གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་གསར་འགྱུར་ཕྱོགས་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་གསར་འགྱུར་ཕྱོགས་བསྡུས།
གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་གསར་འགྱུར་ཕྱོགས་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-10-16ལྟ་ཀློག (603)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

     ཟླ་བཅུ་བའི་ཚེས་བཞི་ཉིན་གྱི་སྔ་དྲོ། རང་རྒྱལ་གྱི་ལུས་རྩལ་པ་གྲགས་ཅན། ལུན་ཏོན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱིས་སྣེ་ཁྲིད་པའི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་སོ་ལྔའི་འདུར་རྒྱུག་ཁྲོད་ཀྲུང་གོའི་རུ་ཁག་གིས་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་གསེར་གྱི་རྟགས་མ་ཨང་བརྒྱ་དང་རེ་གཉིས་པ་བླངས་ལ། དེའི་ཁྲོད་རང་ཞིང་གི་ལུས་རྩལ་པ་གཉིས་ཀྱིས་གསེར་དང་ཟངས་ཀྱི་རྟགས་མའི་གྲུབ་འབྲས་བླངས་ནས་ཐེངས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ། ཆོས་དབྱིངས་སྐྱིད་ཀྱིས་ཉིན་དེའི་དགོང་མོར་ལོ་བཅུ་གཅིག་གིས་རྗེས་སུ་ལུས་པའི་ཨོ་ལིམ་ཕིག་གསེར་གྱི་རྟགས་མ་བླངས།

     ཐེངས་འདིའི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་སོ་ལྔའི་འདུར་རྒྱུག་ཚོགས་པའི་རྣམ་གྲངས་དེ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་ཐོག་མར་བཙུགས་པ་རེད། རུ་ཁག་རེར་ཆེས་ཉུང་ནའང་ཕོ་མོ་གཉིས་རེ་དགོས་ལ་བསྡོམས་པས་མི་བཞི་འདུར་རྒྱུགས་བྱེད་པའི་ལུས་རྩལ་རྣམ་གྲངས་ཤིག་རེད། འགྲན་སྡུར་གྱིས་རུ་ཁག་རེའི་གྲུབ་འབྲས་ཆེས་ལེགས་པའི་ཕོ་མོ་རེ་རེ་ཡི་སྐར་མ་དང་རུ་ཁག་གི་གྲུབ་འབྲས་གཉིས་མཉམ་དུ་རྩིས་རྒྱག་དགོས།

     འགྲན་སྡུར་གྱི་འགོ་བརྩམས་ནས་ཅང་མ་འགོར་བར། ཀྲུང་གོ་རུ་ཁག་གི་སྐྱེས་པ་འགྲན་ཞུགས་པ་ཧི་ཞང་ཧོང་གིས་འགྲན་ཡ་དག་སྐྱུར་ནས་སྔུན་ལ་རྒྱུག་ཏེ་བར་ཐག་ངེས་ཅན་ཞིག་ཤོར་འདུག་མོད། འགྲན་སྡུར་གྱི་ལམ་ཐིག་དཀྱིལ་ལ་སླེབས་པ་ན། ཧི་ཞང་ཧོང་གཞན་གྱིས་རྗེས་སུ་ལུས། སྤྱི་ལེ་ཉི་ཤུའི་རྗེས་ནས་ཁོའི་རྗེས་ན་རྒྱུག་ཡོང་བཞིན་པའི་དཔུང་གྲོགས་ཝང་ཆིན་དང་འཇར་པན་གྱི་འགྲན་ཞུགས་པ་ཧྲི་ཐེན་མའོ་གཉིས་ཀྱིས་ཁོ་རྗེས་སུ་སྐྱུར། ཝང་ཆིན་དེ་ནས་མུ་རུ་སྤྱི་ལེ་གཉིས་ཙམ་ལ་རྒྱུག་རྗེས། ཧྲི་ཐེན་མའོ་ཡིས་རྗེས་སུ་སྐྱུར།

     མཇུག་མཐར་ཧྲི་ཐེན་མའོ་ཡིས་དུས་ཚོད་གཉིས་དང་སྐར་མ་སོ་གཅིག་དང་སྐར་ཆ་བཅུ་གཉིས་ཀྱི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁ་བླངས་ལ། ཝང་ཆིན་སྐར་ཆ་བཅུ་དྲུག་གིས་རྗེས་སུ་ལུས་ཏེ་འགྲན་རིམ་མཇུག་རྫོགས། 

     ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་གྱི་དུས་རིམ་སྔོན་མར་རུ་ཁག་གི་བུད་མེད་འགྲན་ཞུགས་པ་པེ་ཞའེ་དབྱིན་དང་མཉམ་དུ་རྒྱུགས་བཞིན་འདུག་ལ། འགྲན་སྡུར་གྱི་ལམ་ཐིག་དཀྱིལ་ལ་སླེབས་རྗེས། མོས་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས།རང་ཉིད་ཁེར་རྒྱུག་བྱེད་པའི་རྣམ་པ་གྲུབ་ཏུ་བཅུག་ལ། འགྲན་ཡ་དང་བར་ཐག་ངེས་ཅན་ཤོར་ནས་དུས་ཚོད་གཉིས་དང་སྐར་མ་ཞེ་ལྔ་དང་སྐར་ཆ་བཅུ་གསུམ་གྱི་གྲུབ་འབྲས་ཀྱིས་འགྲན་སྡུར་མཇུག་སྒྲིལ་པས། ཀྲུང་གོ་རུ་ཁག་གི་གྲུབ་འབྲས་དེ་ཡང་དུས་ཚོད་ལྔ་དང་སྐར་མ་བཅུ་དྲུག་དང་སྐར་ཆ་ཞེ་གཅིག་གི་སྟེང་ནས་གཏན་འཁེལ་བྱས། 

    འཇར་པན་རུ་ཁག་གི་གྲུབ་འབྲས་ཆེས་བཟང་བའི་བུད་མེད་ལུས་རྩལ་པ་དེ་ཆོས་དབྱིངས་སྐྱིད་ལས་སྐར་མ་ལྔ་ཡིས་རྗེས་སུ་ལུས་ནས། མཐའ་མཇུག་མཇར་པན་རུ་ཁག་གིས་ཨང་གཉིས་པ་བླངས་པ་དང་། རྒྱ་གར་རུ་ཁག་གིས་ཟངས་ཀྱི་རྟགས་མ་བླངས། 

    འགྲན་སྡུར་གྱི་རྗེས་སུ་ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། ངས་འགྲན་སྡུར་གྱི་མགོ་བརྩམས་མ་ཐག་འཐབ་རྩལ་བརྟན་སྲུང་བྱས་པ་ཡིན། དེ་གཙོ་བོ་གསེར་གྱི་རྟགས་མ་འདི་ལེན་ཐུབ་པའི་ཆེད་དུ་ཡིན། འོན་ཀྱང་འགྲན་སྡུར་གྱི་གོ་རིམ་ཁྲོད་དུ་ཧི་ཞང་ཧོང་དང་ཝང་ཆིན་གཉིས་ཀྱིས་ང་ལ་སྒུལ་ཤུགས་བསྩལ་བྱུང་། ཀྲུང་གོའི་ལུས་རྩལ་པ་ཡིས་སྔར་ལས་ཧུར་ཐག་གིས་རང་གི་ནུས་པ་མངོན་ན་འགྲིག

     ཆོས་དབྱིངས་སྐྱིད་ཀྱིས་མུ་མཐུད་དུ་བཤད་རྒྱུར། ང་རྩལ་ནུས་བརྟན་པོ་ཅན་གྱི་མི་ཞིག་ཡིན། ངས་བསམ་ན་ང་ཚོས་རང་གིས་ནུས་པ་མངོན་དགོས་པ་མ་ཟད། རྒྱལ་སྤྱིའི་རྒྱུག་འགྲན་ཐང་ནས་ཤན་འབྱེད་པ་དག་གི་སྔུན་ནས་རང་གི་རྩལ་ནུས་མངོན་དགོས། དེ་ལྟར་བྱས་ན་རྗེས་ཕྱོགས་ཀྱི་འགྲན་སྡུར་ཐད་རོགས་རམ་བྱེད་ཐུབ་ངེས་རེད། ང་རང་ཉིད་ཀྱི་རྣམ་འགྱུར་ལ་ཤིན་ཏུ་ཡིད་ཚིམ་ཡོད། འདུར་རྒྱུག་ལམ་སྐེད་ལ་ཐོན་དུས་ཇེ་མགྱོགས་ལ་བཏང་ནས་རྗེས་སུ་མ་ལུས་ཐལ།  

     གཞན་གླེང་རིན་ཡོད་པ་ཞིག་ནི། ཚེས་བཞིའི་ཉིན་གྱི་དགོང་མོའི་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས། ཀྲུང་གོ་ཨོ་ལིམ་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་ཨོ་ལིམ་ཕིག་གསེར་གྱི་རྟགས་མ་ཁ་གསབ་བྱས་ཏེ་སྤྲོད་པའི་མཛད་སྒོ་བསྡུས། ཆོས་དབྱིངས་སྐྱིད་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སྟེང་གི་སྤྱི་ལེ་ཉི་ཤུའི་བུད་མེད་འདུར་རྒྱུག་ཁྲོད་ལེན་འོས་པའི་གསེར་གྱི་རྟགས་མ་དེ་ཁ་གསབ་བྱས་ཏེ་སྤྲད། ཉིན་གཅིག་གི་ནང་ལ་ཨེ་ཤ་ཡའི་གསེར་གྱི་རྟགས་མ་དང་ཨོ་ལིམ་ཕིག་གསེར་གྱི་རྟགས་མ་གཉིས་མཉམ་དུ་འཐོབ་རྗེས། ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། ལོ་བཅུ་གཅིག་སྔུན་གྱི་ཨོ་ལིམ་ཕིག་གསེར་གྱི་རྟགས་མ་འདི་དང་བསྡུར་ན། ཐེངས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མས་ང་ལ་ཡིད་ཆེས་བླ་ལྷག་བསྩལ་བྱུང་ཟེར། 

     ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། འདི་ནི་རང་གི་ཆེས་མཐའ་མཇུག་གི་སྤྱི་ལེ་སོ་ལྔའི་འགྲན་སྡུར་ཡིན་སྲིད། སང་ལོ་ནས་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་རྣམ་གྲངས་ནང་ཞུགས་འདོད་ཟེར། 

     ཆོས་དབྱིངས་སྐྱིད་ཀྱི་རུ་ཁག་གིས་རྟགས་མ་བླངས་རྗེས། ཞིང་ཆེན་ལུས་རྩལ་ཅུའུ་དང་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་རྟེན་འབྲེལ་ཞུ་ཡིག་སྐུར་ནས། ཆོས་དབྱིངས་སྐྱིད་དང་མོའི་རུ་ཁག་གིས་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས་པར་རྟེན་འབྲེལ་ཞུས། དུས་མཉམ་དུ་རང་ཞིང་གི་ལུས་རྩལ་པས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་ཐོག་གསེར་གྱི་རྟགས་མ་བླངས་བར་དགའ་སྟོན་རྟེན་འབྲེལ་ཞུ།

གསར་ཁུངས། གངས་ལྗོངས་མེ་ལོང་དྲ་བ། 


     མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་ཝ་མགྱོགས་ཤང་གི་དགུན་མཚེར་དུ་མི་ཚོགས་མང་པོ་འདུས། དེ་ནི་ཆོས་དབྱིངས་སྐྱིད་ཀྱིས་ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཉིས་བླངས་ནས་ཕྱིར་ཕ་ཡུལ་དུ་ལོག་པར་བསུ་བ་ཞུ་མཁན་རེད།  ཚེས་10ཉིན་གྱི་ཞོགས་པར། ཡུལ་མི་སྤུན་ཟླ་མང་པོའི་ཕེབས་བསུའི་ཁྲོད། ཆོས་དབྱིངས་སྐྱིད་ཀྱི་མིག་མཐའ་མཆི་མས་བརླན།

     གཟའ་འཁོར་གཅིག་གོང་གི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ནང་། ལོ་32ལ་སླེབས་པའི་ཆོས་དབྱིངས་སྐྱིད་ཀྱིས་རུ་གྲོགས་ཚོ་དང་མཉམ་དུ་ཀྲུང་གོའི་རུ་ཁག་ལ་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་35ཡི་འདུར་འགྲོས་འགྲན་བསྡུར་གྱི་ཚོགས་པའི་གསེར་གྱི་རྟགས་མ་བླངས། ཉིན་དེའི་དགོང་མོར། ཀྲུང་གོ་ཨོ་ལིམ་ཕིག་སྒྲིག་འཛུགས་ཨུ་ལྷན་གྱིས་2012ལོའི་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ་20ཡི་འདུར་འགྲོས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་རིམ་གསབ་བྱས་ནས་ཐོབ་པའི་ཆོས་དབྱིངས་སྐྱིད་དང་། ལིའུ་ཧུང་། ལུའེ་ཤིའུ་ཀྲི་བཅས་ལ་གཟེངས་རྟགས་སྤྲད་པ་རེད།

     ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་འདིར་ཆོས་དབྱིངས་སྐྱིད་ཀྱིས་ལོ་11རེ་སྒུག་བྱས་ཡོད། གཟེངས་རྟགས་ལེན་སའི་སྡིངས་ཆའི་སྟེང་ལངས་པ་ནས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པའི་བར་གྱི་ཆུ་ཚོད་གཅིག་རིང་། ཆོས་དབྱིངས་སྐྱིད་མིག་ཆུ་བར་མེད་དུ་བཞུར།

    “ང་ཚོ་ལུས་རྩལ་པ་གསུམ་གྱིས་འབད་འཐབ་ལྷོད་མེད་བྱས་པ་ཡིན། ང་ཚོས་མཐའ་འཁྱོངས་བྱས་པ་ལས་གཞོན་ནུ་སྔར་བས་མང་པོར་བློ་སྐྱེད་མི་འདྲ་བ་ཐོབ་པའི་རེ་བ་ཡོད”ཅེས་ཆོས་དབྱིངས་སྐྱིད་ཀྱིས་བརྗོད།

     ཤིས་ཧུའུ་མཚེའུའི་འགྲམ་ནས་མཚོ་སྔོན་པོའི་ངོགས་སུ་ལོག་པའི་བར། གཡང་མཚོ་རྒྱལ་གྱིས་རང་ཉིད་ཀྱི་གཅུང་མོས་གསེར་གྱི་རྟགས་མ་བླངས་པར་དཔང་པོ་བྱས་པ་དང་ཆབས་ཅིག ཆོས་དབྱིངས་སྐྱིད་དང་ལྷན་དུ་མིག་ཆུ་ཡང་བཞུར་མྱོང་། འདི་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་། གཡང་མཚོ་རྒྱལ་གྱིས་བུ་མོ་གཉིས་ཁྲིད་དེ་ཨེ་ཤེ་ཡའི་ལུས་རྩལ་འགྲན་རར་གཅུང་མོ་ཆོས་དབྱིངས་སྐྱིད་ལ་ཤུགས་རྒྱག་ཏུ་ཕྱིན་པ་རེད། ལོ་དེ་དག་རིང་། ཁོ་མོ་རང་ཉིད་ལས་ལོ་གཉིས་ཀྱིས་ཆུང་བའི་ཆོས་དབྱིངས་སྐྱིད་དང་མཉམ་དུ་ནན་ཅིང་དང་ཧོང་ཧྲན་སོགས་ཀྱི་འདུར་འགྲོས་འགྲན་ར་མང་པོར་བསྐྱོད་མྱོང་མོད། ཡིན་ན་ཡང་ཐེངས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་རའི་མི་ཚོགས་མང་པོ་དང་ལུས་རྩལ་གྱིས་བསྡུས་པའི་སྟོབས་ཤུགས་ཆེན་པོར་ཧ་ལས་པ་རེད།

     ཆོས་དབྱིངས་སྐྱིད་ཀྱིས་སྐར་ལྔའི་དར་དམར་སྟོད་ལ་དཀྲིས་ཤིང་། མིག་ཆུ་ཤོར་བའི་སྐབས་དེར་གཅུང་མོར་བྱམས་པའི་ཁོ་མོ་ཡང་མིག་ཆུ་དབང་མེད་དུ་ཤོར། ཁོ་མོ་ལོ་10ལ་སླེབས་པའི་བུ་མོ་གཡང་འཛོམས་ལ་སྐད་གདངས་དམའ་པོས“སྲུ་མོ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་ཁབ་ཆེད་དུ་འབད་འཐབ་བྱས་ནས་དགའ་ཞེན་ཆེ་བའི་ལུས་རྩལ་ཁྱབ་ཁོངས་ནས་རྒྱུན་ཆད་མེད་པར་ཚད་བརྒལ་ཐུབ་སོང”ཞེས་བཤད་པ་རེད།

    ཨ་ཕ་མགོན་པོ་རབ་བརྟན་གྱི་རེ་སྒུག་ཁྲོད་ཆོས་དབྱིངས་སྐྱིད་ཕ་ཡུལ་དུ་ལོག་རྗེས་ནང་མི་ཚང་མས་ཟ་ཞོར་འཐུང་ཞོར་དུ་དགའ་སྤྲོའི་དཔལ་ལ་རོལ། ལུས་རྩལ་འགྲན་རའི་ནང་བུ་མོས་གསེར་གྱི་རྟགས་མ་བླངས་པའི་དཔང་པོ་བྱེད་མ་ཐུབ་ཀྱང་གསར་འགོད་པར་དུས་ཡུན་རིང་པོར་གཞན་ཡུལ་འགྲིམས་པའི་བུ་མོའི་སྐོར་གླེང་སྐབས། མགོན་པོ་རབ་བརྟན་ཡང་མིག་ཆུ་ཤོར། “ངའི་བུ་མོ་བསམ་ཤེས་ཐུབ་པོ་ཡོད། འགྲན་བསྡུར་ཕམ་སྟེ་རྨས་ཀྱང་འཁང་ར་བྱེད་ཀྱི་མི་འདུག་ལ། ཁ་པར་ནས་ཁམས་བདེའི་འཚམས་འདྲི་ཞུ་བ་ལས་གཞན་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཀྱི་མི་འདུག ཡིན་ན་ཡང་། ངས་ཁོ་མོས་དཀའ་ལས་ཆེན་པོ་རྒྱག་གི་ཡོད་པ་ཤེས་ཀྱི་འདུག”

     ཕྱིར་སྦྱོང་བརྡར་དང་འགྲན་བསྡུར་བྱེད་མང་བས་ཕ་བུ་གཉིས་ལྷན་འཛོམས་ཀྱི་སྐལ་བ་ཉུང་། ལོ་རེར་ཆོས་དབྱིངས་སྐྱིད་ཁྱིམ་དུ་སྡོད་པའི་དུས་ཚོད་ཉིན་10ལས་མང་བ་མེད། བུ་མོ་འགྲན་བསྡུར་ལ་ཞུགས་སྐབས། ཨ་ཕས་བརྙན་འཕྲིན་མདུན་ནས་བུ་མོར་སྨོན་ལམ་རྒྱག་གི་ཡོད་པ་རེད།

ཡུལ་མི་སྤུན་ཟླ་ཚོས་རྟ་བཞོན་ནས་ཁ་བཏགས་བཟུང་སྟེ་རྟེན་འབྲེལ་ཞུ་རུ་ཡོང་བ་མཐོང་རྗེས། ཆུང་དུས་ནས་གསེར་དངུལ་ཐང་དུ་འཚར་ལོངས་བྱུང་བའི་ཆོས་དབྱིངས་སྐྱིད་ཀྱི་མིག་མཐའ་དབང་མེད་དུ་མཆི་མས་བརླན། ཁོ་མོས“ཡུལ་མི་སྤུན་ཟླ་ཚོས་ལོ་མང་རིང་ང་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ངས་ཕ་ཡུལ་གྱི་བྱིས་པ་ཚོར་འཛམ་གླིང་གི་སྣ་མང་རང་བཞིན་དང་རྩྭ་ཐང་འདིའི་ཕྱི་རོལ་གྱི་དེ་བས་ཡངས་པའི་གནམ་ས་མཐོང་དུ་འཇུག་ཐུབ་རེ་བྱེད་ཀྱི་ཡོད”ཅེས་སེམས་འགུལ་ཐེབས་པའི་ངང་བརྗོད།

     མཚོ་བྱང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་འབྲོག་པའི་བུ་མོ་ཞིག་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོར་གྱུར་པའི་བར། ཆོས་དབྱིངས་སྐྱིད་ཀྱིས་འབྲོག་པའི་བུ་ཕྲུག་དེ་བས་མང་པོར་ཕུགས་བསམ་མཐའ་འཁྱོངས་བྱེད་དགོས་པའི་སྐུལ་ལྕག་བཏང་ནས། མཚོ་བྱང་གི་འཕེལ་རྒྱས་ཆེད་བསམ་པའི་མིག་དཔེ་གསར་པ་ཞིག་བསྟན་ཡོད་ཅེས་བརྗོད།

     ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་འདིས་ཁོ་མོའི་ལྷོད་པ་མེད་པའི་འབད་བརྩོན་ལ་དཔང་པོ་བྱས་ཡོད། སྟོན་ཟླ་ཐ་མའི་དུས་ཀྱི་རྩྭ་ཐང་དུ་ལོ་རྗེས་མའི་སྐྱེ་སྟོབས་ཀྱི་ས་བོན་བཏབ་པ་ཇི་བཞིན། འབྱུང་འགྱུར། ཆོས་དབྱིངས་སྐྱིད་དང་འདྲ་བའི་རྩྭ་ཐང་གི་བུ་ཕྲུག་སྔར་བས་མང་པོ་ཐོན་རྒྱུ་རེད།

གསར་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

       ཟླ10པའི་ཚེས6ཉིན་གྱི་དགོང་མོར། ཡ་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པ་རྒྱལ་ཁའི་ངང་ཕྱིར་ལོག མཚོ་བྱང་གི་ཕུལ་བྱུང་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་ཡ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟི་བརྗིད་དང་མཚན་སྙན་བླངས་ཏེ་ཕྱིར་ཕ་ཡུལ་དུ་སླེབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་། མདའ་བཞི་རྫོང་དང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་དེ་བཞིན་ཆོས་དབྱིངས་སྐྱིད་ཀྱི་ཁྱིམ་མི་འཁོར་དང་བཅས་པས་ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དུ་སྣེ་ལེན་མཛད་སྒོ་འཚོགས་ནས་ཕ་ཡུལ་དུ་ལོག་པར་དགའ་བསུ་ཞུས།

      མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་བྱང་ཁུལ་སྲིད་གཞུང་གི་འགན་འཁུར་བས་རྒྱལ་ཁའི་ངང་ཕྱིར་ལོག་པའི་ལུས་རྩལ་པ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས་ཁོང་ཚོར་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས། དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ཆོས་དབྱིངས་སྐྱིད་ཀྱིས་ངལ་གསོ་ཅུང་ཙམ་བྱས་རྗེས་བྱམས་བརྩེ་ལྡན་པའི་ངང་ཚང་མས་དོ་ཁུར་བྱེད་ཀྱིན་པའི་དྲི་བར་ལན་བཏབ། ཀྲང་ཧྲིང་ཡོན་གྱིས“ཕ་ཡུལ་མི་དམངས་ཀྱིས་ཁྱེད་རང་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་ཞུ་བ་དང་ཁྱེད་ནི་ཕ་ཡུལ་མི་དམངས་ཀྱི་ལ་རྒྱ་ཡིན། ལོ་མང་པོ་ཞིག་གི་རིང་ལ་ཁྱེད་ཀྱིས་འབད་འཐབ་ལྷོད་མེད་དང་ཡང་རྩེར་འཛེགས་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས། མཚོ་བྱང་གི་སྣང་བརྙན་དང་མཚོ་བྱང་གི་སྙིང་སྟོབས་མཚོན་པར་བྱས་ནས་མཐོ་སྒང་གི་བུ་བུ་མོ་ཚོའི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བྱས་ཡོད། ཁྱེད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་ནི་ང་ཚོའི་མིག་དཔེ་འཛིན་འོས་ལ། མ་འོངས་པའི་སློབ་སྦྱོང་དང་བྱ་བའི་ཁྲོད་འབད་འབུངས་ཧུར་ཐག་བྱས་ནས་མུ་མཐུད་དུ་རྒྱལ་ཁབ་དང་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་བྱེད་རྒྱུའི་རེ་བ་ཡོད”ཅེས་བཤད། ཆོས་དབྱིངས་སྐྱིད་ཀྱིས“མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱབ་སྐྱོར་དང་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཕ་ཡུལ་མི་དམངས་ཀྱིས་རེ་སྒུག་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་ཐེངས་རེ་བ་སྟོང་ཟད་དུ་མ་བཏང་བར་འདི་ལྟ་བུའི་གྲུབ་འབྲས་ཤིག་ཐོབ་སོང་། མ་འོངས་པ་ན་གཞོན་ལུས་རྩལ་པ་དེ་བས་མང་བར་སྐུལ་ཁྲིད་བྱས་ནས་ངའི་གོམ་སྟབས་དང་མཉམ་དུ་མུ་མཐུད་དུ་སྔར་ལས་ལེགས་པའི་གྲུབ་འབྲས་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཟེར།

       ཆོས་དབྱིངས་སྐྱིད་ནི་ཀྲུང་གོ་བས་མགོ་བོ་ཡར་ལ་དགྱེ་སའི་གནས་མཆོག་སྟེ། མཚོ་བྱང་ཁུལ་མདའ་བཞི་རྫོང་གསེར་དངུལ་ཐང་ནས་འཚར་ལོངས་བྱུང་པ་དང་མཚོ་བྱང་རྩྭ་ཐང་ནས་རྒྱལ་ཁབ་བརྒལ་ཞིང་ཡ་གླིང་དང་འཛམ་གླིང་ལ་བསྐྱོད་དེ་ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཤིང་ཐེངས་གསུམ་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་ཞུགས་པར་མ་ཟད། ཀྲུང་གོའི་ལུས་རྩལ་ལོ་རྒྱུས་དང་མཚོ་སྔོན་གྱི་ལུས་རྩལ་ལོ་རྒྱུས། མཚོ་བྱང་གི་ལུས་རྩལ་ལོ་རྒྱུས་བཅས་ཀྱི་ལེའུ་གསར་བ་བཏོད་ཡོད། ཟླ10པའི་ཚེས4ཉིན་གྱི་སྔ་དྲོར་ཐེངས་དང་པོར་ཧང་ཀྲོའུ་ཡ་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་ནང་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་། ཉིན་དེའི་དགོང་མོར་ཁོ་མོར་ལོ11གི་འགོར་བའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་གི་གསེར་གྱི་རྟགས་པ་ཐོབ་སྟེ། མཚོ་སྔོན་ལ་ཨོ་རྩལ་འགྲན་ཚོགས་དང་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་སྟོང་ཆ་བསྐངས་ཏེ་མཚོ་སྔོན་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ཐོག་མར་གྱུར། དེ་དང་མཉམ་དུ། མོ་ལ་ཉིན་གཅིག་ལ་གསེར་གྱི་རྟགས་མ་གཉིས་ཐོབ་པའི་ལོ་རྒྱུས་ཀྱང་བཀོད་ཡོད།

     ད་ལྟ་ཁོ་མོས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་དང་རྩལ་ཁྲིད་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་ཅིང་། མ་འོངས་པའི་ལུས་རྩལ་འཚོ་བའི་ཁྲོད་མཚོ་བྱང་ཁུལ་གྱིས་ན་གཞོན་ལུས་རྩལ་པ་ཚོར་སྣེ་ཁྲིད་དེ་ཁོ་མོར་མིག་དཔེ་དང་སློབ་སྤྱོང་བྱས་ཏེ་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དང་ལུས་རྩལ་གྱི་སྙིང་སྟོབས་དེ་མཚོ་བྱང་རྩྭ་ཐང་དུ་ཁྱབ་བདལ་གཏོང་རྒྱུ་རེད།

གསར་ཁུངས། མཚོ་སྔོན་པོ་དྲ་བ། 

    ཟླ10པའི་ཚེས6ཉིན་གྱི་ཆུ་ཚོད19ཡི་ཐོག ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ35ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་མཁན། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་གསབ་སྤྲོད་བྱ་ཡུལ་ཆོས་དབྱིངས་སྐྱིད་ཟི་ལིང་དུ་འབྱོར་བ་རེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འགོ་ཁྲིད་དང་སྨྱན་སྦྱོར་ཚན་པའི་གསར་འགོད་པས་ཆོས་དབྱིངས་སྐྱིད་ཕྱིར་ཕ་ཡུལ་དུ་ལོག་པར་བསུ་བ་ཞུས་ཡོད།  

    ཆོས་དབྱིངས་སྐྱིད་ཀྱིས། མི་མང་པོ་དེ་འདྲ་ཞིག་གིས་ང་ལ་བསུ་བ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

    ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འདུར་རྒྱུག་ལུས་རྩལ་པ་དང་རྩལ་འཁྲིད་པ་གཅིག་ལྕོགས་ཡིན་པ་དང་། ཀྲུང་གོའི་ལུས་རྩལ་ལོ་རྒྱུས་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་པའི་བོད་རིགས་ལུས་རྩལ་པ་ཐོག་མ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་བོད་རིགས་ལུས་རྩལ་པ་ཐོག་མ་དེ་ཡིན་ཞིང་། ཨོ་རྩལ་འགྲན་ཚོགས་ལ་ཐེངས་གསུམ་ཞུགས་མྱོང་བའི་བོད་རིགས་ལུས་རྩལ་པ་ཐོག་མ་དེ་རེད།

    ཟླ10པའི་ཚེས4ཉིན། ཆོས་དབྱིངས་སྐྱིད་ལ་ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ35ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་དེར་ཐོབ་པའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་ཡིན་ལ། མཚོ་སྔོན་གྱི་ལུས་རྩལ་པར་སྐབས་འདིའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་དེའང་ཡིན་པས། ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་བཏོད་ཡོད། ཉིན་དེའི་དགོང་མོ། ཁོང་ལ་ད་དུང་ལོ11ཕྱི་འབྱོར་ལུས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་སྟེ། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསབ་སྤྲོད་གསེར་གྱི་རྟགས་མ་དེ་ཐོབ་ཡོད་ཅིང་། དེ་ནི་མཚོ་སྔོན་གྱི་ལུས་རྩལ་པར་ཐོབ་པའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་རེད།།

གསར་ཁུངས། མཚོ་སྔོན་པོ་དྲ་བ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574169
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།