བོད་སྐད་ཡིག་དགེ་རྒན་ཞིག་གི་སེམས་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »བོད་སྐད་ཡིག་དགེ་རྒན་ཞིག་གི་སེམས་གཏམ།
བོད་སྐད་ཡིག་དགེ་རྒན་ཞིག་གི་སེམས་གཏམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-10-04ལྟ་ཀློག (835)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་སྐད་ཡིག་དགེ་རྒན་ཞིག་གི་སེམས་གཏམ།

— མཐོ་གཉིས་འཛིན་གྲྭ་གསུམ་པ་དང་བཞི་པའི་སློབ་གྲོགས་ཡོངས་ལ་ཕུལ།

    ཁོ་བོ་སློབ་གླིང་འདིར་ཐོག་མར་ཡོང་དུས་དགའ་བསུ་བྱེད་མཁན་ཁྱེད་རྣམ་པ་ཡིན་ལ། བདག་གིས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུས་ཁྱེད་ཅག་ལ་ཞབས་ཞུ་རེ་བསྒྲུབས་ཐུབ་སོང་བའང་སྐལ་བ་བཟང་པོ་ཞིག་ཡིན་སྙམ། འོན་ཀྱང་ང་རང་ནི་དགེ་རྒན་བྱིངས་དང་འདྲ་བར་ངག་འཇམ་པོས་སློབ་མ་སྐྱོང་མཁས་ཤིག་མིན་པ་ཁྱེད་ཅག་གིས་ཤེས་གསལ་ནང་བཞིན་རེད། ད་ལྟ་ཕྱིར་དྲན་ཞིག་བྱས་ན། སྐབས་དེར་ངས་ཁྱེད་ཅག་ལ་ཟླ་ཆུའི་འགྲམ་དུ་བཞད་པའི་རེ་བའི་མེ་ཏོག་ཚོམ་བུ་ཞིག་ཅེས་པའི་རྩོམ་ཡིག་བྲིས་ཤིང་། བརྗོད་བྱ་ཡོངས་ནས་ཁྱེད་ཅག་ལ་ཕན་ཐོགས་པའི་ཀུན་སློང་གིས་ཁྱབ་ཅི་ཐུབ་བྱས་པ་ནི་དྲན་སླ་བ་ཞིག་རེད།

    སྤྱིར་ནམ་རྒྱུན་ལས་ཀ་ཅི་ཡང་བྱེད་མི་ཐུབ་པའི་མི་ཞིག་ལ་མཚོན་ན། སློབ་སྐབས་གཅིག་ནི་ཧ་ཅང་ཐུང་ཐུང་དུ་སྣང་ཡང་། ཁོ་བོར་མཚོན་ན་སློབ་སྐབས་གཅིག་དང་ཕྱེད་ཀ་ནི་མི་ཚེའི་ནང་གི་ས་བཅད་རིང་མོ་ཞིག་ཡིན་པ་འདྲ། རྒྱུན་དུ་དཔེ་ཆ་མཐུག་པོ་རེ་མདུན་དུ་བཞག་ནས་ཅི་ཞིག་འཚོལ་བར་བརྩོན་པའི་བདག་གིས། སློབ་སྐབས་གཅིག་གི་དུས་ཚོད་ཁྱེད་ཅག་གི་རྗེས་སུ་འཛིན་བདག་དགེ་རྒན་ནང་བཞིན་བཏང་བ་ནི་ཁྱེད་ཅག་གིས་མ་འོངས་པར་ཤེས་རིག་གི་སྐྱིན་ཚབ་བཟང་པོ་ཞིག་སྤྲད་ཡོང་བའི་ཡིད་ཆེས་ཀྱིས་རྐྱེན་པ་ལས་གཞན་ནི་ཅི་ཞིག་ཡོད། དེ་བས་ནམ་རྒྱུན་ཁྱེད་ཅག་གི་སྐད་ཆ་བཤད་སྟངས་དང་། གོན་པ་གྱོན་སྟངས་སོགས་ལ་དགེ་རྒན་གཞན་ལས་ལྷག་པའི་དོ་དམ་བྱེད་དོན་ཡང་། ཁྱེད་ཅག་འབྱུང་འགྱུར་ཡ་རབས་ཚུལ་མཐུན་གྱི་མི་ཞིག་ཏུ་གཏོང་བར་འདོད་པ་ལས། ང་རང་ཉིད་ལ་ཕན་ཐོགས་ཕྲན་བུ་ཙམ་ཞིག་མེད་པའང་ཤེས་པར་གྱིས།

   ང་ཚོ་མཉམ་དུ་སློབ་ཁང་གཅིག་ལ་འདུས་ནས་བོད་ཀྱི་གཙུག་ལག་རིག་གནས་ལ་སློབ་སྦྱོང་བྱས་མོད། ངས་ཀྱང་རང་ཉིད་ཀྱིས་ཆེ་ཤེས་ཆུང་ཤེས་མཐའ་དག་སྦ་གསང་མེད་པར་ཁྱེད་ཅག་ལ་བཤད་པ་ཡིན། སྐབས་རེར་ངས་བཤད་དྲགས་ནས་ཁྱེད་ཚོ་སུན་སྣང་སྐྱེ་བཞིན་ཡོད་པ་མཐོང་འཕྲལ། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་བཤད་དེ་ཁྱེད་ཚོའི་རེ་བའི་མིག་ཟུང་དད་པའི་མཆི་མས་བརླན་པའང་ཐེངས་གཅིག་ག་ལ་ཡིན། ནམ་རྒྱུན་ངས་ཁྱེད་ཅག་ལ་རྩོམ་ཡིག་མང་པོ་འབྲི་རུ་བཅུག་ཀྱང་ཡིག་གྲངས་ཉུང་བའི་རྐྱེན་གྱིས་ཁྱེད་ཚོས་དཀའ་སྣང་དུ་འཛིན་མི་སྲིད་ལ། དེ་བས་ཀྱང་སློབ་མ་ལ་ལས་སྤྲོ་སྣང་དུ་བཟུང་ནས་རྫ་རིའི་ཆུ་ཕྲན་ལྟ་བུའི་ལྷུག་རྩོམ་རེ་བྲིས་པ་མཐོང་རྗེས། བདག་གི་ཉིན་གཅིག་གི་ངལ་དུབ་ཡོངས་སུ་སངས་ཐུབ་པ་ནི་ཁྱེད་ཚོས་ཤེས་གསལ་རེད། འོན་ཀྱང་དེ་ནི་ཁྱེད་ཅག་གི་བོད་ཡིག་དགེ་རྒན་རྩོམ་འབྲི་བར་དགའ་བ་ཁོ་ནས་མིན་པར། ཁྱེད་ཅག་གིས་ཕ་སྐད་མ་ཡིག་ལ་བཟུང་བའི་རྣམ་འགྱུར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ཅི་ལ་མིན།

    དགེ་རྒན་གྱི་མཚན་ཉིད་ལ་འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་སྡོམ་ཚིག་མཛད་མོད། དེ་ནི་དེང་སང་གི་དགེ་རྒན་རྣམས་ཀྱིས་ལག་ལེན་དུ་བསྟར་ན་ཡང་འགལ་བ་མེད་པར་མ་ཟད། རྒྱལ་ཁབ་ཀྱི་དགེ་རྒན་འོས་འགན་སློབ་གསོའི་ལྟ་བ་དང་ཡང་མཐུན་པར་སྙམ། དགེ་རྒན་ཞིག་ལ་མཚོན་ན་ཡ་རབས་ཀུན་སྤྱོད་ལྡན་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཏེ། དེ་ལ་གཙང་ཞེས་པའི་ཆ་རྐྱེན་བཞག་པར་མ་ཟད། དེ་ནི་དགེ་རྒན་ཞིག་ལ་སློབ་མས་བརྩི་བཀུར་དང་ཡིད་ཆེས་ཐོབ་པའི་རྒྱུ་ཆེས་གལ་ཆེ་བ་དེ་ཡིན། བཟང་པོ་སྤྱོད་པར་གནས་པའི་དགེ་རྒན་གང་དེས་སློབ་མར་འབྲེལ་འདྲིས་ཆགས་རྗེས་སློབ་མའི་དགའ་ཕྱོགས་དང་བྱ་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དགེ་རྒན་ནི་ངེས་པར་དུ་ཡོན་ཏན་ཅན་ཞིག་ཡིན་དགོས་ལ། མ་མཐའ་ཡང་སྐབས་བབས་སྦྱང་བྱ་ཐོགས་མེད་ཀྱིས་བཤད་ཐུབ་མཁན་ཞིག་ཡིན་དགོས་པས། དགེ་རྒན་གྱི་མཚན་ཉིད་ཀྱི་ཟུར་དུ། མཁས་ཞེས་པའང་དོན་གྱིས་དེ་ལས་མ་འདས་པ་རེད།  ཡ་རབས་སྤྱོད་བཟང་དང་ཡོན་ཏན་ཅན་གྱི་དགེ་རྒན་ཞིག་ཡིན་རུང་ངེས་པར་སློབ་མ་ལ་བྱམས་བརྩེ་ལྡན་པའམ་གཞན་ལ་ཕན་འདོད་ཀྱི་སེམས་ཡོད་པ་ནི་ཧ་ཅང་གལ་ཆེ། གལ་སྲིད་གོང་གི་དེ་གཉིས་ཡོད་ཀྱང་གཞན་ལ་ཕན་འདོད་ཀྱི་སེམས་མེད་ན་སློབ་མའི་ཆེད་དུ་དཀའ་ལས་མྱོང་མི་ཐུབ་པས་སློབ་མ་ལ་དེ་ཙམ་གྱིས་ཕན་མི་ཐོགས་པ་ཁྱེད་ཅག་གིས་མིག་མཐོང་ལག་ཟིན་རེད། དེ་བས་ཁྱེད་ཅག་གིས་མ་འོངས་པར་ཆ་རྐྱེན་འདི་དག་འཛོམས་པའི་དགེ་རྒན་ཞིག་ལ་བསྟེན་པ་ནི་མི་ཚེའི་སྙིང་པོ་ལེན་སྟངས་འབའ་ཞིག་ཡིན།

  སྤྱིར་འཛིན་བདག་དགེ་རྒན་མིན་ན་དེ་ཙམ་དོ་སྣང་མེད་པའི་སློབ་གྲྭའི་ཁོར་ཡུག་ནས། ངས་ཁྱེད་ཅག་ལ་ཅི་ཞིག་སྟེར་མྱོང་བ་ལྟར་བོང་བ་གསེར་གཟིགས་བྱས་པ་ནི། ཁྱེད་ཚོ་སློབ་མ་རེ་རེའི་རྒྱུད་ལ་དགེ་རྒན་བསྟེན་ཚུལ་གྱི་བསམ་བློ་ཡག་པོ་ཞིག་ཡོད་པ་ལས། ཁོ་བོ་ལ་གཞན་ལས་ལྷག་པའི་ཡོན་ཏན་ཞིག་མེད་པ་གསལ་པོར་ཤེས་ཡོད། འོན་ཀྱང་ཁྱེད་ཅག་གི་མཐོང་ཆེན་དང་བརྩི་བཀུར་དེས། ང་རང་ཁྱེད་ཅག་གི་བོད་ཡིག་དགེ་རྒན་དུ་གྱུར་པའི་ལོ་ཟླ་འདི་དག་རིང་། བདག་གིས་གང་ཤེས་ཐམས་ཅད་ལྷག་པའི་བསམ་པས་བཤད་པར་དགའ་སྣང་ཆེན་པོ་ཞིག་འབྱུང་བའི་རྐྱེན་དུ་གྱུར་ལ། ཡིན་ཡང་སློབ་མ་ལ་ལས་ཟ་མ་མི་ཟ་བར་ལྟོ་སྟོང་གིས་བདག་ལ་གཡོལ་ནས་གསང་སྤྱོད་སོགས་སུ་གབ་པ་མཐོང་དུས། ངས་ཡང་བསྐྱར་ཁྱེད་ཅག་གི་ཕ་མ་རྣམས་ཀྱིས་ཁྱེད་རྣམས་ང་ཚོར་བཅོལ་ཡོད་པ་དྲན་ཡོང་།  བོད་ཡིག་དགེ་རྒན་ཞིག་ལ་མཚོན་ན་ཕ་མ་ལྟ་བུའི་འགན་ཁུར་མང་པོ་མང་པོ་ཞིག་ཡོད་པར་མ་ཟད། ཕ་མ་ལས་ལྷག་པའི་འགན་འཁྲི་ལྷག་མ་མང་པོ་ཞིག་ཀྱང་ཡོད་པར་སེམས་ལ་ངེས་ཡོད། ཁྱེད་ཅག་གི་སློབ་སྦྱོང་དང་ལུས་སེམས་ཀྱི་བདེ་ཐང་། སྐད་ཆ་བཤད་སྟངས་དང་འབྱུང་འགྱུར་གྱི་ཕུགས་འདུན་སོགས་མདོར་ན་ཁྱེད་ཅག་གི་མི་ཚེ་ལ་འགན་ཁུར་ཐུབ་པ་ཞིག་དགོས་སྙམ། དེ་བས་བོད་ཀྱི་སྐད་ཡིག་དགེ་རྒན་རྣམས་ཀྱིས་རང་ཉིད་ལ་འགན་འཁྲི་ཞིག་ཡོད་པ་ཤེས་དགོས་ཏེ། རང་ཉིད་འཁྲིད་ཁུལ་དགེ་རྒན་གཞན་དང་མི་འདྲ་བའི་འགན་འཁྲི་ལྷག་མ་ཞིག་ཡོད་པའང་ཤེས་དགོས། རྒྱུ་མཚན་ང་ཚོའི་མདུན་ལྗོངས་སུ་ཡོད་པའི་སློབ་མ་འདི་དག་བོད་རིགས་ཀྱི་སློབ་མ་ཤ་སྟག་ཡིན་པའི་སྒྲུབ་བྱེད་ལས་གཞན་པ་ཅི་ཞིག་དགོས་སྙམ། འགན་འཁྲི་དེ་དག་གཞན་ལས་ལྕི་ཞིང་གཟི་བརྗིད་ཆེ་བར་མ་ཟད། ལྷག་པར་དུ་དུས་རབས་ཀྱི་སོ་ཁ་ནས་རྒྱ་མཚོའི་སྟེང་གི་ཁ་བ་བཞིན་ནུབ་ལ་ཉེ་བའི་བོད་ཀྱི་སྐད་ཡིག་གི་ཆེད་དུ། དགེ་རྒན་རྣམ་པ་མི་ཁོམ་པར། སྐར་མ་ཞྭ་དང་བ་མོ་ལྷམ་བྱེད་པའི་རྣམ་འགྱུར་འདི་ཅི་ཞིག་ལགས་པ་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་གདའ་འོ།།

ངས་རྟག་པར་ཁྱེད་ཅག་ལ། ཁྱེད་ཚོ་མཐར་ཕྱིན་རྗེས་སློབ་ཆེན་ག་གེ་མོ་ཞིག་ལ་འགྲིམ་དགོས་པ་ནི་བརྒྱུད་རིམ་ཞིག་ཡིན་མོད། འོན་ཀྱང་མ་འོངས་པར་ཁྱེད་ཅག་གི་ཁྲོད་དུ་བོད་ཡིག་སློབ་མཁན་ཧ་ཅང་ཉུང་བས། ཕལ་ཆེར་ཁྱེད་ཅག་གི་མི་ཚེའི་ཁྲོད་ཆེས་མཐའ་མཇུག་གི་བོད་ཡིག་དགེ་རྒན་དེ་ང་ཡིན་ན་ཐང་ཞེས་བཤད་མྱོང་། སྐད་ཆ་དེ་དག་ཁོ་བོའི་ངག་ནས་བརྒྱུད་དེ་ཁྱེད་ཅག་གི་ཐོས་འཛིན་དུ་སིམ་སྐབས། ཐོག་མར་ཡིད་ལ་འཁོར་ཡོང་བ་ནི་ང་ཚོའི་མ་འོངས་པའི་ཕ་སྐད་མ་ཡིག་གི་ཀླུང་རྟ་འབའ་ཞིག་ཡིན། ཁྱེད་ཅག་གིས་བོད་ཡིག་དགེ་རྒན་གྱིས་བཤད་པའི་སྐད་ཆ་ནི། སྤྱི་ཚོགས་སུ་མངོན་དུ་གྱུར་པའི་སྐད་ཆ་ཏག་ཏག་རེད་ཅེས་བཤད་བཞིན་ཡོད་པ་དགེ་རྒན་གཞན་པའི་ངག་ལས་ཐོས་མོད། འོན་ཀྱང་ངས་བཤད་ཟིན་པའི་སྐད་ཆ་དེ་དག་སྤྱི་ཚོགས་ཀྱི་མཐོང་སྣང་ཙམ་ལས་སྤྱི་ཚོགས་དངོས་ཀྱི་གནས་ཚུལ་ཡིན་མིན་བཤད་དཀའ་བ་ཞིག་རེད། རྒྱུ་མཚན་བདག་ཀྱང་སྤྱི་ཚོགས་ཀྱི་ཕྱོགས་གང་ཐད་ནས་རྒྱལ་ཁ་ཐོབ་མི་ཞིག་མིན་པས་རེད། ཁྱེད་ཅག་ལས་ང་ལོ་ན་ཅུང་ཙམ་མཐོ་བའི་རྐྱེན་གྱིས་དེ་སྔོན་སྤྱི་ཚོགས་ཀྱི་མཐོང་ཐོས་མྱོང་གསུམ་ང་རང་མང་བ་དངོས་འབྲེལ་རེད། འོན་ཀྱང་བྱ་བ་ལས་ཀ་གང་ཡིན་རུང་ལག་ལེན་ལས་བཤད་སླ་བ་ནི་དངོས་ཡོད་གནས་ཚུལ་ཡིན་པ་འདྲ། ཕུགས་བསམ་གང་ཞིག་མངོན་འགྱུར་ཡོང་བར་རང་ཉིད་ཕུགས་བསམ་དེར་དགའ་བ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ལ། བརྩོན་གང་དགེ་ལ་སྤྲོ་བའོ་ཞེས་པའང་དོན་གྱིས་བྱ་བ་གང་བསྒྲུབས་ཀྱང་རང་ཉིད་དེར་སྤྲོ་སྣང་ཡོད་མེད་ལ་བརྟགས་པ་ནི་གལ་ཆེན་པོ་ཡིན་པའི་དོན་ཡིན་པར་སྙམ། སྤྲོ་སྣང་ལྡན་པའི་བྱ་བ་དེའི་ཆེད་དུ་ཁྱོད་རང་དཀའ་ལས་མྱོང་ན་ཡང་སུན་སྣང་དང་སྐྱོ་སྣང་དེ་ཙམ་སྐྱེ་མི་སྲིད་པས། ད་གཟོད་ཁྱོད་ཉིད་ཕུགས་བསམ་དེ་ལས་རྒྱལ་ཁ་ཐོབ་པའི་གདེང་ཚོད་ཡོད་ཆོག་པ་རེད།

ངས་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམ་པའི་གསུང་གསེར་ནག་གི་ཐིགས་པ་འདྲ་བ་རྒྱུན་དུ་ཁྱེད་ཅག་ལ་བཤད་མྱོང་ལ། ཁོང་རྣམ་པས་མི་རིགས་འདིའི་ཆེད་དུ་ཕུལ་བའི་སྐུ་ཚེའི་མཛད་པ་རེ་རེ་ཁྱེད་ཅག་ལ་ངོ་སྤྲོད་བྱེད་མྱོང་། མཐའ་ན་ངའི་མིག་ཟུང་མཆི་མས་བསྒྲིབས་ནས་བཤད་མི་ཐུབ་པར་གྱུར་དུས། ཁྱེད་ཅག་གིས་ཅི་ཞིག་ཐོས་ཡོད་པ་ལྟར་རྣ་བ་གཟེངས་ནས་ངའི་གདོང་ལ་ལྟ་སྐབས། ངས་རང་ཉིད་ཀྱི་ཡོན་ཚད་ལ་མ་ལྟོས་པར་འབྲེལ་ཡོད་ཀྱི་ཤེས་བྱ་མང་པོ་ཞིག་སྐད་སྐུར་གྱི་ཚུལ་དུ་ཁྱེད་ཅག་ལ་འཕྲོད་པར་བྱས་ཡོད། དེ་ནི་ཁྱེད་ཅག་སློབ་གྲྭ་འདིར་ཡོང་བའི་ཉིང་དགོས་དང་། ད་བར་དུ་དགེ་རྒན་རྣམ་པས་ང་རང་གསོ་སྐྱོང་བྱས་པ་ལ་བཀའ་དྲིན་གཏང་རག་གི་ཚབ་ཏུ་སྨོན་པ་ལས། གཞན་པའི་རེ་དོགས་ནི་ཅི་ཞིག་ཡོད་ཨང་། མཚམས་འདིར་ཐོན་དུས་ངས་ཡང་བསྐྱར་བསམ་བློ་ཞིག་བཏང་ན་བཤད་དགོས་པ་ཐམས་ཅད་སློབ་ཁྲིད་ཀྱི་སྐབས་སུ་བཤད་ཚར་བ་འདྲ། ད་ནི་ང་ཚོ་དགེ་སློབ་ཡོངས་ཀྱིས་ལག་ལེན་དུ་འདེབས་པའི་དུས་ལ་ཐུག་པ་ལས། བཤད་ནས་ཅི་ཞིག་ལ་བསྒུག་པའི་དུས་ཚོད་ནི་ཡོངས་སུ་རྫོགས་ཟིན་པ་ཧ་གོ་བར་གྱིས།

ཁྱེད་རྣམ་པས་ང་ལ་བོད་ཡིག་དགེ་རྒན་གྱི་ངོས་ནས་དགེ་རྒན་གཞན་དག་ལས་ལྷག་པའི་བརྩི་བཀུར་བྱེད་མོད། དེ་ནི་ང་རང་དགེ་རྒན་གཞན་པ་ལས་ལྷག་པའི་ཡོན་ཏན་དང་ཀུན་སྤྱོད་ཡོད་པས་མིན་ཏེ། ཁྱོད་ཅག་གིས་དབྱངས་གསལ་སོ་བཞིའི་དར་རྒུད་ལ་འདང་རྒྱག་ཤེས་ཡོད་པས་རེད། ངས་མཐའ་མཇུག་གི་སྐད་ཆ་དེ་དག་ཁྱེད་ཅག་ལ་ཡང་བཤད་བསྐྱར་བཤད་བྱས་ཤིང་། ཁྱེད་ཅག་གིས་ཡིད་ཀྱི་གཏིང་ནས་མཐའ་མཇུག་གི་སྐད་ཆ་ཞིག་ཤོད་ཅེས་ཡང་ཡང་བསྐུལ། སྐབས་དེར་ངས་གྲ་སྒྲིག་ཅི་ཡང་མེད་པའི་སྐད་ཆ་ཉོག་ལ་རིང་པོ་དེ་དག་ཁྱེད་ཅག་གི་ཁ་པར་དུ་ཉར་ཚགས་བྱས་པ་མཐོང་རྗེས། བདག་ལ་སྔར་ལས་ལྷག་པའི་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་སོང་ཨང་།

མདོར་ན་ཁྱེད་ཅག་ནི་རེ་བས་ཕྱུག་པའི་ན་གཞོན་ཁྱུ་གཅིག་ཡིན་སྟབས། ཁོ་བོའི་རེ་སྨོན་གྱི་ཀློང་ནས་ནམ་ཡང་གཟིམས་མ་མྱོང་། སླད་མར་ཡང་རང་ཉིད་ཀྱིས་རང་ཉིད་ལ་མཐོང་ཆུང་མི་བྱེད་པར། ཇི་སྙེད་ཤེས་བྱའི་ཆོས་ཚུལ་ནམ་མཁའ་ཡངས་པའི་མཐའ་རུ་སླེབས་པའི་སྤོབས་པ་དང་བཅས་སང་ཉིན་ལ་སྟ་གོན་གྱིས། ཁྱེད་ཅག་གི་ཕུགས་བསམ་ལ་རྟག་བརྟན་གྱི་དབྱར་གཞུང་ཚེས་པར་ཤོག །

 ཅེས་པའང་དབྱངས་ཅན་བློ་གཏེར་དགྱེས་པའི་ཉིན་བྱེད་དམ། ཐུན་མོང་དུ་སེར་ཚང་པའམ་བསོད་ནམས་ལྷུན་གྲུབ་ཏུ་འབོད་པའི་དགེ་མིང་ཙམ་འཛིན་པ་དེས་རང་གི་སློབ་མ་ཚོར་ཕུལ་བ་དགེའོ།།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574638
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།