རྒྱང་རིང་གི་ཕ་ཡུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »རྒྱང་རིང་གི་ཕ་ཡུལ།
རྒྱང་རིང་གི་ཕ་ཡུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-11-22ལྟ་ཀློག (415)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྒྱང་རིང་གི་ཕ་ཡུལ།

ཤེལ་ཕྲེང་བཀྲ་ཤིས།     ཁྱུང་མཆུ།

ཕ་ཡུལ་ཞེས་གླེང་དུས་ངས་ཐོག་མར་དྲན་འོང་བ་ནི་ཕ་མ་དང་མིང་སྲིང་དེ་ཚོ་རེད། དེ་ཚོ་དང་འབྲེལ་བའི་འདས་དོན་གྱི་གཏམ་རྒྱུད་མང་ས་དེ་ནི་ང་ལ་མཚོན་ན་ཕ་ཡུལ་ཞེས་མང་གིས་འབོད་རུང་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད།  དེ་བཞིན་མི་སོ་སོར་ཕ་ཡུལ་ཞེས་པའི་ཐ་སྙད་དེ་ལ་གོ་བ་ལེན་ཚུལ་སྣ་ཚོགས་ཤིག་ཡོད་ངེས། མི་ལ་ལ་ཕ་ཡུལ་ནས་འཚར་ཏེ་ཕ་ཡུལ་ནས་རྒས་བཞིན་ཡོད་ལ། མི་རེ་འགའ་ཕ་ཡུལ་དུ་སྐྱེས་ཏེ་གཞན་ཡུལ་ལ་ཆས་པའང་བགྲང་གིས་མི་ལངས། སྐབས་ལན་རེར་ང་རང་ངའི་ཉེ་འཁོར་གྱི་ལས་གྲོགས་ཚོར་སྨོན་པ་འཆོར་གིན་འདུག ཁོ་ཚོའི་བྱ་བ་དེ་ནི་ལས་ཀ་ཙམ་དང་རང་གི་དགའ་ཕྱོགས་ཁོ་ནར་མ་སོང་བར་རང་ཡུལ་ལ་ཞབས་ཞུ་སྒྲུབ་པའི་ངང་ཚུལ་ཞིག་ཀྱང་ཡིན་པར་སྙམ།  

ང་ནི་ཡུལ་གྱར་བ་ཞིག་ཡིན། སྤྱིར་རྒྱལ་ཁབ་གཞན་དུ་ལུས་པའི་མི་དག་དང་བསྡུར་ན་ང་ནི་རང་ཡུལ་དུ་ཡོད་པ་འདྲ་མོད། རང་ཡུལ་གྱི་མི་དག་གི་མིག་ལམ་ནས་ང་ནི་ས་མཐར་ལུས་པའི་མི་ཞིག་ཡིན། མཚམས་ལན་རེར་ཡུལ་ལ་ལོག་པའི་སྐབས་སུ་ཨ་མ་ལགས་ཀྱི་གྲོགས་པོ་རེ་འགས་ཨ་མར་ཁྱོད་ལ་བུ་གཅིག་ལས་མེད་པ་མིན་ནམ། འདི་སུ་ཚང་རེད་ཅེས་འདྲི་བར་བྱེད། ད་ནི་ཏག་ཏག་མདོ་སྟོད་སྨད་གཉིས་སུ་འཁྱམ་པས་ས་མཐའ་ནས་མི་ལོ་བཅུ་བཞིར་ལུས་ཟིན། ད་ཆ་གྲོགས་པོ་དང་། བྱ་བ། ཕྱིར་དྲན་མང་བོ་ཞིག་གཞན་ཡུལ་ན་ཡོད་པས་ང་ལ་གཞན་པ་ནང་བཞིན་ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག་ཟེར་བའི་སེམས་ཚོར་དེ་ཡོད་མ་མྱོང་།

ཁྱུང་མཆུ་ཞེས་པའི་མདོ་སྨད་ཀྱི་འབྲོག་རྫོང་དེ་ནི་ངའི་ཕ་ཡུལ་ཡིན། ཆུང་དུས་མི་ཉག་ཏུ་ཡོད་སྐབས་ཁོ་ཚོས་གང་གི་ཡིན་ཞེས་འདྲི་དུས། ངས་ཁྱུང་མཆུ་ནས་ཡིན་ཞེས་ལན་བཏབ་ཚེ་ཁོ་ཚོས་ཀྱང་ཤེས་ཀྱིན་མེད་པ་འདྲ། ཁོ་ཚོས་ང་རང་མཚོ་སྔོན་ནས་ཡིན་ཤག་བྱེད། སྐབས་དེར་ཁོ་ཚོའི་མིག་ལམ་དུ་ཨ་མདོ་ནས་ཡིན་ན་མཚོ་སྔོན་ནས་ཡིན་པའི་ཁྱབ་པ་ལྟ་བུ་ཞིག་དྲན་ཀྱིན་ཡོད་པ་འདྲ། མ་ཟད་ཁོ་ཚོས་མཚོ་སྔོན་ནི་བོད་ཡིག་ལ་ཆེས་བཟང་ཞིང་རིགས་ཀྱི་མགོ་འཕང་མཐོ་བའི་ཡུལ་ཞིག་ཏུ་ངོས་འཛིན་གྱིན་འདུག་པས་མཚོ་སྔོན་ནས་ཡིན་ན་གདེངས་འཇོག་དམིགས་གསལ་བ་ཞིག་བྱས་འོང་། ངས་ཀྱང་ཆེད་དུ་ང་རང་མཚོ་སྔོན་ནས་ཡིན་ཞེས་བཤད་པ་ནི་མེད་ཀྱང་རང་བཞིན་གྱིས་དོན་དེ་ཁས་བླངས་པ་ལྟ་བུ་ཞིག་ཆགས་སོང་། སྐབས་དེར་སློབ་གྲོགས་ཚོས་འབྲོག་པ་ཟེར་ན་བཙོག་པ་ཞིག་ཏུ་ལྟ། ནམ་རྒྱུན་འཛིན་གྲྭའི་ནང་གི་འབྲོག་པ་ཚོར་འབྲོག་རྒོད་དང་། གླེན་ནག་ཅེས་བསྡིགས་པར་བྱེད་མོད། ཨ་མདོ་ཚོར་ཟེར་བ་མིན། ཁྱོད་ཚོ་ནི་ཁོ་ཚོ་དང་མི་འདྲ་ཞེས་གསལ་བཤད་འདྲ་ཞིག་ཀྱང་བྱེད་སྲིད། འོན་ཀྱང་ཁྱུང་མཆུ་ཤེས་མཁན་ཞིག་ཡིན་ཚེ་ས་དེ་སྐྱིད་པོ་ཡོད། ཐང་དེ་ཡངས་མོ་ཡོད་ཅེས་བསྔགས་བརྗོད་བྱ་ངེས། ཡིན་ཡང་ངས་ཁྱུང་མཆུའི་སྐོར་ཅི་ཡང་ཤེས་ཀིན་མེད། གྲོགས་པོ་ཞིག་གིས་བཤད་ན་ཁྱོད་རང་ཁྱུང་མཆུ་ནས་སྐྱེས་པ་ཙམ་རེད་ཟེར། ངས་ཀྱང་དེ་ལྟར་འདོད། མི་མང་བོ་ཞིག་གིས་ཁྱུང་མཆུ་ན་ཡུལ་སྐོར་བྱེད་སའི་མཛེས་ལྗོངས་གན་དང་འདི་ཡོད་ཅེས་བཤད་མོད། ངས་དེ་ཚོ་གང་དུ་ཡོད་པ་མི་ཤེས། ངའི་ཤེས་པ་ནི་ཟླ་ཚེས་ཁུག་པ་ཡིན་ལ། དེ་ཡང་ང་ལ་མཚོན་ན་མཛེས་ལྗོངས་ཤིག་ཡིན་པའི་སྣང་བ་མི་འདུག དེ་སྔོན་སོག་ཡུལ་གྱི་གྲོགས་པོ་ཞིག་ཐུགས་ཆེན་ལ་འགྲོ་སྐབས་ཁྱུང་མཆུ་ནས་ཞག་སྡོད་བྱས་སོང་། ཁོས་ཁྱུང་མཆུ་ནས་ཟ་མ་གང་ཞིམ་དང་རྩེད་ས་གང་སྐྱིད་ཟེར། ངས་ཅི་ཡང་མི་ཤེས་ལབ་པས་ཁོ་རང་ཡིད་ཆེས་ཀིན་མི་འདུག དེ་ལྟ་བུའི་དོན་དག་ལ་ང་རང་མང་དུ་འཕྲད་པས་མཚམས་རེར་ངོ་གནོང་བ་ཞིག་ཀྱང་རེད།  ཁྱུང་མཆུ་ནས་ཁྱུང་མཆུ་ཞེས་ལབ་ན་ཤེས་མཁན་ཉུང་ཉུང་རེད། ནམ་རྒྱུན་ཧུང་ཡོན་རྫོང་ཟེར། དེ་ནི་རྒྱ་སྐད་ཐད་སྒྱུར་བྱས་པའི་མིང་ཞིག་སྟེ་དམར་ཐང་ཞེས་པའི་དོན་ཡིན། ད་རུང་དེ་ལ་འགྲེལ་བཤད་ངོ་ཚ་བ་ཞིག་ཀྱང་ཡོད། དོན་དེ་མི་ཉག་ནས་མཚོ་སྔོན་གྱི་དགེ་རྒན་ཞིག་གིས་ང་ལ་བཤད་པ་ཡིན། ལྷག་པར་རྗེས་ཤིག་ནས་ཝ་མོ་རྫོང་ཟེར་བའི་མིང་ཞིག་ཀྱང་ཐོགས་སོང་།  དེ་ནས་བཟུང་ང་ལ་ཁྱུང་མཆུ་ནས་ཡིན་ཟེར་བ་ངོ་ཚ་དགོས་པའི་དོན་དག་ཅིག་གམ་ཅུང་མི་བདེ་བའི་སྣང་བ་ཞིག་སྟེར་འོང་།  རྨ་ཆུའི་སློབ་གྲོགས་ཤིག་གིས་ཧུང་ཡོན་དང་ཝ་རྫོང་ཞེས་རྟག་པར་ང་ལ་འཚང་འབྲུ། དེ་སྔོན་ཁྱུང་མཆུའི་ནོར་ནག་དུས་སྟོན་སྤེལ་དུས་སློབ་གྲོགས་དེས་བརྙན་ཐུང་ཞིག་བསྐུར་ཏེ་ལོས་ཡིན། ཧུང་ཡོན་རེད། བོད་ཡིག་གཅིག་མེད་པར་ལྟོས་དང་ཟེར། ད་རུང་རྫ་ཆུ་ཁའི་སློབ་གྲོགས་ཤིག་གིས་འཛམ་གླིང་གི་བཤས་ར་ཆེ་ཤོས་ཁྱུང་མཆུ་ན་ཡོད་ཟེར། བདེན་མིན་ཅི་ཆ། སློབ་གྲོགས་རེ་འགར་རང་གི་ཕ་ཡུལ་གྱི་ཁྱད་ཆོས་རྫོགས་མཐའ་མེད་པ་རེ་བཤད་རྒྱུ་ཡོད་མོད། ང་ལ་མཚོན་ན་གང་ཡང་མི་ཤེས། ངའི་ཕ་ཡུལ་དུ་མཁས་པ་དང་རྩོམ་པ་པོ་སོགས་གཞན་ལ་ངོམ་ཆོག་པ་མང་བོ་ཞིག་མེད་པ་འདྲ། ང་རང་དགའ་ཤོས་ཧུ་ར་འཇའ་པེ་དང་གཉན་ཡིན། ཟུར་གསུམ་མ་ཟེར་བའི་སྐད་གྲགས་ཅན་ཞིག་གོ་མྱོང་མོད། བརྩམས་ཆོས་ནི་བཀླགས་མྱོང་མེད། དེ་སྔོན་བླུན་པོ་སྨྱུག་ཐོགས་ཟེར་བའི་རྩོམ་པ་པོ་ཞིག་གི་བདེན་པའི་སྟོབས་ཟེར་བའི་དཔེ་ཆ་ཞིག་གིས་ཡིད་རབ་ཏུ་འཕྲོག་མྱོང་ལ། ཁོ་ནི་ཁྱུང་མཆུ་ནས་ཡིན་པར་གྲགས་མོད་ཆ་རྒྱུས་ནི་མེད།  སློབ་ཆུང་སྐབས་ཀྱི་དབྱར་གནང་ཞིག་ལ་ང་རང་གཟའ་ཉི་མའི་ཁ་བརྡ་ཞེས་པའི་བགྲོ་གླེང་ཞིག་ལ་ཞུགས། སྐབས་དེར་མི་ཞིག་གིས་ཡུལ་འདི་ནས་མཁས་པ་གན་དང་འདི་འཁྲུངས་ཞེས་མང་བོ་ཞིག་བགྲང་སོང་མོད། ངས་ངོ་ཤེས་པ་དང་སེམས་ལ་ཟིན་པ་གཅིག་ཀྱང་མི་འདུག དེ་བཞིན་གནས་འགང་ཆེན་དང་ཡུལ་གྲགས་ཅན་གང་ཡང་མི་ཤེས། ངའི་ཕ་ཡུལ་གྱི་དགོན་པ་དེ་དངོས་གནས་ཆེན་པོ་ཡོད། ཡིན་ཡང་གཞན་ཡུལ་ན་དེ་ཤེས་མཁན་ཉུང་ཉུང་རེད།  ངས་ནམ་རྒྱུན་དགོན་པ་གླེང་དུས་མཆོད་རྟེན་ཆེན་པོ་ཞིག་ཡོད་ཅེས་བཤད་ན་ཤེས་མཁན་རེ་འགའ་འདུག འཆད་ཉན་གྱི་སྙན་པ་མེད་པར་མཆོད་རྟེན་ཞིག་གིས་ངོ་སྤྲད་དགོས་པ་ནི་ཅུང་ཐབས་སྡུག་གི་བྱ་བ་ཞིག་མིན་འགྲོ།  གང་ལྟར་ཡུལ་འདིའི་ཟངས་དཀར་ཁག་གསུམ་སྟོད་མངའ་རིས་ནས་ཆད་ཚུལ་དང་། ཨ་མཆོག་ཁག་གསུམ་གཙང་ནས་ཆད་པ། རྨེ་བ་ཤག་ཆེན་བཅོ་བརྒྱད་ཁམས་ནས་འོང་བ། དམག་གསར་ཚོ་སྡེ་མདོ་སྨད་རྩེ་ཁོག་ནས་ཆད་པ་སོགས་ཡུལ་འདི་ནི་མདོ་དབུས་ཁམས་གསུམ་གྱི་མི་རྒྱུད་འདུས་ས་ཞིག་ཡིན་པ་ཨ་ཁུ་སྨན་བླའི་ཁ་ཤག་ཅིག་ལས་ཤེས་པ་ཡིན།  སྤྱིར་ང་ཚོའི་ཕ་ཡུལ་དུ་སྤྱི་ཚོགས་རྙིང་བའི་སྐབས་སུ་རྨེ་བ་ཟེར་ན་སྐད་གྲགས་ཆེན་པོ་ཡོད་པ་འདྲ། རྨེ་ཟོག་དང་རྨེ་བྲོ་ཟེར་ནའང་སྐད་གྲགས་ཆེན་པོ་འདུག སྔོན་གྱི་ཡིག་ཆ་དག་ཏུའང་རྨེ་བ་ཤག་ཆེན་བཅོ་བརྒྱད་ཅེས་སྐད་གྲགས་ཆེན་པོ་ཡོད་ས་རེད། ཡིན་ཡང་དེང་སྐབས་རྨེ་བ་ནི་ཡུལ་ཚོ་ཞིག་གི་མིང་ཡིན་ལ། ཁྱུང་མཆུ་ནི་རྫོང་གི་མིང་དུ་ཆགས་འདུག བཅོས་བསྒྱུར་གོང་གི་ཟེར་སྲོལ་ལྟར་ན་རྨེ་བ་རྫོང་ཞེས་བཏགས་ན་འདྲ་ཆགས་པོ་མེད་འགྲོ་སྙམ།  ངའི་ཕ་རུས་དེ་རྨེ་བའི་ནང་གི་ཅུང་མིང་ཅན་ཞིག་ཡིན་པ་འདྲ། ཕ་ལགས་ཀྱི་གསུང་སྟངས་ལྟར་ན་ཤེལ་ཕྲེང་ནི་དཔོན་རྒྱུད་ཅིག་ཡིན་རབས་འདུག་ལ། རུས་ཁོངས་འདི་རུ་བླ་སྤྲུལ་མང་དུ་འཁྲུངས་རབས་ཀྱང་འདུག ང་ཚོའི་དགོན་པའི་སྐྱབས་མགོན་གྱི་རུས་ཀྱང་ཤེལ་ཕྲེང་ཡིན་ས་ཡོད།  དེ་སྔོན་ལས་གྲོགས་རུས་རྒྱུད་ལ་ཞིབ་འཇུག་བྱེད་མཁན་ཞིག་ཏུ་ངའི་རུས་ཤེལ་ཕྲེང་ཡིན། དེའི་ཁུངས་ག་རེ་ཡིན་ནམ་འདྲི་དུས་ཁོས་མི་ཤེས་ཟེར། རུས་དེ་གོ་མྱོང་མེད་ཟེར། དེ་ལས་ལྡོག་སྟེ་ཕ་ཡུལ་དུ་སྐད་གྲགས་དེ་འདྲ་མེད་པའི་ངའི་མ་རུས་ཨ་བསེ་ཞེས་པའི་མཆེད་ཁུངས་དང་དར་ཡུལ་མང་བོ་གསུང་སོང་། རྩ་བའི་རུས་ཆེན་བཞི་ལས་ཆད་ཚུལ་ཞིག་ཀྱང་གསུང་བྱུང་། ཁྱུང་མཆུ་ན་ང་ལ་ང་རྒྱལ་སྐྱེ་འོས་པ་ཞིག་ནི་ཤེལ་ཕྲེང་ཞེས་པའི་རུས་རྒྱུད་དེ་ཡིན་མོད། དེ་ཡང་གཞན་ནས་ངོམ་སོ་བྱེད་སར་མི་འགྲོ། ཡིན་ཕྱིར། ཁྱུང་མཆུ་ན་གཞན་སྔུན་ནས་ངོམ་ཆོག་པ་ཞིག་གང་ཡོད། ཁྱུང་བོད་སློབ་འབྲིང་ཡིན་ནམ།  དགེ་རྒན་ཡོན་ཏན་ཚང་གི་གསུང་བཤད་ཅིག་ཏུ། ཁོང་གིས་ཚ་མོ་ཞིག་ཁྱུང་བོད་སློབ་འབྲིང་དུ་སྐྱེལ་སྐབས་སྒོ་སྲུང་གིས་སློབ་མ་ཞིག་ཡིན་ན་བོད་ལྭ་གོན་དགོས། དེ་མིན་སློབ་གྲྭར་མི་མངགས་ཟེར་བས་སྐབས་དེར་ཁོང་ངོ་གནོང་སྟེ་ལམ་སང་ཚ་མོར་བོད་ལྭ་ཞིག་ཉོས་པ་ཡིན་གསུང་། གསུང་དུམ་དེ་གོ་དུས་ཡིད་ལ་དགའ་བ་ཞིག་སྐྱེས་བྱུང་། མ་གཞི་ཁྱུང་བོད་སློབ་འབྲིང་གི་སློབ་ལྭ་དེ་བོད་ལྭ་ཡིན་པ་འདྲ། ནམ་རྒྱུན་སློབ་མ་ཚོས་བོད་ལྭ་གོན་འདུག སློབ་གྲྭ་གྲོལ་སྐབས་དང་། སློབ་གསེང་ལུས་རྩལ། ཞོགས་རྩལ་རྒྱུགས་པ་སོགས་ཀྱི་སྐབས་སུ་བོད་ཆས་རྣལ་མའི་དཔུང་སྡེ་དེ་མཐོང་དུས་རང་བཞིན་གྱིས་ཡིད་ལ་བདེ་སྣང་སྟེར་བ་ཞིག་ཡོད། ཁྱུང་བོད་སློབ་འབྲིང་གི་སློབ་མ་ཚོས་སྐ་རགས་ཡག་པོ་བཅངས། དེ་སྔོན་ནུ་མོ་རྔ་ཁུལ་མཐོ་འབྲིང་དུ་འགྲོ་སྐབས་བོད་ལྭ་ཡག་པོ་གོན་ན་སློབ་གྲོགས་ཚོས་ཁྱུང་བོད་སློབ་འབྲིང་གི་འེ་ཡིན་ཞེས་དྲིས་ཡོང་ཟེར། ས་འདི་ནས་ན་ཆུང་ཚོས་སྐ་རགས་ཡག་པོ་ཞིག་བཅངས་ཐུབ་པ་ནི་བོད་ཡིག་སློབ་འབྲིང་གི་བཀའ་དྲིན་མིན་འགྲོ་སྙམ།

སྙན་ངག་པ་གཉན་གྱིས་སྙན་ངག་ཅིག་ཏུ་ཁྱུང་མཆུ་ནི་ད་ལྟ་རྟ་ཕོ་འདོགས་ས་མེད་པའི་སྲང་ལམ་ཞིག་ཡིན་ཟེར། ངས་ཤེས་པ་ནི་ཁྱུང་མཆུ་ན་ད་རུང་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་གི་འགྲོ་སྟངས་ལྟར། སྐད་ཆའི་ནང་དུ་རྒྱ་སྐད་བསྲེས་ནས་བཤད་ན་སྔོན་ཐོན་རེད་འདོད་མཁན་གྱི་གཟའ་རོ་རེ་འགའ་ཡོད། དེ་ཚོས་ད་རུང་སྦྲགས་སྐད་བཤད་ན་སྔོན་ཐོན་དུ་བརྩི། དེ་ཚོ་ཕལ་ཆེལ་ལས་ཁུངས་ག་གེ་མོ་རེ་ནས་ཡིན་སྲིད། མི་དྭངས་བ་དེ་ཚོ་གང་དུ་ཡོད་ན་དེ་རུ་སི་ཁྲོན་གྱི་རྒྱ་སྐད་དེ་སྐད་མཐོན་པོས་བཤད་འོང་ན་རྣར་གཟན་པ་ཞིག་ཡིན། སྤྱིར་སྐད་རིགས་གང་ཞིག་བཀོལ་བ་རང་དབང་རེད་མོད། རྩ་མི་ཚང་བ་དེ་ཚོ་མ་གཞི་ནས་མི་དགའ་ས་ཏག་ཏག་ཡོད། སུན་པ་ལ། ཞབས་འདྲེན་ཞེས་པའི་ཐ་སྙད་ཀྱི་ནང་དོན་མི་གོ་ན་དེ་ཚོ་ནི་ཞབས་འདྲེན་གྱི་མཚན་གཞི་གསོན་པོ་དེའོ།། དེང་སང་ཐད་གཏོང་གི་ལས་རིགས་དར་ཁྱབ་ཆེ་བས་ཆེད་དུ་བསྒྲགས་པ་མེད་ཀྱང་ངའི་ཕ་ཡུལ་གྱི་མིང་སྣའང་གང་སར་ཁྱབ་ཀིན་འདུག སློབ་མ་ཚོས་དགེ་རྒན་ཁྱོད་ནི་ཅིག་མ་ཅིག་གི་ཕ་ཡུལ་ནས་འེ་རེད་ཅེས་ཀུ་རེ་བྱས་འོང་། དེའི་ཕྱིར། མི་མང་པོའི་སྔུན་དུ་འབུད་མཁན་ཞིག་ཡིན་ཕྱིར། རང་གི་གཉེན་ཉེ་དང་ཕ་ཡུལ་གྱི་མིང་སྣ་ཞིག་ཀྱང་ཡོད་པས་རང་གི་བྱ་སྤྱོད་དེའང་ཅི་འདོད་མི་བྱེད་པ་ནི་གལ་ཆེན་པོ་ཡོད་ས་རེད།

ཁྱུང་མཆུ་གླེང་ན་མི་མང་བོ་ཞིག་གི་སེམས་སུ་གནམ་སྔོན་ཐང་ལ་ལྷུང་འདྲའི་རྩྭ་ཐང་ཆེན་པོ་ཞིག་དྲན་ངེས། ཁྱུང་མཆུ་ཡོངས་རྫོགས་ནི་ཅི་ཆ་མོད། ང་རང་སྐྱེ་སའི་གཡས་གཡོན་ནི་དངོས་གནས་ཐང་ཡངས་པོ་ཡོད། དཔྱིད་ཀ་ཐོན་ན་མེ་ཏོག་གི་ཚལ་ཞིག་དང་མཚུངས། ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན། དེ་ལས་ཀྱང་ས་མཐའ་ནས་བལྟས་ན་ཁྱུང་མཆུ་དེ་ལྷག་པར་མཛེས་པའི་སྣང་བ་ཞིག་བྱིན་ཡོང་། རྟག་པར་ཕ་ཡུལ་གླེང་མཁན་ནི་ཕ་ཡུལ་ན་མེད་པའི་མི་ཚོགས་དེ་ཡིན་ངེས་ལ། ནམ་རྒྱུན་ཕ་ཡུལ་ལ་དོ་སྣང་བྱེད་མཁན་དག་ཀྱང་ཕ་ཡུལ་དང་ཐག་རིང་བའི་ཚོགས་སྡེ་ཞིག་ཡིན་སྲིད། ང་ཡང་དེ་ལས་མ་འདས་པར་ཕ་ཡུལ་གྱི་གསར་འགྱུར་སྣ་ཚོགས་ལ་རང་བཞིན་གྱིས་དོ་སྣང་བྱས་འགྲོ་བ་ཞིག་ཡོད། དེ་སྔོན་ང་ཚོའི་གྲོང་རྡལ་གྱིས་རིག་རྩལ་བྱ་འགུལ་ཞིག་བསྡུས་པ་དེར་སློབ་ཁྲིད་ལའང་མ་སོང་བར་བལྟས་པ་ཡིན། དེ་ནི་ལྷན་སྐྱེས་ཀྱི་ཞེན་ཆགས་ཤིག་ཀྱང་ཡིན་སྲིད། མི་སོ་སོས་ཕ་ཡུལ་ནི་མཐའ་མཇུག་གི་ལོག་མལ་ཞིག་དང་རང་གི་ང་རྒྱལ་ཞིག་རུ་བརྩི། ངའང་དེ་ལས་མ་འདས། ཁྱུང་མཆུ། ང་ལ་མཚོན་ན་སེམས་ཐག་ཉེ་བའི་རྒྱང་རིང་ཞིག  ཆ་ཡོད་ནང་གི་རྒྱུས་མེད་ཅིག

 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557177
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།