དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 4 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» སྙན་སྒྲོན་གསར་འགྱུར། »དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།
བརྩམས་ཆོས་གསར་བ།
དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།
ནང་དོན་གསར་བ།
དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།
བརྙན་གསར་བ།
དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།
དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།
སྙན་སྒྲོན་པ། :   གངས་ལྷ་སྲས། རྩོམ་སྒྲིག་པ།:  ཁཱ་ཤེས་རབ་རྒྱ་མཚོ།
ཉན་གྲངས  : 2714སྤེལ་དུས : 2023-09-16
སྙན་སྒྲོན་གསར་འགྱུར།
དུས་དབང་ལ་ཞུགས་པ་དག་གིས་གསན་རོགས།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་གྱུར་ཅིག །

སེམས་ཁོང་ནས་བརྡོལ་བའི་ཞུ་གསོལ་ཞིག

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    གུས་པར་འོས་པའི་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་ཕུ་ནུ་མིང་སྲིང་རྣམ་པ་ལགས།

     ཀུན་མཁྱེན་རིན་པོ་ཆེ་མཆོག་གི་ཐུགས་བཞེད་ཟབ་མོ་དང་། གོང་རིམ་ལས་ཁུངས་དག་གི་རྒྱབ་སྐྱོར་བཟང་བོ་དང་། འཇམ་དབྱངས་བླ་མ་གུང་ཐང་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་རྨད་དུ་བྱུང་བ་དང་།   མཛོད་དགེ་གཡང་ལྡན་ཕྱུག་མོའི་སེར་སྐྱ་ཐུན་མོང་གི་མི་ཕྱེད་པའི་དད་འདུན་དང་ལྷག་བསམ། ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཡོངས་ཀྱི་ཆོས་འབྲེལ་ཟབ་མོ་སོགས་གང་ཚང་དགོས་པའི་ཆ་རྐྱེན་ནམ་རྟེན་འབྲེལ་ཡོངས་སུ་ཚང་བའི་མཐུ་ལ་བརྟེན་ནས། ད་རེས་ཀྱི་དུས་འཁོར་དབང་མོ་ཆེ་འདི་གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱི་འཁྲུངས་ཡུལ་མཛོད་དགེ་ནས་གནང་རྒྱུ་བྱུང་སོང་བ་འདི་ཡིན་ལ།  འདི་ལྟར་བསམ་པ་བཞིན་བྱུང་བ་ནི་རང་ཅག་ཡོངས་ཀྱི་ཐུན་མོང་གི་བསོད་ནམས་ཀྱི་མཐུ་ཡིན་པ་ནི་ངས་མ་ཞུས་ཀྱང་ཐམས་ཅད་ཀྱིས་མཁྱེན་གསལ་ལྟར་ལགས་ལ། ཁྱད་པར་དུ་ངས་འདི་ནས་དམིགས་ཀྱིས་ཞུ་འདོད་པ་ནི། ད་རེས་ཀྱི་དབང་ཆེན་འདི་འཇམ་མགོན་བསྟན་པའི་གསལ་བྱེད་གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་གི་སྐུ་ཚེ་འདིའི་དུས་འཁོར་དབང་ཆེན་གྱི་ཆེས་ཐོག་མ་ཡིན་པས། འདི་ལ་མགོ་མཇུག་བར་གསུམ་ཀུན་ཏུ་འགལ་རྐྱེན་ཕྲ་མོ་ཙམ་ཡང་མི་འབྱུང་བར་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུ་ནི་འུ་ཅག་ཚང་མའི་ཐུན་མོང་གི་དམིགས་ཡུལ་དང་རེ་འདུན་ཡིན་པ་ཡང་ཞུ་མ་དགོས་པ་ཞིག་རེད་སྙམ། 

      དེས་ན་རང་ཅག་སུ་ཡིན་ཡང་དབང་ཆེན་འདི་ལེགས་པོ་ཞིག་འཐོབ་པའི་ཆེད་དུ། བླ་མ་ཡ་མཚན་པ་འདི་ལྟ་བུ་ལ་ཆོས་འབྲེལ་ལེགས་པོ་ཞིག་ཞོག་པའི་ཆེད་དུ། རང་གི་ཚེ་འདི་ཕྱིའི་དོན་ཆེན་པོ་ཞིག་འགྲུབ་པའི་ཆེད་དུ།  བསྟན་པ་རིན་པོ་ཆེ་འདི་ཡུན་ནས་ཡུན་དུ་གནས་པ་དང་དར་ཞིང་རྒྱས་པར་འགྱུར་བའི་ཆེད་དུ། མར་གྱུར་འགྲོ་བ་ཡོངས་ཀྱི་བདེ་སྐྱིད་འདི་ཡུན་ནས་ཡུན་དུ་བརྟན་པའི་ཆེད་དུ།  ཡུལ་ཐག་རིང་ཐུང་དང་། ལམ་སྐབས་ཀྱི་དཀའ་ངལ་སྣ་ཚོགས་དང་། ཕྱི་ནང་གསང་བའི་འགལ་རྐྱེན་སྣ་ཚོགས་ཀྱིས་མ་ཁོག་ཅིང་དེ་དག་ལ་མ་བལྟས་ཤིང་མ་འཛེམས་པར་འདིར་ཕེབས་ཤིང་འདུས་པ་ཡིན་པ་ནི་རང་རང་གི་སེམས་ན་གསལ་བ་དེ་ལྟར་རེད།  དགེ་སེམས་ཁྱད་པར་བ་དེས་ཀུན་ནས་བསླངས་ཏེ་འདིར་འོངས་པའི་དམིགས་ཡུལ་དང་རེ་བ་མཆོག་ཏུ་གྱུར་པ་དེ་ལེགས་པར་འགྲུབ་པར་བྱ་བའི་ཕྱིར།  དབང་གྲལ་དུ་ཞུགས་ནས་རང་རང་གི་བསམ་བློ་དང་ཀུན་སྤྱོད་ཚང་མ་ཆོས་དང་མཐུན་པའམ་ཚུལ་དང་མཐུན་པ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ཅིས་ཀྱང་མཉམ་འཇོག་བྱེད་འཚལ་ཞེས་ང་ལ་ཆེད་དུ་བབས་མེད་ཀྱང་ངས་བསམ་པ་དཀར་བོས་ཁྱེད་ཅག་ལ་ལག་ཟུང་གི་ཐལ་མོ་སྙིང་ཁར་སྦྱར་ནས་རེ་བ་ནན་གྱིས་ཞུ་བ་ལགས། 

       དམ་པའི་ཆོས་ཀྱི་གཞུང་ལུགས་བརྒྱ་ཕྲག་ལུང་རིགས་དང་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་འབེབ་པའི་བླ་གྲྭ་དགེ་བའི་བཤེས་གཉེན་རྣམ་པ་དང་དེ་ལ་བརྩོན་བཞིན་པའི་སེར་མོ་བ་རྣམ་པ་ལ་སྤྱིར་ཆོས་དང་ལྷག་པར་དབང་ལ་ཇི་ལྟར་ཉན་ཚུལ་གྱི་སྐོར་ངེད་ང་ལྟ་བུས་ཞུ་ག་ལ་དགོས་མོད།    དད་པ་ཡོད་ཀྱང་ཆོས་གཞུང་ལ་སྦྱོང་རྒྱུའི་སྐལ་བ་དེ་ཙམ་མ་བྱུང་བའི་དད་ལྡན་མང་ཚོགས་རྣམ་པ་ལ་འདི་ནས་ངས་ཅུང་ཟད་ཅིག་ཞུ་བར་འདོད་དོ།།

   ཁྱེད་ཅག་དད་པ་དག་སྣང་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་འདིར་ཕེབས་ནས་བླ་མ་འཇམ་པའི་དབྱངས་འདི་ལྟ་བུའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་འདི་ལྟ་བུ་ཞིག་ལ་ཉན་རྒྱུ་བྱུང་བ་ནི་དངོས་གནས་བསོད་ནམས་ཆེན་པོ་དང་སྐལ་བ་བཟང་བོ་ཡིན་པས་ཁྱེད་རང་ཚོ་ཡང་ངེས་པར་དགའ་འོས་པ་དང་ངེད་ཅག་གིས་ཀྱང་བསྔགས་པར་འོས་པ་ཞིག་རེད།   ཡིན་ན་ཡང་ཆོས་ལ་ཆོས་བཞིན་དུ་མ་ཉན་ན་ཆོས་སྤོང་གི་སྡིག་པ་གསོག་རྒྱུ་ཡོད་ལ། ཆོས་སྤོང་གི་སྡིག་པའམ་ཉེས་པ་ནི་ཤིན་ཏུ་ལྕི་ཞིང་འཇིགས་སུ་རུང་བ་ཞིག་ཡིན་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་སོགས་མང་དུ་གསུངས་པ་ལྟ་བུ་ཡིན་པས་ཅིས་ཀྱང་གཟབ་གཟབ་བྱེད་རིགས་སོ་ཞེས་ཞུ་བ་ལགས་སོ། །

      དེས་ན་དབང་མ་ཟད་སྤྱིར་ཆོས་ལ་ཉན་ནའང་ཉན་ཚུལ་ཞིག་ཡོད་དེ། སྐྱེས་པའི་རབས་ལས།  རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་ཡིན་པས་ན། ཐམས་ཅད་ཀྱིས་དབང་ལ་ཉན་བཞིན་པའི་སྐབས་སུ་ཀི་ཆ་ཧབ་ལོང་བྱེད་པ་དང་། ཟ་མ་སྣ་ཚོགས་གང་འདོད་དུ་ཟ་བ་དང་། ཁ་པར་སོགས་རྩེ་བ་དང་། ཕན་ཚུན་ཆོས་མིན་གྱི་ཁ་བརྡ་སྣ་ཚོགས་བྱེད་པ་དང་། ཉལ་སྟབས་སོགས་ཚུལ་མིན་གྱི་སྤྱོད་པ་དང་བཅས་ཏེ་འདུག་པ་དང་། རྐང་བ་བརྐྱངས་ནས་འདུག་པ་སོགས་གཏན་བྱེད་མི་རུང་བས་སྤྱོད་ལམ་ཚུལ་མཐུན་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ཡང་རང་ལ་ཤ་ཚ་ཞིང་ཆོས་ལ་དད་པ་ཡོད་ཟེར་མཁན་རྣམས་ཀྱིས་ཅིས་ཀྱང་སེམས་ལ་ནན་ཏན་དུ་འཛིན་དགོས་པ་ལགས་སོ། །

      དེར་མ་ཟད། སྔོན་གྱི་དམ་པ་གོང་མ་དག་གིས་སྣོད་ཁ་སྦུབ་པ་དང༌།  ཁ་གྱེན་དུ་བཟེད་ཀྱང་མི་གཙང་བ་དང༌།  གཙང་དུ་ཟིན་ཀྱང་ཞབས་བརྡོལ་ན།  དེར་ལྷས་ཆར་ཕབ་ཀྱང་ནང་དུ་མི་འགྲོ་བ་དང༌། སོང་ཡང་མི་གཙང་བས་སྦགས་པས་འཐུང་བ་ལ་སོགས་པའི་དགོས་པ་མི་འགྲུབ་པ་དང༌།  མི་གཙང་བས་མ་བསླད་ཀྱང་ནང་དུ་མི་གནས་པར་ཟགས་ནས་འགྲོ་བ་དེ་དཔེར་མཛད་ནས་ཆོས་ལ་ཉན་ཚུལ་གསུངས་ཏེ། ཆོས་འཆད་པའི་གྲྭར་བསྡད་དུ་ཟིན་ཀྱང་རྣ་ལེགས་པར་མི་གཏོད་པ་དང༌། གཏད་དུ་ཟིན་ཀྱང་ལོག་པར་བཟུང་བའམ་ཀུན་སློང་སྐྱོན་ཆགས་པ་ལ་སོགས་པ་དང༌།  སྐྱོན་དེ་དག་མེད་ཀྱང་ཉན་པའི་དུས་སུ་བཟུང་བའི་ཚིག་དང་དོན་རྣམས་བརྟན་པར་མ་བྱས་པར་བརྗེད་པ་ལ་སོགས་པས་ཉམས་པར་གྱུར་ན།  ཆོས་ཐོས་པ་དགོས་པ་ཆེན་པོར་མི་འགྱུར་བས་དེ་དག་དང་བྲལ་བ་དགོས་ཏེ།  དེ་གསུམ་གྱི་གཉེན་པོར་མདོ་ལས།   ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་ཚིག་གསུམ་གསུངས་པ་ཡིན་ནོ་ཞེས་ཐུགས་བརྩེ་བ་ཆེན་པོས་རང་ཅག་ལ་ཡང་དང་ཡང་དུ་ནན་གྱིས་གདམས་ཡོད་པ་ལྟ་བུ་ཡིན་པས།  ཆོས་ལ་ཉན་པས་ཆོས་སུ་འགྲོ་བ་ཞིག་དང་། དབང་ལ་ཞུགས་པས་དབང་འཐོབ་པ་ཞིག་བྱ་འདོད་ན་བསམ་བློ་ཀུན་སྤྱོད་ཚང་མ་ཚུལ་མཐུན་ཞིག་བྱས་ནས་དབང་ལ་ཉན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པས་ཅིས་ཀྱང་སེམས་ལ་འཛིན་འཚལ།

     ཡང་ཆོས་ཟེར་བ་འདི་རང་གི་སེམས་རྒྱུད་མ་རུང་བ་དེ་ཡང་དག་པར་འཆོས་བྱེད་ཅིག་གམ་ངན་པར་འདུག་པ་འདི་བཟང་བོར་སྒྱུར་བྱེད་ཅིག་ཡིན་པས་དེང་སྐབས་མཁས་པ་ཚོས་འདི་ལ་སེམས་ཀྱི་ཚན་རིག་ཀྱང་ཟེར་གྱིན་ཡོད། འོན་ཀྱང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས།  ཆོས་འཆད་པའམ་ཉན་པ་ན་རང་གི་རྒྱུད་ལོགས་སུ་བཞག །ཆོས་ལོགས་སུ་བཤད་པ་དེས་ཅི་བཤད་ཀྱང་གནད་དུ་མི་འགྲོ་བས་རང་གི་རྒྱུད་གཏན་ལ་དབབ་པའི་ཆེད་དུ་ཉན་པ་ཞིག་དགོས་སོ། །དཔེར་ན།  བྱད་བཞིན་གྱི་ནག་ནོག་ལ་སོགས་པའི་དྲི་མ་ཡོད་མེད་རྟོག་པར་འདོད་པ་ན་མེ་ལོང་ལ་བལྟས་ནས་ཤེས་པར་བྱས་ཏེ་དྲི་མ་སེལ་བ་ལྟར།  རང་གི་སྤྱོད་པ་སྐྱོན་ཆགས་པ་རྣམས་ཀྱང་ཆོས་ཉན་པ་ན་ཆོས་ཀྱི་མེ་ལོང་དུ་འཆར་ལ།  དེའི་ཚེ་བདག་གི་རྒྱུད་འདི་ལྟ་བུར་སོང་ངོ་ཞེས་ཡིད་ལ་གདུང་བ་སྐྱེས་ཏེ།  དེ་ནས་སྐྱོན་སེལ་ཞིང་ཡོན་ཏན་བསྒྲུབ་པ་ལ་འཇུག་པས་ཆོས་ཀྱི་རྗེས་སུ་སློབ་པ་ཞིག་དགོས་ཏེ།  སྐྱེས་པའི་རབས་ལས།  བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ན། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་འགྱུར། །ཞེས་སུ་ཏ་སའི་བུས་རྒྱལ་སྲས་ཟླ་བ་ལ་ཆོས་སྟོན་པའི་ཕྱིར་ཞུས་པ་ན།  བྱང་ཆུབ་སེམས་དཔས་དེའི་བསམ་པ་ཆོས་ཉན་པའི་སྣོད་དུ་གྱུར་པར་མཁྱེན་ནས་ཆོས་གསུངས་པ་ལྟར་རོ། །ཞེས་གསུངས་པ་ལྟར་ཡིན་པས་ན། ཆོས་ཟབ་མོ་དང་།  ལྷག་པར་དབང་ཟབ་མོ་འདི་ལྟ་བུ་ཞིག་ཉན་རྒྱུ་བྱུང་བ་ནི་ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་ངོ་སྙམ་དུ་རང་རང་གི་ཀུན་སློང་ཀུན་སྤྱོད་ལ་བདག་ཡག་པོ་ཞིག་བྱས་ན། དབང་ལ་ཉན་པས་དབང་གི་གོ་ཡང་དེས་ཆོད་པ་ཡོང་། ཁྲིམས་ལུགས་ཀྱང་དེས་བརྩི་ཐུབ་པ་ཡོང་། འགྲིག་ལམ་ཡང་དེས་ལེགས་པོ་ཡོང་། མཐུན་སྒྲིལ་དང་འཆམ་མཐུན་འབྱུང་བ་ལ་ཡང་འདི་ལས་ལྷག་པ་ཞིག་མེད་པ་ནི། ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན་སེམས་ལ་མི་འབབ་རྒྱུ་མེད་སྙམ་པས་ཐམས་ཅད་ཀྱིས་དེ་དག་སེམས་ལ་བཟུང་ནས་ལག་ལེན་ལ་ཐེབས་པ་ཞིག་ཡོང་རྒྱུ་ནི་སྐུ་མཁྱེན་གསུང་མཁྱེན་ལགས།

   ཆོས་ལ་ཉན་པ་ཆུད་ཟོས་སུ་འགྲོ་རུ་མི་འཇུག་བསམ་ན། དབང་ལ་ཞུགས་པ་དོན་མེད་དུ་མི་གཏོང་སྙམ་ན། མ་མཐའ་ཡང་དབང་གནང་བཞིན་པའི་ཉིན་འདི་དག་གི་རིང་ལ་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་ཡིན་པ་ཤེས་པར་བྱས་ཏེ་སྐྱབས་འགྲོ་རྣམ་དག་རེ་བྱེད་ཨེ་ཐུབ་བལྟ་རྒྱུ་གལ་ཆེ།  དཀར་ཆོས་ཐམས་ཅད་ཀྱི་གཞི་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཡིན་པས་དེ་བརྟན་པོ་རེ་ཨེ་ཡོང་བལྟས་ན་བཟང་། ལམ་གྱི་རྩ་བ་བླ་མ་ཡིན་པས་དབང་གནང་མཁན་གྱི་བླ་མ་ལ་དད་པ་བྱོས། བླ་མའི་གསུང་ཁ་ལོངས། འགྲིག་ལམ་ཡག་པོ་རྩིས། ཐེག་པ་ཆེན་པོ་སྤྱིའི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་ཡིན་པས་གསང་སྔགས་ཀྱི་འཇུག་སྒོ་དབང་ལ་ཉན་དུ་འོངས་ནས་འཁོན་རྡུང་རེས་མ་བྱེད། རྐུ་འཕྲོག་བཅོམ་གསུམ་མ་བྱེད། གལ་ཏེ་བརྩི་དགོས་པའི་འགྲིག་ལམ་མི་བརྩི། བསྲུང་དགོས་པའི་དམ་ཚིག་མ་བསྲུང་ན་དབང་ལ་ཞུགས་པས་ཕན་ཡོན་མེད་པར་མ་ཟད་ཉེས་པ་ཤིན་ཏུ་ཆེ་བས་ཤེས་པ་རྣལ་དུ་གནས་པ་ཞིག་ཡིན་ན་བསམ་བཞིན་ངལ་བ་དོན་མེད་དུ་གཏོང་དོན་ཅི་ལ་ཡོད། 

      དེ་ཡང་དུས་འཁོར་གྱི་དབང་ཆེན་འདི་ཐོབ་པ་ན་བསྲུང་དགོས་པའི་དམ་ཚིག་མང་ལ། དེ་ལས་ངེས་པར་བསྲུང་དགོས་ལ། གལ་ཏེ་མ་བསྲུང་ན་རྩ་བ་དང་འགལ་བའི་དམ་ཚིག་ཀྱང་བཅུ་བཞི་ཡོད། དེ་ལ་བླ་མའི་ཐུགས་དཀྲུགས་པ་དང་བོ་དང་། བླ་མའི་བཀའ་བཅགས་པ་གཉིས་པ་ཡིན། འདི་དག་དང་བསམ་བཞིན་དུ་འགལ་བའི་ལས་བྱས་ན་དབང་ལ་ཞུགས་པ་དོན་མེད་དུ་འགྲོ། སྔགས་ཀྱི་ས་ལམ་གྱི་རྟོགས་པ་གང་ཡང་རྒྱུད་ལ་མི་སྐྱེ་བར་མ་ཟད། ཕྱི་མར་དམྱལ་བ་སོགས་ངན་སོང་དུ་ལྟུང་བའི་ཉེན་ཁ་ཆེ།  ད་རེས་འདི་ལྟར་རང་ཅག་ཚང་མ་ལྷན་དུ་དབང་ཆེན་ལ་ཞུགས་པས་ཐམས་ཅད་བླ་མ་གཅིག་གི་སློབ་མ་དང་། དཀྱིལ་འཁོར་གཅིག་གི་ལྷ་ཚོགས་སུ་གྱུར་པའམ་རྡོ་རྗེ་སྤུན་གྲོགས་སུ་གྱུར་པ་ཡིན། དེ་ལྟར་གྱུར་ནས་ཕན་ཚུན་རྡུང་རེས་བྱེད་པ་ཕར་ཟད། གཅིག་ལ་གཅིག་ཁྲོས་ན་ཡང་རྡོ་རྗེ་སྤུན་གྲོགས་ལ་ཁྲོས་པའི་རྩ་ལྟུང་འབྱུང་བས་ཉེས་དམིགས་ཧ་ཅང་ཆེ་བས་ཅིས་ཀྱང་འཛེམས་དགོས་པ་ཡིན། འདི་ལྟར་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་དབང་གྲལ་དུ་ཞུགས་པའི་སྐལ་བ་རྙེད་དུ་ཟིན་ཀྱང་། རང་གི་བསམ་བློ་དང་ཀུན་སྤྱོད་ལ་བདག་ཡག་པོ་མ་བརྒྱབ་ན་ངལ་བ་འབྲས་མེད་དུ་འགྱུར་བས་ཤེས་པ་རང་བཞིན་དུ་གནས་པའི་དད་པ་ཅན་རྣམས་ཀྱིས་ཅིས་ཀྱང་མཉམ་འཇོག་གནང་རོགས།

     ད་དུང་ངེས་པར་དྲན་གསོ་བྱེད་དགོས་པ་ཞིག་ནི། ས་འདིར་སླེབས་པའི་མི་ཡོད་ཚད་ཆོས་ལ་དད་པ་ཡོད་པའི་ངེས་པ་མེད།  དབང་འདི་འཐོབ་ན་སྙམ་དུ་འོངས་པའི་ངེས་པ་ནི་དེ་བས་ཀྱང་མེད་པར་མ་ཟད། བསམ་བཞིན་གཏོར་བརླག་དང་བྱ་བ་ངན་པ་བྱེད་བསམ་ནས་འོངས་པ་ཡང་འགའ་རེ་ཡོད་ངེས་ཤིང་ཐག་པ་ཡིན། དེའི་ཕྱིར་རིག་པ་དྭངས་མོ་བྱོས། རང་ཚུགས་རང་གིས་ཟུངས། རྒྱུ་ནོར་ཡོ་བྱད་ལ་བདག་དམ་བྱོས། མི་ཚོགས་ཀྱི་ཁྲོད་ན་རྐུན་མ་ཡང་མང་བོ་ཡོད་པ་ནི་སྨོས་མ་དགོས་པས་རང་དངོས་རང་གིས་དོ་དམ་བྱོས། 

      གཞན་ཡང་རྒྱ་ཆེའི་ཆོས་གྲོགས་རྣམ་ལ་ཞུ་རྒྱུར།  སྔོན་རྒྱལ་སྲས་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་ལ་ཆོས་ཞུས་པའི་ཚེ། རང་གི་ལུས་ཀྱི་ཁྲག་ཚུན་ཆད་ཀྱིས་ཀྱང་ཆག་ཆག་བཏབ་ནས་ཆོས་གསུངས་སའི་ཁོར་ཡུག་དེ་ལ་གཙང་སྦྲ་བྱས་པ་ཡིན་ན། འདི་འདྲའི་དབང་ཟབ་མོ་གནང་སའི་ཁོར་ཡུག་དེ་ལ་གཙང་སྦྲ་བྱེད་མ་ཐུབ་ཀྱང་སློབ་མ་ཚོས་བསམ་བཞིན་དུ་རྫོབ་སྐྱེལ་བའམ་གང་ས་གང་དུ་གད་སྙིགས་འདོར་བ་ག་ལ་རུང་། མི་མང་བོས་གང་བསམ་གང་འདོད་དུ་གད་སྙིགས་དོར། མི་ཁ་ཤས་ཤིག་སོང་ནས་གད་སྙིགས་འཐུ་བ་ནི་ཧ་ཅང་ཚེགས་ཆེ་བ་ཡིན་པས། རང་རང་གི་བསོད་ནམས་ཀྱི་ཚོགས་གསོག་པའི་གོ་སྐབས་ཤིག་ཏུ་དམིགས་ནས་ཐམས་ཅད་ཀྱིས་རང་རང་ས་ནས་གད་སྙིགས་ལ་དོ་སྣང་བྱེད་རྒྱུ་ཡང་སྐུ་མཁྱེན་དང་གསུང་མཁྱེན་ཞེས་ཡང་ཡང་ཞུ་བ་ལགས། 

        དེ་ལྟར་བརྩི་དགོས་པའི་འགྲིག་ལམ་ཐམས་ཅད་ཡག་པོ་ཞིག་བརྩིས། བསམ་བློ་དང་ཀུན་སྤྱོད་ལ་མཉམ་འཇོག་ཡག་པོ་ཞིག་བྱས། ཉིན་རེ་བཞིན་བསམ་པ་བཟང་བོས་དབང་ལ་མཉན་པ་ལས་བྱུང་བའི་དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོས་ན་ཕན་ཡོན་ཤིན་ཏུ་ཆེ་བར་མ་ཟད། དེ་ལྟ་བུའི་ཚུལ་གྱིས་ཆོས་གསུངས་པ་ཉན་ན་ཐུན་རེ་ཙམ་ལའང་ཕན་ཡོད་དཔག་ཏུ་མེད་པ་འབྱུང་ལ།  ཆོས་ཉན་པའམ་དབང་ཉན་པ་གནད་དུ་སོང་བ་ལ་བརྟེན་ནས་ཆོས་དང་ཆོས་སྨྲ་བ་ལ༌མ་གུས་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་སྔར་བསགས་པ་ཐམས་ཅད་ཀྱང་འདག་ཅིང༌།  གསར་དུ་གསོག་པ་རྣམས་ཀྱང་འཕྲོ་འཆད་པར་འགྱུར་བ་དང་། དེ་ལ་བརྟེན་ནས་བླ་མའི་གདམས་ངག་གང་གནང་གིས་རང་གི་རྒྱུད་ལ་གདོན་མི་ཟ་བར་ཕན་ཐོགས་པར་འགྱུར་བར་སྔོན་གྱི་དམ་པ་རྣམས་ཀྱིས་ལན་བརྒྱར་གསུངས་པས་ཡིད་ཆེས་རིགས་པའི་གནས་ལ་ཡིད་ཆེས་ནས་ད་རེས་ཀྱི་དབང་གི་མགོ་མཇུག་བར་གསུམ་ཐམས་ཅད་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པ་ཞིག་ཡོང་བའི་ཆེད་དུ་ཐམས་ཅད་ཀྱིས་རང་རང་ས་ནས་སྒྲིམ་པར་འཚལ་ལགས།

      ད་དུང་འདིར་ངེས་པར་ཞུ་དགོས་པ་དང་ཞུ་འོས་པ་ཞིག་ལ། ད་རེས་ངེད་ཀྱི་ཕ་ཡུལ་མཛོད་དགེ་བ་རྣམས་ཀྱིས་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་རྣམས་ལ་བག་ཆགས་ཧ་ཅང་ཡག་པོ་བཞག་འདུག  དེ་ནི་ངོ་མ་ཡ་མཚན་པ་རེད། ཐག་རིང་ནས་དབང་ལ་འོང་མཁན་མང་བོ་ལམ་མ་རྙེད་པར་ཅི་བྱ་གཏོལ་མེད་དུ་གྱུར་མཛོད་དགེ་བའི་གསར་བུ་མང་བོས་ཉིན་མཚན་བར་མེད་དུ་ལམ་སྟོན་བྱས་པ་དང་། རྒྱ་བོད་སུ་ཞིག་ཡིན་ཀྱང་ལམ་མེད་སའི་རྩྭ་ཐང་ལ་གང་འདོད་དུ་རླངས་འཁོར་བསྐོར་ནས་སོང་བ་དང་། ཞིང་ནང་དུ་རྐང་ཐང་དུ་འགྲོ་བའམ་རླངས་འཁོར་བསྐོར་ནས་སོང་ཡང་འགོག་མཁན་ཕར་ཟད། མ་མཐའ་འདི་ངའི་རྩྭ་ས་རེད་འདི་ངའི་ཞིང་རེད་མ་འགྲོ་ཞེས་ཚིག་གཅིག་བཤད་མཁན་ཞིག་ཀྱང་མ་བྱུང་བས། གཟུར་གནས་མང་བོས་མཛོད་དགེ་བ་འདི་ཇི་འདྲའི་མི་གཤིས་ལེགས་པ་ལ་ཨང་། ཇི་འདྲའི་ཁོག་རྒྱ་ཡངས་པ་ལ་ཨང་ཟེར། རང་ཡུལ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཕྱོགས་ཡོང་བ་རྣམས་ལ་ཐུབ་ཚོད་བྱེད་པའམ། མཇལ་འགོག་པ་ལ་ཁ་གཡར་ནས་རྡུང་བརྡེག་བྱེད་མཁན་གཅིག་ཀྱང་མེད་པས། ཇི་འདྲའི་མི་གཤིས་འཇམ་པ་ལ་ཨང་ཟེར་བ་ཡང་ཡང་ཐོས་ཤིང་། རང་གིས་ཀྱང་མངོན་སུམ་དུ་མཐོང་བས། སྙིང་ནས་དགའ་ཞིང་ངའི་ཕ་ཡུལ་མཛོད་དགེ་བ་འདི་ངོ་མ་ཡག་པོ་རེད་སྙམ་དུ་བསྟོད་འདོད་ཀྱི་མཐེ་བོང་དབང་མེད་དུ་ཀེར་ནས་འོང་བར་མ་ཟད། དེ་དག་ཐམས་ཅད་ཀྱི་ཚེ་འདི་ཕྱིའི་ལེགས་ཚོགས་གོང་ནས་གོང་དུ་འཕེལ་ཞིང་། བསམ་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག་སྙམ་དུ་སྙིང་ནས་སྨོན་ལམ་ཡང་འདེབས་པར་འདོད་དོ། །

    ཞེས་པ་འདི་ནི་སྟ་གོན་གྱི་སྔ་ཉིན་ད་རེས་དབང་ཆེན་གྱི་མགོ་མཇུག་བར་གསུམ་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་བྱ་བ་སྒྲུབ་མཁན་མཛོད་དགེ་བའི་ལས་སྣེ་སེར་སྐྱ་ཐུན་མོང་ནས་འགྲིག་ལམ་གྱི་ཕྱོགས་དང་། རྐུན་མ་ལ་དོ་སྣང་བྱེད་དགོས་ཚུལ་དང་། ཁོར་ཡུག་གཙང་སྦྲའི་སྐོར་ནས་དད་ལྡན་མང་ཚོགས་ལ་བཤད་རྒྱུ་ཞིག་བྲི་དགོས་ཞེས་ང་ལ་རེ་བ་ནན་གྱིས་ཞུས་ཀྱང་བྱ་བ་སྣ་ཚོགས་ཀྱི་དབང་གིས་དེ་རིང་བར་དུ་ལུས་སོང་། འོན་ཀྱང་དོན་འདི་དག་ཅིས་ཀྱང་དབང་ཞུགས་པ་རྣམས་ལ་ཤེས་སུ་བཅུག་ན་བཟང་སྙམ་དུ་བསམ་པ་དཀར་བོས་ཀུན་ནས་བསླངས་ཏེ་དེ་རིང་བྲིས་པ་ལགས།  འདི་མཐོང་མཁན་རྣམས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྒྱུད་བསྐུར་བྱེད་རྒྱུ་མཁྱེན། དེར་མ་ཟད་སྒྲ་དག་གསལ་སྙན་གསུམ་གྱིས་ཀློག་འདོན་བྱེད་མཁན་ཡོད་ན་ཡང་དེ་རིང་སང་ཉིན་གཉིས་ལ་སྤེལ་ཐུབ་ན་ཤིན་ཏུ་ལེགས་སྙམ། ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས། སྤྱི་ལོ་༢༠༢༣ལོའི་ཟླ་༨ཚེས་༢ཉིན། མཛོད་དགེ་རུ་སྟོད་མ་ནས་བྲིས་པའོ། །


འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23148803
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།