མི་གཞི་འདི་ཤིན་ཏུ་གལ་ཆེ་ཚུལ་སོགས་ཞལ་གདམས་ཟབ་མོ་འགའ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »མི་གཞི་འདི་ཤིན་ཏུ་གལ་ཆེ་ཚུལ་སོགས་ཞལ་གདམས་ཟབ་མོ་འགའ། བཛྲ་ཚུལ
མི་གཞི་འདི་ཤིན་ཏུ་གལ་ཆེ་ཚུལ་སོགས་ཞལ་གདམས་ཟབ་མོ་འགའ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-11-03ལྟ་ཀློག (882)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

མི་གཞི་འདི་ཤིན་ཏུ་གལ་ཆེ།

      བློ་རིག་དང་འཇོན་ནུས་སོགས་ཡོད་ན་བཟང་མོད། འོན་ཀྱང་དེ་ལ་མི་གཞི་བཟང་བོའི་རྩ་བ་མེད་ན། སེམས་གཏིང་ནས་བསྟོད་སྨོན་བྱེད་ཡུལ་དུ་འགྱུར་དཀའ་འོ།།ཡིན་ན་ཡང་མི་གཞི་བཟང་ཟེར་བ་དེ་ཤིན་ཏུ་བཤད་དཀའ་མོ་ཞིག་རེད། དཔོན་པོས་བལྟས་ན་མི་གཞི་བཟང་ཡང་འབངས་མིས་བལྟས་ན་མི་གཞི་ངན་པ་ཡང་ཧ་ཅང་མང་། ཕྱུག་པོས་བལྟས་ན་མི་གཞི་བཟང་ཡང་དབུལ་བོས་བལྟས་ན་མི་གཞི་ངན་པ་ཡང་ཤིན་ཏུ་མང་། བླ་མའི་མདུན་ནས་མི་གཞི་བཟང་ཡང་བླ་མ་དང་ཁ་ཅུང་ཟད་བྲལ་ན་མི་གཞི་ངན་པ་ཡང་ཧ་ཅང་མང་། རང་ཉིད་མཐོ་བར་རློམ་ནས་ཉམ་ཆུང་ལ་ཡ་མ་བྱས་ན་མི་གཞི་ངན་པར་མ་ཟད། མཐོན་པོས་བརྩེ་བས་བསྐྱངས་པ་རང་ཉིད་ཅུང་ཟད་དར་དུས་དེ་དེ་ཉིད་བརྗེད་འགྲོ་བ་ཡང་མི་གཞི་ངན་པའི་རྟགས་ཡིན། དེས་ན་མི་གཞི་བཟང་བོ་ནི་ཐམས་ཅད་ཀྱི་རྩ་བ་ཡིན་པས་དཀའ་ཡང་འབད་དགོས། ལམ་གྱི་རིམ་པ་ཞེས་པའང་གོ་སླ་བར་བཤད་ན། མི་གཞི་རིམ་གྱིས་ཇེ་བཟང་དང་། སེམས་རྒྱུད་རིམ་གྱིས་ཇེ་ལེགས་སུ་བཏང་ནས་མཐར་མི་གཞི་དང་སེམས་རྒྱུད་གང་གི་ཆ་ལའང་སྐྱོན་ཅུང་ཟད་ཀྱང་མེད་པར་གྱུར་བ་ན་སངས་རྒྱས་ཞེས་པ་རེད།

ངོ་ཚ་དགོས་པའི་གནས་ལ་ངེས་པར་ངོ་ཚ་དགོས།

སྤྱིར་སེམས་ཅན་ཞིག་ལ་མི་གཤིས་མེད་ན་ངོ་ཚ་དགོས་པ་མིན་ཡང་། མི་ཞིག་ལ་མི་གཤིས་མེད་ན་ནི་ངོ་ཚ་དགོས་པ་ཡིན།
སྤྱིར་མི་ཞིག་གིས་བོད་སྐད་མ་ཤེས་ན་ངོ་ཚ་དགོས་པ་མིན་ཡང་། བོད་ཅིག་གིས་བོད་སྐད་མ་ཤེས་ན་ནི་ངོ་ཚ་དགོས་པ་ཡིན།
སྤྱིར་བོད་ཅིག་ཡིན་ན་ཆོས་ལ་ངེས་པར་དད་པ་ཡོད་དགོས་པ་མིན་ཡང་།  ཚེ་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་དད་པའི་རབ་བྱུང་བ་ཞིག་བྱེད་པར་ཁས་བླངས་ནས། མཆོག་གསུམ་ལ་སྐུར་འདེབས་བྱས་ན་ནི། རང་ཉིད་ཁྲེལ་མེད་ཅིག་ཡིན་པར་ཤེས་པར་བྱས་ནས་ངོ་ཚ་དགོས་པ་ཡིན་ནོ།།
     ངས་ང་ལ་འདི་ལྟར་ལབ།

    སྤྱི་ཚོགས་ཟེར་བ་འདི་ཚོན་མཁན་གྱི་ཚོས་ཟངས་དང་འདྲ་བས། ལ་ལ་བསམ་བཞིན་ནང་དུ་ཞུགས་པས་རང་མདོག་བསྒྱུར་བ་ཡིན་ལ། སྟབས་མ་ལེགས་པར་དེའི་ནང་དུ་ལྷུང་བ་འགའ་ཞིག་ཀྱང་རང་མདངས་འགྱུར་ཚར་འདུག དེས་ན་ཁྱོད་ཀྱང་སྒྲིམས་དགོས།   མི་ཟེར་བ་འདི་རང་ཚུགས་མེད་ན་དངོས་གནས་དཀའ་མོ་ཞིག་རེད།  ཆུ་སྣ་གར་ཁྲིད་ལྟར་གང་དུའང་བུད་འགྲོ    སྐྱིད་ས་བདེ་སར་སོང་ན་ལེགས་ཀྱང་། འཇིགས་ས་སྡུག་སར་ལྷུང་འགྲོ་བ་ཕལ་ཆེ་བས་ལུགས་མཐུན་གྱི་རང་ཚུགས་ཡོད་ན་བཟང་ངམ་སྙམ། རང་ཚུགས་ཟེར་བའང་འབད་པ་ཞིག་མ་བྱས་ན་ཟིན་རྒྱུ་དཀའ་མོ་རེད། ཅིའི་ཕྱིེར་ཞེ་ན། རང་ཉིད་གནས་སའི་ཁོར་ཡུག་འདིར་ཁྲ་ཁྲ་རིག་རིག་གི་བསླུ་བྲིད་ཀུན་ནས་རྒོད། སྣ་ཚོགས་གཡོ་ཁྲམ་གྱི་སྙན་དབྱངས་ཅི་ཡང་གྱེར། ཆགས་སྡང་རྨོངས་གསུམ་གྱི་གཅོང་རོང་ཤིན་ཏུ་ཟབ་པས། དྲན་ཤེས་ཀྱི་མིག་ཟུང་ཅུང་རེ་གཡེངས་ཚེ། ཐར་མེད་ཀྱི་དོང་ལ་ལྷུང་ཉེན་ཧ་ཅང་ཆེ། 
   རང་སེམས་ཆོས་ལ་མ་གོམས་པ་བདག་དང་བདག་ལྟ་བུ་རྣམས་ནི། ཆོས་ཀྱི་ལ་རྒྱ་བཤད་ཁུལ་བྱེད་པའི་ཚེ་ནའང་ཆོས་དང་འགལ་འགྲོ་བཞིན་ཡོད་པ་ནི་ཇི་འདྲའི་ཡིད་སྐྱོ་བའི་གནས་ཞིག་རེད་ཨང་། ང་དང་ང་ལྟ་བུ་ཕལ་ཆེ་བ་ཞིག་ཞེ་སྡང་གི་མེ་ལྕེ་དགུང་དུ་མཆེད་བཞིན་བྱམས་པ་དང་སྙིང་རྗེའི་ཕན་ཡོན་གླེང་བའི་ལས་ལ་བྲེལ། མཁའ་ཁྱབ་ཀྱི་འགྲོ་བའི་བདེ་སྡུག་གླེང་བཞིན་རང་རིགས་ཀྱི་བདེ་སྡུག་ཐལ་བར་འཕངས། སྤྱི་ཕན་གྱི་བྱང་སེམས་ངག་ནས་སྐྱོར་བཞིན་སྒེར་སེམས་ཀྱི་ཞགས་པ་དམ་དུ་གཏོང་བཞིན་པ་ནི་ཇི་འདྲའི་སྐྱོ་བ་ལ་ཨང་།     
    དགྲ་སུ་ཡིན། གཉེན་གང་ཡིན། རྣམ་དཔྱོད་ཡོད་པ་ངོ་མ་ཡིན་ན། དགྲ་གཉེན་དུ་བསྒྱུར་ན་འགྲིག་གི  གཉེན་དགྲ་རུ་གཏོང་བ་ནི་བླུན་པོའི་ཕུལ་མིན་ནམ།  རང་སེམས་ཉོན་མོངས་འདི་དགྲ་བོ་ངོ་མ་ཡིན། འདི་ཆམ་ལ་འབེབས་ཐུབ་ན། དགྲ་ཡང་གཉེན་དུ་གྱུར་འོངས། ཉོན་མོངས་ཇི་ལྟར་འདུལ་ཚུལ་ཤེས་འདོད་ན་དམ་པའི་ཆོས་ལ་སྦྱོངས། ཆོས་ལ་མང་དུ་སྦྱངས་ཀྱང་རང་སེམས་རྒོད་ལ་ཤོར་ན་ཆོས་པ་རྣལ་མ་ཡིན་ཟེར་རྒྱུ་ཤིན་ཏུ་དཀའ་བས། རྩོད་ལ་མཁས་ན་སེམས་ཀྱི་ཉོན་མོངས་ལ་རྩོད་དང་། དེ་ལས་རྒྱལ་ན་རྒྱལ་ཁ་ངོ་མ་ཡིན་ཞེས་ངས་ང་ལ་ལབ་པའོ།།

      ༢༠༡༥•༡༢•༡༠ཉིན།  


མིང་དོན་མཚུངས་པའི་དགེ་རྒན་ཞིག་བྱེད་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།

 

ངས་ང་རང་ལོ་མང་བོར་དགེ་རྒན་བྱེད་ཁུལ་བྱས་པའི་མྱོང་སྟེང་ནས་བསམ་བློ་ཞིབ་མོ་ཞིག་བཏང་ནས་བཤད་ན། དགེ་རྒན་ཞེས་པའི་མིང་ཙམ་ཐོགས་རྒྱུ་ནི་དེ་ཙམ་དཀའ་རྒྱུ་མེད་མོད། འོན་ཀྱང་མིང་དེ་ལ་ངོ་གནོང་མི་དགོས་པའི་དགེ་རྒན་དོན་ཅན་ཞིག་བྱེད་རྒྱུ་ནི་ཤིན་ཏུ་དཀའ་མོ་ཞིག་རེད། རྒྱུ་མཚན་ནི་དེ་ལ་ཚང་དགོས་པའི་ཆ་རྐྱེན་ཧ་ཅང་མང་བོ་ཡོད་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཡང་ལྔ་འདུག་སྟེ། དང་བོ། རིག་གནས་ཐམས་ཅད་ལ་མཁས་ཟེར་རྒྱུ་ནི་ཤིན་ཏུ་དཀའ་ཡང་། རང་གིས་གང་ཁྲིད་རྒྱུའི་གནས་དེ་ལ་ནི་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་བྲལ་བ་ཞིག་ཅིས་ཀྱང་ཨེ་ཡོང་བལྟ་རྒྱུའི་བསམ་བློ་ཡོད་དགོས། གཉིས་པ། རྙེད་བཀུར་སྙན་གྲགས་དོན་དུ་གཉེར་བའི་བསམ་བློ་མེད་པའམ་ཤུགས་མི་ཆེ་བ་ཞིག་དགོས། གསུམ་པ། གཞན་ཕན་གྱི་ལྷག་བསམ་དང་ཉམ་ཆུང་བསླུ་མི་ནུས་པའི་སྙིང་རྗེ་དགོས། བཞི་བ། གཞན་གྱི་ཕྲ་མ་དང་བསྟོད་སྨད་ཀྱིས་གཡོ་མི་ཐུབ་པའམ་གཡོ་མི་སླ་བའི་རང་བཞིན་བརྟན་པོ་དགོས། ལྔ་བ། རང་གིས་གང་བཤད་པར་བྱ་བའམ་གང་ཤེས་པ་དེ་སློབ་མ་ལ་གོ་བརྡོ་སྤྲོད་མཁས་པའམ་གོ་བརྡ་འཕྲོད་པ་ཞིག་དགོས། 

     འདི་དག་ཚང་ན་གཟུར་གནས་བློ་ལྡན་གྱི་སློབ་མ་རྣམས་ལ་ཕན་ཐོགས་པར་འགྱུར་བ་གོར་མ་ཆག་མོད། འོན་ཀྱང་དེ་རྣམས་ཡར་ལྡན་དུ་ཚང་རྒྱུ་ནི་ཤིན་ཏུ་དཀའ་བ་ཞིག་ཡིན་པས་ན། མིང་དོན་མཚུངས་པའི་དགེ་རྒན་ཞིག་ཡོང་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་རེད་སྙམ་མོ།།
      ཡིན་ན་ཡང་སློབ་མ་རྣམས་ལ་ཡོན་ཏན་འབྱོར་མི་འབྱོར་དེ་སློབ་མ་རང་ལ་འབྲེལ་བ་གཏན་ནས་དགེ་རྒན་འབའ་ཞིག་ལ་རག་ལས་པར་བཤད་པ་དེ་ལ་ངས་གཏན་ནས་མོས་མཐུན་མི་བྱེད་དོ།།
  ཞེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་མིང་ཙམ་འཛིན་པའི་བཙུན་གཟུགས་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས། སྤྱི་ལོ་༢༠༢༣ལོའི་དགེ་རྒན་དུས་ཆེན་གྱི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་ནས་བྲིས་པའོ།།


མི་ཞིག་ལ་མཚོན་ན། རང་གི་ཉེ་འཁོར་ན་ངོ་ཤེས་དང་གྲོགས་མཆེད་གསར་བ་རྐྱང་རྐྱང་མ་གཏོགས། གྲོགས་རྙིང་བ་གཅིག་ཀྱང་མེད་ན། མི་དེ་ལ་རྒྱུ་ནོར་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་སེམས་ཁམས་ནི་ཆེས་དབུལ་བོ་ཡིན་ཞེས་ཐག་བཅད་ཆོག་གོ། 

སོ་སོ་སྐྱེ་བོ་ཞིག་ཡིན་ཕྱིན།  ནོར་འཁྲུལ་མི་འབྱུང་བ་ཤིན་ཏུ་དཀའ་མོད། འོན་ཀྱང་རང་གི་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་ལེན་བྱེད་ནུས་པར་མ་ཟད། ནོར་འཁྲུལ་དེ་ཡང་བསྐྱར་མི་བསྒྲུབ་པའམ་ནོར་འཁྲུལ་འབྱུང་བའི་རྩ་བ་དེ་སྤོང་བ་ལ་འབད་པར་བྱེད་པ་རྣམས་ནི། དམ་པའམ་འཕགས་པར་འགྱུར་སླ་ལ།  ནོར་འཁྲུལ་ཅན་གྱི་བྱ་བ་མང་བོ་མང་བོ་ཞིག་རང་གིས་སྒྲུབ་པར་མ་ཟད། ནོར་འཁྲུལ་ལ་ནོར་འཁྲུལ་དུ་ཁས་མི་ལེན་ཅིང་། ནོར་འཁྲུལ་སྤོང་བ་ལ་འབད་པར་བྱེད་རྒྱུ་ལས། ནོར་འཁྲུལ་བརྫུན་གྱི་ཕུང་བོའི་ནང་སྦས་པ་ལ་འབད་ཅི་ཐུབ་ལ་བརྩོན་པ་རྣམས་ནི།  སོ་སྐྱེས་ཐ་མལ་བའི་ནང་ནས་ཀྱང་ཐ་མལ་དུ་ལུས་ནས་སྡོད་རྒྱུ་ལས་དམ་པ་དང་འཕགས་པར་འགྱུར་དཀའོ།།   དེའི་ཕྱིར་བདག་ལེགས་སུ་འདོད་པ་རྣམས་ནི་རང་གི་ནོར་འཁྲུལ་བརྫུན་གྱིས་སྲུང་བ་ལ་འབད་པར་མི་རིགས་སོ།།

ཁ་བདེ་ན་མིང་གང་སྙན་རེ་འདོགས་རྒྱུ་ཤིན་ཏུ་སླ་མོད། འོན་ཀྱང་སེམས་མ་དག་ན་མིང་དོན་མཐུན་པའི་གཞན་དོན་གཙང་མ་ཞིག་བསྒྲུབ་རྒྱུ་ནི་ཧ་ཅང་དཀའོ།།རིག་འཆལ་ཞིག་ཡོད་ན་གཡོ་ཐབས་སྣ་ཚོགས་ཀྱིས་ཆ་རྒྱུས་མེད་པའི་མི་མང་བོ་ལ་རང་ཉིད་སྐྱེས་བུ་དམ་པ་ཞིག་ཡིན་ནམ་སྙམ་པ་འཆར་དུ་འཇུག་རྒྱུ་དེ་ཙམ་མི་དཀའ་ཡང་། དོན་ལ་དམ་པ་དངོས་ཡིན་མིན་ནི་ཆ་རྒྱུས་ཅན་ལ་གསང་དཀའ་ཞིང་། ལས་རྒྱུ་འབྲས་དང་སངས་རྒྱས་བྱང་སེམས་སོགས་ལ་གསང་ཐབས་གཏན་མེད་དོ།། 

གལ་ཏེ་ཆེ་ས་ནས་ཕན་ཚུན་བར་ལ་་ཐུན་མོང་གི་དམིགས་ཡུལ་དང་། ཐུན་མོང་གི་དགའ་ཕྱོགས། ཐུན་མོང་གི་སྐད་ཆ་སོགས་ཡོད་དུ་ཟིན་ན། ཆུང་ས་ནས་མི་མཐུན་ས་ཅུང་ཟད་རེ་ཡོད་དུ་ཆུག་ཀྱང་། དེ་དག་མཉམ་འཛོམས་ཀྱི་གླེང་མོལ་ནི་ངེས་པར་སྤྲོ་དགའ་དང་ལྡན་པ་ཞིག་རེད་སྙམ། དྲང་མོར་བཤད་ན། གཅིག་ལ་གཅིག་སེམས་ཀྱི་གྲོགས་པོར་གྱུར་ཟིན་ན་ནི། གོ་ས་མཐོ་དམན་དང་། རྒྱུ་འབྱོར་དབུལ་ཕྱུག   ལས་རིགས་འདྲ་མིན།   གཞུང་ལ་མཁས་མིན།  ལོ་ཚོད་མཉམ་མིན།   སྙན་གྲགས་ཆེ་ཆུང་སོགས་ཀྱིས་ཕན་ཚུན་གྱི་བར་ཐག་ལ་ཤུགས་རྐྱེན་ཆེན་པོ་མི་ཐེབས་སྙམ་མོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570312
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།