
གྲོན་ཆུང་།
ལྡོང་ཡོན་ཏན་རྒྱ་མཚོ།
ནམ་རྒྱུན། ཞིང་བ་ཚོ་ཞོགས་པ་སྔ་མོ་ནས་ལས་ལ་བྲེལ་ཞིང་། འབྲོག་པ་དག་ཀྱང་རི་ལུང་ཤོད་གསུམ་ན་འདུར་རྒྱུགས་བྱེད། དེ་བཞིན་དུ། ཚོང་ལས་པ་དང་ཞབས་ཕྱི་བ། གཞུང་ཞབས་པ་དང་སྤྱི་སྒེར་ཁེ་ལས་པ་སོགས་སུ་ཡིན་ཡང་རང་རང་ས་ན་མ་ཁོམ་པར་འདུག
སོ་སོའི་ལས་གཞི་དང་དམིགས་ཡུལ་ཁག་ཅིག་མི་མཚུངས་ན་ཡང་། ཐུན་མོང་སྣང་ཚོད་ལྟར་ན། ཟས་གོས་གནས་མལ་སོགས་དང་མ་འབྲེལ་བ་ཞིག་གམ་དེའི་ཆེད་དུ་མི་བརྩོན་མཁན་མཁན་ཞིག་ཕལ་ཆེར་བཙལ་ཡང་རྙེད་དཀའ།
དེའི་ཕྱིར། འབྲུ་རྡོག་གཅིག་གི་ཆེད་དུའང་རྔུལ་ཆུ་ལན་འགའ་འཐོར་མྱོང་ལ། སྒོར་ཟུར་གཅིག་གི་དོན་དུའང་ལུས་སེམས་གཉིས་ཀ་ངལ་ཡོད། འོན་ཀྱང་། མི་མང་བོ་ཞིག་གིས་ཟས་ལྷག་མང་བོ་གང་འདོད་དུ་བསྐྱུར་ཏེ་གད་སྙིགས་སུ་འཕེན་པར་བག་མི་ཚ་ཞིང་། བཅའ་ལག་མང་བོ་ཞིག་འཕྲོ་བརླག་བྱེད་པར་མི་སྐྱིད་པ་དང་མི་རུང་བའི་ཚོར་སྣང་ཙམ་ཡང་མེད་པ་ནི་ཅུང་ཡ་མཚན་དགོས་པའི་གནས་ཤིག་གོ།།
འབྱོར་ལྡན་དག་ལྟ་ཅི། གལ་ཏེ་འབྱོར་འབྲིང་ཁྱིམ་ཚང་ཞིག་གིས་ལོ་གཅིག་ལ་དགོས་མེད་འཕྲོ་བརླག་བྱེད་པའི་ཟས་གོས་སོགས་ཀྱི་རིན་གོང་ཕྱོགས་བསྡོམས་བྱས་ན། སློབ་ཆེན་པ་གཅིག་གཉིས་ཤིག་གི་སློབ་དངུལ་ལ་འདང་རྒྱག་མི་དགོས་པར་འགྱུར་སྲིད།
སྡུག་བསྔལ་གཏོང་ལེན་ཟེར་བ་ཐེག་ཆེན་པའི་ཉམས་ལེན་ཞིག་ཡིན་པས་ལག་བསྟར་བྱེད་དཀའ་བ་བདེན་མོད། ནམ་རྒྱུན་འགྲོ་ཞོར་འདུག་ཞོར་དུ། ང་ཚོས། ཁོར་ཡུག་དང་སྤྱི་ཚོགས་ལ་ཕན་བདེ་ཆུང་ཆུང་རེ་ཇི་ལྟར་བསྐྲུན་ཐུབ་མིན་ལའང་ཡང་བསམ་བློ་རེ་གཏོང་ཤེས་ན་བཟང་།
༢༠༢༣-༡༡-༡
|