ཁྲི་ཀའི་མི་ཉག་མཆོད་རྟེན་ལ་མཇལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཁྲི་ཀའི་མི་ཉག་མཆོད་རྟེན་ལ་མཇལ་བ།
ཁྲི་ཀའི་མི་ཉག་མཆོད་རྟེན་ལ་མཇལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-12-12ལྟ་ཀློག (75)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁྲི་ཀའི་མི་ཉག་མཆོད་རྟེན་ལ་མཇལ་བ།

ཤེས་རབ་བསྟན་དར།

    ཁྲི་ཀའི་མི་ཉག་མཆོད་རྟེན་ཞེས་པའི་མཚན་སྙན་ཕྱོགས་སུ་མཆེད་ཡོད།  སྔོན་ཆད་ཐེངས་གཅིག་མཇལ།  དེའི་སྐབས་སུ་འདི་ཉིད་སྡེ་བ་ཞིག་གི་དཀྱིལདུ་ཡོད་པ་ལས། ད་ལྟའི་འདི་བཞིན་གྲོང་ཁྱེར་དུ་གྱུར་མེད།  སྐབས་དེར་ངའི་འདི་ལ་བསྟོད་པ་ཞིག་བྲིས་པ་ནི་འདི་ལྟར།  འདུ་འཛིའི་རྨི་ལམ་རིང་མོའི་འུར་ཟིང་དང་། །ཚན་འཕྲུལ་སྒྱུ་མར་རོལ་བའི་གྲོང་ཁྱེར་དུ། །ཁེར་རྐྱང་ཉི་ཟླའི་འོད་ཀྱིས་འཁྱུག་བཞིན་དུ། །གངས་རིའི་སྤོབས་པས་ད་དུང་མཁའ་རུ་འགྱིང་། །ཞེས་པའོ། །

    དེ་རིང་ང་མཇལ་བ་ཡིན་ལ། ལྟད་མོ་བའང་ཡིན། ད་དུང་རྟོག་ཞིབ་པའང་ཡིན། མཆོད་རྟེན་འདི་ལ་མི་ཉག་མཆོད་རྟེན་མཐོང་གྲོལ་ཆེན་མོའམ་མཆོད་རྟེན་དཀར་པོ་ཞེས་འབོད་ཅིང་།  ཁྲི་ཀ་ས་ཆའི་བྱིན་རླབས་ཅན་གྱི་རྟེན་བཞིའི་ནང་གི་གཅིག་ཡིན།  སྐབས་འདིར་འདི་ལ་ཅིའི་ཕྱིར་མི་ཉག་ཅེས་འབོད་པ་ཡིན་ནམ། མི་ཉག་དང་མི་ཉག་གི་རྒྱལ་ཁབ་གཉིས་མི་འདྲ་སྟེ། མི་ཉག་རྒྱལ་ཁབ་སུང་རྒྱལ་རབས་ཀྱི་སྐབས་ཀྱི་རྒྱལ་ཁབ་ཅིག་སྟེ། བོད་ཀྱི་མི་ཉག་ཏུ་འདོད་ཅིང་རྒྱས་ཞི་ཤཱ་འབོད། ཁོ་ཚོ་རང་ཉིད་བོད་དུ་བསམ་ཞིང་སྤྲེལ་གྱི་རྒྱུད་པ་གདོང་དམར་དུ་འབོད།འབྲུག་པའི་ལོ་རྒྱུས་དང་རྒྱ་བོད་ཡིག་ཚང་ཆེན་མོ་སོགས་ལས། བོད་ཀྱི་ལྡོང་དང་མི་ཉག་གི་ཁོངས་སུ་གཏོགས་པར་བཤད། མི་བུ་གདུང་དྲུག་རུས་མཛོད་ལས།  ཡུལ་མི་ཉག་ནས་ལྡོང་རིགས།  དེ་བཞིན་དུ་སུམ་པ་ནས་འབྲུ་རིགས།  འ་ཞ་ནས་སྒ་རིགས།  ཞང་ཞུང་ནས་སྤྲ་རིགས་བྱུང་སྟེ་ཞེས་དང་།  འ་ཞ་བོད་བཙན་པོའི་འོག་གི་རྒྱལ་ཕྲན་ཞིག་ཡིན།  ཞེས་གསུངས།

    མི་ཉག་ཅེས་པ་བོད་སྐད་ཀྱི་མི་ནག་ཅེས་པའི་སྒྲ་སྟེ། དེང་ཡང་བོད་ཀྱི་ས་ཆ་སྐོར་ཞིག་ཏུ་ན་ལ་ཉ་རུ་ཀློག་པ་མང་། རྒྱ་སྐད་དུ་ཞི་ཞ་ཟེར། རྒྱའི་ལོ་རྒྱུས་ནང་དུ་ལྡོང་སྤྱང་གིས་སྤྱི་ལོ1038ལོ་ནས་1227ལོའི་བར་དུ་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་ཟེར་ཞིང་། མི་ཉག་བོད་མ་ཡིན་པར་འདོད་པའི་ཞིབ་འཇུག་པ་མང་མོད། བོད་རིག་པ་བ་ཁྲིན་ཆིན་དབྱིན་གྱིས་དེང་རབས་སྒྲ་རིག་པའི་རིགས་ལམ་ནས་དཔྱད་དེ། མི་ཉག་སྐད་དང་བོད་སྐད་མང་བོ་བསྡུར་ཏེ་བོད་ཡིན་པར་ངེས་པ་རྙེད་པ་དེ་དེང་ཚད་ལྡན་དུ་འཛིན།  མི་ཉག་རྒྱལ་བོའི་མངའ་ཁོངས་ནི་མདོ་སྨད་ཆོས་འབྱུང་ལས། དེའི་དུས་མི་ཉག་གི་ཡུལ་ནི་བྱང་གི་བོད་སོག་གི་མཚམས་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་བོའི་ཐོག་མ་སི་ཧུའི་གའི་ཇུ་ཞེས་པ་བྱུང་སྟེ་རྒྱ་བོད་ཕལ་ཆེར་གྱིས་བདག་པོ་བྱས། ཤར་ན་རྒྱ་ནག ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་ཡུལ་ནི་མི་ཉག་གི་རྒྱལ་ཁམས་ཏེ་གོ་དན་གྱིས་བཟུང་བའི་དང་བྱང་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་པར་གསུངས།

     སྐུ་འབུམ་མི་ཉག་དང་མཚོ་སྔོན་པོའི་མི་ཉག བླ་བྲང་གི་མི་ཉག  ཁྲི་ཀའི་མི་ཉག་སོགས་ཨ་མདོར་མི་ཉག་མང་སྟེ།མི་ཉག་མཆོད་རྟེན་དང་དགོན་པ་འདི་གཉིས་ཁྲི་ཀའི་མི་ཉག་སྡེ་བར་ཡོད་པས་མི་ཉག་མཆོད་རྟེན་དང་མི་ཉག་དགོན་པ་ཟེར།    མཆོད་རྟེན་འདི་ནི་ཁྲི་ཀ་རྫོང་མཁར་དང་བར་ཐག་སྤྱི་ལེ0.5ཙམ་གྱིས་ཆོད་པའི་རྨ་སྲིབ་གྲོང་རྡལ་གྱི་ཁོངས་གཏོགས་ཁྲིན་པེ་སྡེ་བའི་བྱང་ཕྱོགས་ཏེ།རྨ་ཆུའི་ཉེ་འགྲམ་དུ་ལྷམ་མེར་བཞུགས་ཤིང་།  མཐོ་ཚད་ལ་སྨི30ཙམ་དང་།  རྒྱ་ཁྱོན་ལ་ས་མུའུ20ལྷག་ཡོད།  རྒྱང་རིང་ནས་བལྟས་ནའང་མངོན་པར་གསལ།  དེ་རེས་ཡང་བསྐྱར་ཆེད་དུ་ཐེངས་གཉིས་ལ་མཇལ། ད་རེས་མཇལ་དུ་འགྲོ་བ་ནི་བསྐྱར་བཞེངས་བྱས་པའི་རྣམ་པར་མཇལ་འདོད་པ་ཡིན།ད་ལྟའི་མི་ཉག་མཆོད་རྟེན་འདི་རྔམ་བརྗིད་ལྡན་པ་ཞིག་བཞེངས་འདུག་ལ། བལྟ་རྒྱུ་དང་མཇལ་རྒྱུ་གཉིས་ཀ་ཡོད།  མཆོད་རྟེན་ནི་ཐུགས་ཀྱི་རྟེན་ཏེ། མཆོད་རྟེན་ལ་ཁང་བུ་བརྩེགས་པ་དང་། རྒྱལ་མཚན་སྒྲེང་བ་ལྟ་བུ། ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་གསུམ་ལས་ཚ་ཚ་འདི་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཡིན་ལ་རྒྱལ་མཚན་ལྟ་བུ་ནི་ད་ལྟ་རྒྱ་ནག་ན་ཡོད་པའི་རྒྱལ་མཚན་ལྟ་བུ་འདི་ཡིན་པར་གསུངས།   

    བོད་དུ་མཆོད་རྟེན་བརྒྱད་གྲགས་ཆེ།དེ་དག་ནི་སྟོན་པ་སངས་རྒྱས་ཀྱིས་མཛད་ཆེན་བརྒྱད་རྗེས་སུ་དྲན་པའི་ཆེད་དུ་བཞེངས་པ་སྟེ། པད་སྤུངས་མཆོད་རྟེན། བྱང་ཆུབ་མཆོད་རྟེན། སྒོ་མང་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་དང་བཅས་བརྒྱད་དོ། །

    འདི་ནི་བྱང་ཆུབ་མཆོད་རྟེན་ཏེ། ཤར་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ་ལས།རྒྱ་མཁར་གྱི་མཆོད་རྟེན་དུ་མངའ་བདག་ཁྲི་རལ་བ་ཅན་གྱི་དབུ་ལོ་བཞུགས།ཞེས་གསུངས་ཤིང་། བྲག་དགོན་པའི《མདོ་སྨད་ཆོས་འབྱུང》ལས། མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་རལ་བ་ནང་བཞུགས་ཀྱི་རྟེན་ཁྲི་ཀར་ཡོད། ཅེས་གསུངས།མངའ་བདག་ཁྲི་རལ་ཉིད་དངོས་སུ་ཕེབས་ཤིང་། དེར་ཚོད་དཔག་བྱས་ན་སྐབས་དེ་དག་ཏུའང་གནས་འདི་ཆོས་སྲིད་ཀྱི་རྟེན་འགངས་ཆེན་ཞིག་ཡིན་པ་ཤེས།    མཆོད་རྟེན་འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་འདིར་སངས་རྒྱས་ཀྱི་རིང་བསྲེལ་སྙིང་བོར་བཞུགས་པའི་མཆོད་རྟེན་བྱེ་བ་གཅིག་བཞེངས་པའི་གྲས་ཡིན་པའི་ངག་རྒྱུན་ཡོད་ཟེར། མངའ་བདག་ཁྲི་རལ་དང་འབྲེལ་བ་ཡོད་པ་ལྟར་ན་བཙན་པོའི་སྐབས་སུ་བཞེངས་པའང་རྗེས་སུ་དཔག་ཐུབ་སྙམ།   རྙེ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལས། བོད་ཀྱི་རྒྱལ་བོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སད་ན་ལེགས་མཇིངས་ཡོན་ཞེས་བྱ་བ་ལ་སྲས་གླང་དར་མ་དང་མངའ་བདག་ཁྲི་རལ་གཉིས་ཡོད་པ་ལས་ཕྱག་ན་རྡོ་རྗེའི་སྤྲུལ་བ་མངའ་བདག་ཁྲི་རལ་སྔོན་དུ་རྒྱལ་སར་འཁོད་ནས་མངའ་འབངས་ཆོས་བཞིན་བསྐྱངས། རྒྱ་བོད་ཀྱི་མཚམས་སུ་མཆོད་རྟེན་བཞེངས་པ་ཆོས་རྒྱལ་རང་ཉིད་ཀྱི་དབུ་སྐྲ་ནང་རྟེན་དུ་བཞུགས་ཤིང་། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཀྱང་ཆེད་གཉེར་གྱིས་མཇལ་དུ་ཕེབས་པ་མི་ཉག་མཆོད་རྟེན་དཀར་བོ་སོགས་མདོ་སྨད་ལྷོ་རྒྱུད་ཀྱི་རྟེན་རྣམས་ལ་མཆོད་འབུལ་མང་དུ་མཛད།ཅེས་གསུངས།

    1931ལོར་མི་ཉག་ངག་དབང་ལེགས་བཤད་རྒྱ་མཚོས་ཞིག་གསོ་བྱས་པ་སོགས་མདོ་དབུས་ཁམས་གསུམ་ཀྱི་སྐྱེས་ཆེན་དམ་པ་མང་པོས་གནས་འདིར་ཞབས་ཀྱིས་བཅགས་ནས་མཆོད་རྟེན་འདི་ལ་ཞིག་གསོ་རབ་དང་རིམ་པ་མཛད།

    2010ལོ་མཆོད་རྟེན་འདི་བསྐྱར་བཞེངས་བྱས་ཤིང་། སྐབས་དེར་ལ་ལས་མཆོད་རྟེན་འདི་ཉིད་དུས་འཁོར་མཆོད་རྟེན་དུ་བསྒྱུར་རྩིས་བྱས། ལ་ལས་སྔོན་གྱི་མཆོད་རྟེན་གྱི་རྣམ་པ་བསྒྱུར་མི་ཆོག་ཅེས་རྩོད་པ་ཞིག་བྱུང་།  མི་སུ་ཡིན་ཡང་རྩོད་པའི་ནང་དུ་ལྡིང་ན་ཕྱོགས་ལྷུང་གིས་ཉམས་འགྲོ་ལ།རྣམ་དཔྱོད་ཀྱི་མིག་ཀྱང་ཡལ་འགྲོ།གནའ་བོའི་རྟེན་འགངས་ཆེན་ཞིག་བསྐྱར་བཞེངས་བྱེད་ན་ལོ་རྒྱུས་ལ་བརྩི་འཇོག་བྱ་དགོས་པ་ལས། གང་འདོད་དུ་དབང་ཆེན་གྱི་དབང་དང་རྒྱུ་ཆེན་གྱི་རྒྱུའི་སྟོབས་ངོམ་ན་ག་ལ་འགྲིག རྩོད་པ་བརྗེད་དགོས་པ་ཞིག་ཡིན་ནའང་དེ་ལས་བྱུང་བའི་བསླབ་བྱ་རྗེས་རབས་པ་དག་གིས་ཤེས་དགོས་པ་ཞིག་ཡིན།  རྗེས་སུ་སྔོན་གྱི་རྣམ་པ་སྒྱུར་མི་ཆོག་པར་གཏན་ལ་ཕབ་པས་ད་ལྟའི་འདི་ཉིད་བཞེངས།   སྔོན་གྱི་མཆོད་རྟེན་སྙིང་བོར་བྱས་ནས་བཞེངས་འདུག   སྔོན་གྱི་མཆོད་རྟེན་དེ་བྱང་ཆུབ་མཆོད་རྟེན་ཡིན་ནའང་བསྐྱར་བཞེངས་བྱེད་དུས་བཤིགས་པས་ད་ལྟ་བཀའ་གདམས་མཆོད་རྟེན་གྱི་ལྟ་བུར་བཞུགས། 

    གཙོ་སྐུ་རྗེ་ཡབ་སྲས་གསུམ། རིགས་གསུམ་མགོན་པོ།ཚེ་ལྷ་རྣམ་གསུམ།དུས་གསུམ་སངས་རྒྱས།ལྡེབས་རིས་ཁྲི་ཀའི་དགོན་པ་རྣམས་བྲིས་འདུག་པས་འདིར་བལྟས་ན་ཁྲི་ཀའི་དགོན་སྡེ་དག་གི་གནས་ཚུལ་རགས་ཙམ་ཤེས་ཐུབ།  བར་རིམ་གཉིས་པར་འཇམ་པའི་དབྱངས་སྟོང་སྐུ་དང་རྗེའི་ཡབ་སྲས་གསུམ་བཞེངས་འདུག་པ་སོགས་ཉམས་དགའ་བ་ཞིག་ཡིན།མཆོད་རྟེན་གྱི་བང་རིམ་དག་ལས་ཕྱི་རོལ་ལ་བལྟས་ན། ཇི་འདྲའི་སྐྱིད་པའི་གནས་ཤིག་རེད་ཨང་ཞེས་དབང་མེད་དུ་སྨོན་པ་ཤོར། ཁྲི་ཀའི་མི་ཉག་མཆོད་རྟེན་འདི་ཁྲི་ཀའི་ལོ་རྒྱུས་དང་འགྲོགས་ཏེ། དར་རྒུད་སྣ་ཚོགས་ཤིག་བྱུང་ནའང་ད་ལྟ་སྔར་ལས་ལྷག་པར་གཟི་མདངས་ཤིག་རྒྱས་འདུག  ཕྱོགས་མང་བོའི་སྐྱེ་བོ་དག་དབང་མེད་དུ་འདིར་བཀུགས་ནས་ཉིན་མཚན་མེད་པར་ཕྱག་སྐོར་བྱེད་ཀྱིན་ཡོད། ལོ་རྒྱུས་ཇི་ལྟར་འགྱུར་ནའང་འདི་ནི་བོད་མི་དམངས་ཀྱི་དད་པའི་རྟེན་དུ་གྱུར་འདུག་ལ། དད་པ་དང་བསྡོངས་ནས་འོད་ཟེར་ཕྱོགས་སུ་སྤྲོ་བཞིན་འདུག

༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་དགུའི་ཞོགས་པར་་ཁྲི་ཀའི་ཤམ་བྷ་ལའི་གཞིས་ཀར་བྲིས། ༢༠༢༣ལོའི་ཧོར་བརྒྱད་པའི་ཚེས་བཅུ་བཞིའི་དགུང་མོར་མང་རར་ཞུ་དག་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23571140
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།