ་བ་ནི་ལེགས་ཚོགས་ཀུན་གྱི་སྒོ་མོ་ཡིན་མོད་ཀྱང་།  རང་གི་དད་པ་བཞིན་གཞན་གྱི་མདུན་དུ་ཐལ་དྲགས་པའི་བསྟོད་པ་བྱེད་ན་མི་ཆོས་དང་འགལ་ཞིང་། བླ་མ་དེ་ཉིད་དམའ་འབེབ་བྱེད་དུའང་འགྱུར་ངེས། དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོ་སོགས་ཀྱི་ཐ་སྙད་ཙམ་ཐོས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོ། རྒྱལ་བ་གཉིས་པ། ཆོས་ཀྱི་རྒྱལ་བོ། བསྟན་པའི་བདག་པོ། རྒྱལ་སྲས་ཐོགས་མེད་དང་པོ་ཏོ་བ་ལྟ་བུ་སོགས་བཤད་ཀྱིན་ཡོད་པ་ལྟ་བུ་རེད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་འདུན་མཚན་ཅན་གྱི་དཔེ་ཁྲིད་འོད་སྡེར་ཕྱོགས་བསྒྲིགས་ཀྱིས་འགྲེམ་སྐབས་སྒྲིག་པ་བོས་རྗེ་དགེ་འདུན་རྒྱ་མཚོ་ཞེས་མཚན་བཀོད་པ་ལ་ཁོང་གིས་དེ་འདྲ་གཏན་ནས་མི་ཆོག་ཅེས་འགོད་དུ་མ་བཅུག་ཅེས་སྒྲིག་པ་བོའི་དགེ་བཤེས་དེ་ཉིད་ཀྱིས་ང་ལ་དངོས་སུ་གསུངས།  མིའི་རང་གི་ངོས་ནས་བཤད་ན་བསྟོད་པ་ནི་རང་རློག་བྱེད་ཡིན་ཏེ།བསྟོད་པས་ང་རྒྱལ་གྱི་མགོ་བོ་གནམ་དུ་འདེགས།དམན་པ་ལ་མཐོང་ཆུང་གི་མདའ་མོ་འཕེན།གཡོ་སྒྱུ་ཡི་སྦྱོར་བ་ལག་ཏུ་ལེན།མཐའ་ན་མིའི་ཆོས་བླ་མའི་བརྫུན་ཡང་འཛེམ་མེད་དུ་བཤད་པས་བསྟོད་པ་ལས་ཉེས་པ་ཆེ་བ་ཞིག་གང་ན་ཡོད།དོན་དང་མི་ལྡན་པའི་བསྟོད་པ་ལས་དོན་དང་མི་ལྡན་པའི་སྨད་པ་ལེགས་ཏེ།གཞན་གྱི་སྨད་པས་ང་རྒྱལ་གྱི་སྒང་དབུགས་བརྟོལ།ཆེ་འདོད་ཀྱི་ཁེངས་པས་འཇོམས།དམན་ས་ལ་འགོད་པར་ངེས།དེ་བས་དམ་པ་རྣམས་ཀྱིས་བསྟོད་པ་ནི་དུག་སྦྲུལ་གྱི་མཚང་དུ་འཛིན།  དེ་བས་རྒྱལ་སྲས་ཞི་བ་ལྷས། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་གཞན་གྱི་ཁ་རླངས་ཙམ་ལས་ཁྱོད་ལ་འབྲེལ་བ་ཅུང་ཟད་ཀྱང་མེད་དོ།།

    དེ་བས་བསྟོད་མི་ཤེས་པའི་བསྟོད་པ་ལས་སྨད་ཤེས་པ་ཞིག་གི་སྨད་པ་བཟང་ཟེར་མོད། ད་ལྟ་བསྟོད་ཤེས་མཁན་མེད་ལ། སྨད་ཤེས་མཁན་དེ་བས་ཀྱང་མེད། བསྟོད་ནའང་གཞི་མེད་པའི་བསྟོད་པ་བྱེད་ཅིང་། སྨད་ནའང་གཞི་མེད་པའི་སྨད་པ་བྱེད།   དེ་ལྟར་བསྟོད་པ་བྱས་ན་ང་ལ་ཕན་གནོད་ཅི་ཡང་མེད་པས་ངས་ཁྱེད་ཚོར་ཁྲོ་དོན་དང་མིག་སེར་བྱ་དགོས་དོན་ཅི་ཡང་མེད་ནའང་། བོད་ཀྱི་ཡོན་ཏན་པའི་གཤིས་ཀ་ཉམས་ཤིང་རང་ཚུགས་བོར་འགྲོ་བས་རང་གཞན་ཀུན་ལ་གསལ་འདེབས་ཤིག་བྱས་པ་ཡིན་ཞིང་།ང་ལའང་སྐྱོན་འདི་དག་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད།  ཡིན་ནའང་བདེན་པ་ལ་ཐུགས་མི་དགྱེས་ཤིང་། དོན་དངོས་སྐུ་མི་དྭངས་ན་སྔར་ལས་ལྷག་པར་བསྟོད་པ་བྱོས་དང་རང་ཉམས་བྱེད་ལས་གཞན་ལ་གནོད་པ་མེད་དོ༎ 

མདོར་ན་རང་ཅག་ལ་བསྟོད་པའི་ཚད་གཞི་ཞིག་མེད་པའི་སྐྱོན་ཏེ། རྒྱ་ནག་ལ་བསྟོད་པ་ཇི་ལྟར་བྱེད་པའི་རིག་གནས་ཤིག་རྩོམ་བཞིན་འདུག  དེ་ནི་འཇིག་རྟེན་མི་ཆོས་རིག་པ་ལས་ཆེས་གལ་ཆེ་བ་ཞིག་ཡིན། རང་རེར་དམ་པའི་ཆོས་ལས་དེའི་སྐོར་མང་དུ་གསུངས་ཡོད་མོད། དེ་རིང་གཞེན་སྐུལ་ཙམ་ལས་ཞིབ་ཏུ་མི་གླེང་།

2023བོད་རབ་རྒྱན་ཆུ་མོ་ཡོས་ལོ་སར་སྐབས་བྲིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། hf7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570845
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།