རྒྱ་ནང་ལ་མ་འགྲོ། རྒྱ་མཚོའི་ཁར་མ་འགྲོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »རྒྱ་ནང་ལ་མ་འགྲོ། རྒྱ་མཚོའི་ཁར་མ་འགྲོ།
རྒྱ་ནང་ལ་མ་འགྲོ། རྒྱ་མཚོའི་ཁར་མ་འགྲོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-09-04ལྟ་ཀློག (595)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

རྒྱ་ནང་ལ་མ་འགྲོ། རྒྱ་མཚོའི་ཁར་མ་འགྲོ།

སངས་རྒྱས་བཀྲ་ཤིས།

རྒྱ་མཚོའི་ཁ་ན་ཡོད་པའི་པར་དང་བརྙན་ཐར་ཐོརསྐད་འཕྲིན་གྱི་བར་སྟོང་ལ་སྤེལ་ཐེངས་རེ་རེར་ཨ་མས་སྐད་འཕྲིན་ལས་ཡང་དང་བསྐྱར་དུ་སྐད་བཞག་སྟེ། རྒྱ་མཚོའི་ཁར་འགྲོ་གི་མ་འདུག་ཟེར། ཉིན་གཉིས་ཀྱི་སྔོན་ལ་མཚོ་འགྲམ་དུ་ཡོད་པའི་བརྙན་ཐུང་ཞིག་སྐད་འཕྲིན་གྱི་བར་སྟོང་ནང་བཞག་རྗེས། ཨ་མས་སླར་ཡང་ང་ལ་སྐད་འཕྲིན་ནང་སྐད་བཞག་འདུག

ཡང་ཁྱོད་རྒྱ་མཚོའི་ཁ་ན་ཡོད་དམ།  ཁྱོད་རྒྱ་མཚོར་ཆ་རྒྱུས་ཡོད་ནི་མ་རེད་ཟེར། རྒྱ་མཚོའི་རྦ་རླབས་དེ་འདྲ་ཆེན་པོ་འདུག   ཁྱོད་ཁུར་སོང་ན་གར་སོང་ཡང་ཤེས་རྒྱུ་མ་རེད། སེམས་ཆུང་བྱོས། ནམ་ཡིན་ན་ཆུ་ནང་ཏག་ཏག་ལ་འགྲོ་རྒྱུ་ཞིག་ལོབས་འདུག་པ་ཅི་ཡིན། ཡར་མཐོ་སྒང་ནས་སྐྱེས་པའི་ཁྱོད་མར་རྒྱ་མཚོར་རྐྱལ་མི་ཤེས། ཨ་རིའི་ས་ཆ་ན་རྒྱུན་དུ་མཚོ་རླུང་གཡུག་བཞིན་འདུག་ཅེས་གསར་འགྱུར་བརྒྱུད་ལམ་མང་བོ་ན་སྒྲོག་གིན་འདུག སེམས་ཆུང་བྱོས་ན་བཟང་ནི་རེད་ཟེར།

 

ཨོ་ཡ་་་་་ཨ་མ། ངས་ཆུ་རྐྱལ་ཅུང་ཙམ་རེ་བྱེད་ཤེས། སྐྱོན་ཡོད་ནི་མ་རེད། བདེ་འཇགས་ལ་སྲུང་སྐྱོབ་བྱེད་མཁན་ཡང་འདུག ཅེས་སྐད་བཏང་བ་ཡིན། ཅུང་མ་འགོར་བར་ཨ་མའི་སྐད་ལན་ཐོན་བྱུང་།  སྲུང་སྐྱོབ་བྱེད་མཁན་ཡོད་ཀྱང་འགྲོ་གི་མ་འདུགཟེར།    ངས་ཡ་ཡ་ཡ་ཞེས་ཁ་ལན་ཚིག་བརྩི་བྱེད་མདོག་མདོག་གིས་སྐད་ཐུང་ཞིག་བསྐུར་རྗེས་སླར་ཡང་གྲོགས་པོ་འགའ་དང་མཉམ་དུ་མཚོ་འགྲམ་ནས་ཆུ་ལ་རྐྱལ་བ་ཡིན།  

 

དེ་རིང་ཡང་།  ངས་ན་ནིང་ད་ཚོད་རྒྱ་མཚོའི་འགྲམ་ནས་བླངས་པའི་རང་གི་འདྲ་པར་ཡག་ཤོས་འགའ་བདམས་ཏེ་སྐད་འཕྲིན་གྱི་བར་སྟོང་ནང་སྤེལ་རྗེས། ཨ་མས་ལམ་སང་སྐད་འཕྲིན་ལས་སྐད་བཞག་འདུག

ཝེ་་་ བུ་ཆུང་རྒྱ་མཚོའི་ཁར་མང་བོ་མ་འགྲོ། དེ་བས་ཀྱང་ཁྱོད་རང་གཅེར་བུར་བུད་ནས་བསྡད་ཡོད་པའི་པར་དེ་ཚོ་ཡག་རྒྱུ་ཅི་ཡང་མི་འདུག  གཞན་གྱིས་མཐོང་ན་ངོ་མི་ཚ་འམ། ཕྱི་རྒྱལ་བའི་མིག་ལམ་དུ་ཡག་པོར་མཐོང་ཡང་། ངོ་ཚ་ཅན་གྱི་ང་ཚོ་བོད་པ་ཞིག་གི་བྱེད་སྟངས་མ་རེད་ཅེས་སྐད་བཞག་འདུག

 

དེ་ནས་བཟུང། ངའི་བསམ་པར། ད་ནི་རྐང་ཐུང་གཅིག་པུ་གྱོན་ཡོད་པའི་འདྲ་པར་དག་སྐད་འཕྲིན་གྱི་བར་སྟོང་ནང་སྤེལ་དུས་ཨ་མས་མཐོང་མི་ཐུབ་པ་བྱ་དགོས་བྱུང་།  ཐེངས་འདིར་ཨ་མས་ང་ལ་རྒྱ་མཚོའི་ཁར་མ་འགྲོ་ཞེས་ཡང་ཡང་བཤད་པ་ནི།   ལོ་བཅུ་གཉིས་ཀྱི་ཡར་སྔོན་དུ་ཁོ་མོས་ང་ལ རྒྱ་ནང་དུ་མ་འགྲོཞེས་ནན་གྱིས་བཤད་པ་དང་འདྲ་ལ། ངས་རྒྱ་ནང་ལ་མི་འགྲོ་ཟེར་བཞིན་རྒྱ་ནང་དུ་སོང་ནས་ལོ་འགའ་ཤས་ལ་བསྡད་པ་དང་ཀུན་ནས་མཚུངས

ཨ་མས་ང་ལ་རྒྱ་ནང་དུ་མ་འགྲོ་ཞེས་བཤར་པར་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན་མོད། ང་རང་སློབ་གཉེར་ཙག་ཙིག་གི་ཆེད་དུ་རྒྱ་ནང་ལ་འགྲོ་དགོས་བྱུང་བར་ཡང་རྒྱུ་རྐྱེན་མང་བོ་ཞིག་ཡོད་པས་ཕ་མ་གཉིས་ཀྱི་ཐུགས་དང་མི་འགལ་ཞིག་དང་  ང་རང་གི་འདོད་བློ་དང་མཐུན་པ་ཞིག་བྱ་འདོད་ཀྱང་ཐབས་ཤེས་གཞན་མ་རྙེད། 

དེ་བས་རྒྱ་ནང་ལ་ཕྱིན་ནས་ཕྱིར་རང་ཡུལ་དུ་ལོག་ཐེངས་རེ་རེར་ཨ་མ་དང་རྨོ་རྨོ་གཉིས་སེམས་ཁུར་ལ་གཏད་པའང་གྲངས་ལས་འདས།   ད་དུང་བརྗེད་ཐབས་མེད་པ་ཞིག་ནི།  ཉིས་སྟོང་བཅུ་དྲུག་ལོའི་དགུན་ཁར་ང་རང་ཕ་ཡུལ་ལ་སླེབས་དུས། ཡུལ་མི་རྒན་པ་སུ་དང་གང་ལ་ཐུག་ཀྱང་ཐུན་མོང་གིས་དྲི་བ་ཞིག་ཡོད་པ་ནི།  ཁྱོད་ལ་ཅིག་མ་བདེ་བ་ཡིན་ནམ། ཚོ་བྱང་ནས་ལུས་པོ་སྐམ་རིད་དུ་གྱུར་འདུག སྔོན་གྱི་ངོ་གདོང་གོར་གོར་བོ་དེ་ད་ལྟ་ནར་ནར་ཅིག་གི་ལོག་འདུགཟེར།  

ངའི་ལུས་ཕུང་སྐམ་པོར་གྱུར་བའི་རྒྱུ་མཚན་ནི། ང་རང་ཞིས་ཨན་(西安) ནས་བསྡད་པའི་ལོ་དེ་དག་གི་རིང་ལ་སློབ་སྦྱོང་གི་ཕན་ཆད་ནས་ལུས་རྩལ་སྦྱོང་རྒྱུ་ནི་ངའི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར། ངས་གཟུགས་གཞི་ཇེ་ཡག་དང་ཇེ་བདེ། སེམས་ཁམས་ཇེ་དྭངས་དུ་ཡོང་ཆེད་ལུས་རྩལ་ཁང་ཞིག་ལ་ཟླ་རེར་སྒོར་མོ་སྤྲད་དེ་ཧུར་ཐག་གིས་ལུས་རྩལ་སྦྱོ་བྱེད་ཀྱི་ཡོ་བྱད་འདྲ་མིན་སྣ་ཚོགས་ཤིག་ལ་དུས་རྒྱུན་ཤི་འཐམ་རོ་འཐམ་བྱས་པས་སྔོན་དང་བསྡུར་ན་དཔུང་བ་དང་བྲང་ཁའི་ཤ་རྒོད་ཇེ་ཆེར་སོང་ཡོད་པ་དང་ཕོ་བ་བསྐུམས་ནས་ཉག་ཕྲ་་ངོ་གདོང་སྐམ་ནས་འགྲམ་པ་དོང་ལ་ལྷུང་ཡོད།

ཨ་མ་དང་རྨོ་རྨོ་གཉིས་ཀྱིས་སྐམ་པ་རིད་པའི་ངའི་ངོ་གདོང་མཐོང་བས་ཧ་ལས་ཏེ་ཅི་ཞིག་མ་བདེ་ཟེར་ནས་འདྲི་ཞོར་ཨ་ཕ་ལ་འཁང་ར་བྱེད་ཀྱིན། ཨ་ཧ་བོ། ངའི་ཞི་ལུ་སྐམ་ནས་གྱོང་འདུག ཁ་ངོ་སྐྱ་སྐྱར་ལོག་ནས་རྒྱ་ཞིཤིག་དང་འདྲ། འགྲམ་པའི་ཐོག་གི་དམར་གཉིསཀ་དག་འདུག ཁྱོད་ལ་སྒོར་མོའི་མ་འདང་བ་རེད་དམ། ཡང་ན་རྒྱ་ནང་ནས་འབུ་དང་ཉ་ཟས་པས་རྐྱེན་རེད། ངས་ཁྱོད་ལ་སྒོར་མོ་འདང་ངེས་རེ་སྐུར་ཞེས་ཁྱོད་ཀྱི་ཨ་ཕར་ཡང་ཡང་བཤད་ཡོད། ཁོས་ཁྱོད་ལ་སྒོར་ཉུང་ཉུང་ཞིག་མ་གཏོགས་བསྐུར་མེད་པའདྲཞེས་ཨ་ཕ་ལ་མི་འདོད་པའི་རྣམ་འགྱུར་སྟོན་གྱིན་འདུག

རྨོ་རྨོས་ངའི་གདོང་ལ་བལྟ་བཞིན། ངས་རྒྱ་ནང་ལ་སོང་ན་སྐྱིད་ཅིག་ཡོད་ནི་མ་རེད་འདོད་ཡོད། མ་འགྲོ་ཞེས་བཤད་ན་ཁྱོད་ཚོས་ངའི་ཁར་མི་ཉན་ཟེར།  

དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ།  ཉིས་སྟོང་བཅོ་ལྔའི་དབྱར་གཞུང་ང་རང་ཕྱིར་ཡུལ་ལ་ལོག་དུས། ང་ལ་གློ་བུར་དུ་སྔོན་བྱུང་མ་མྱོང་བའི་ནད་རྟགས་ཤིག་བྱུང་སྟེ།  མིག་ནང་དང་སྣ་ནང་ལ་བཟོད་ཐབས་བྲལ་བའི་ཟ་འཕྲུག་ལངས་ཤིང་། སྣ་འཚུབས་ནས་དབུགས་ལེན་དཀའ་བར་གྱུར་ལ། ཧབ་སྦྲིད་བརྒྱབ་ནས་རྒྱུན་མ་ཆད་པས་སྐད་ཆ་བཤད་རྒྱུ་ཡང་ཁག་པོར་གྱུར། བཟའ་མི་ཚོས་ང་ལ་གྲྭ་སྒྲིག་བྱས་ཡོད་པའི་ཟས་ཞིམ་པོ་དག་ལ་ཡང་རོལ་མ་ཐུབ་པར་ཉིན་དེའི་དགོངས་མོར་རེབ་གོང་ཁུལ་གྱི་སྨན་ཁང་ཞིག་ཏུ་མི་འགྲོ་ག་མེད་བྱུང་།  ང་སྨན་ཁང་དུ་འགྲོ་སྐབས། ཨ་མ་དང་རྨོ་རྨོ་གཉིས་ཀྱིས་ཞི་ལུ་རྒྱ་ནང་ནས་འདུག་རྒྱུ་མང་དྲགས་པས་ད་ནི་རང་ས་རང་ཡུལ་ཡང་འཕྲོད་ཀྱིན་མི་འདུག་ཅེས་ངུ་བཞིན་འདུག

སྨན་པས་བཤད་པ་ལྟར་ན། ང་རང་གློ་བུར་དུ་མ་བདེ་བའི་རྒྱུ་རྐྱེན་ནི་ཕ་ཡུལ་གྱི་རྩི་ཤིང་དང་མེ་ཏོག  ལྡུམ་བུ་སོགས་དང་འབྲེལ་བ་འདུག  རྒྱ་སྐད་ཀྱི་གོ་མེན་(过敏) ཟེར་བ་དེ་རེད་ཞེས་བཤད་པས་དབྱར་ཁ་དེར་ང་རང་ཕ་ཡུལ་དང་ཁ་བྲལ་ནས་ཕྱིར་ཞིས་ཨན་ལ་འགྲོ་དགོས་བྱུང་ཞིང་། ཕྱིས་སུ་དབྱར་ཁར་ཕ་ཡུལ་ལ་འགྲོ་དུས། ཕ་ཡུལ་གྱི་ཟེ་འབྲུའི་ཟེགས་རྡུལ་གྱིས་བསྐྱེད་པའི་ཚོར་བ་མི་བདེ་བ་དག་འགོག་བྱེད་གྱི་སྨན་དང་། ཟ་མ་ཞི་བའི་སྨན་སོགས་སྨན་སྣ་འགའ་ཤས་ཤིག་གྲྭ་སྒྲིག་བྱས་ནས་འགྲོ་དགོས་པའི་གནས་ཚུལ་འདི་མཐོང་བས་ཨ་མའི་གདོང་ལ་སྔར་ལས་ལྷག་པའི་སྐྱོ་ཉམས་དང་སེམས་ཁུར་གྱི་ཁེངས་འདུག

ཡིན་ནའང་།   ངས་ཨ་མར་ང་རྒྱ་ནང་ལ་མི་འགྲོ་ཞེས་བཤད་ཞོར་རྒྱ་ནང་གི་སློབ་གྲྭ་འགྲིམས་ཏེ་སློབ་མཐར་ཕྱིན་པ་དང་། དེ་ནས་རྒྱ་མཚོའི་ཕ་རོལ་བརྒལ་ཏེ་ཨ་རི་གཙོ་བྱས་པའི་རྒྱལ་ཁབ་དང་གླིང་ཕྲན་མི་འདྲ་བའི་ས་ཆ་མང་བོར་ཕྱིན་ནས་སློབ་གཉེར་བྱས་རྐྱེན།  ཨ་མས་རྒྱ་ནང་ལ་མ་འགྲོ་ཞེས་པའི་བསླབ་བྱ་དེ་རེ་ཞིག་ཁ་ནས་བོར་འདུག་མོད། ད་ནི་ཁ་ཏོན་ལྟ་བུའི་བསླབ་བྱ་གཞན་ཞིག་ཡོད་པ་ནི།  རྒྱ་མཚོའི་ཁར་མ་འགྲོ།”ཞེས་པའི་ཚིག་དེ་རེད། ཨ་མས་ད་དུང་ང་ནི་བློ་གཏད་ཆོག་པ་དང་ཕ་མར་ཁ་ལེན་ཚིག་བརྩི་བྱེད་པའི་མི་ཞིག་ཏུ་རློམ་ནས་ཡང་དང་བསྐྱར་དུ་རྒྱ་མཚོའི་ཁར་མ་འགྲོ་ཟེར་བ་དང་། རྒྱང་རིང་ནས་མི་འདུག་པར་ཕྱིར་རང་ས་རང་ཡུལ་ལ་ལོག་ན་བཟང་ཚུལ་གྱི་བསླབ་བྱ་མང་དུ་བཏང་བྱུང་།

 

ང་ནི་ཁོམ་དུས་མཚོ་འགྲམ་དུ་སྤྲོ་གསེང་ལ་འགྲོ་བར་ཤིན་ཏུ་དགའ་བས། ད་ལྟ་ཡང་ད་དུང་ཨ་མའི་རྣ་ལམ་དུ་མཚོ་ཁར་མི་འགྲོ་ཟེར་ཞོར་ཡང་དང་བསྐྱར་དུ་ཕྱིན་པ་ཡིན་ལ། བྱ་བ་དང་སློབ་སྦྱོང་གི་རྐྱེན་གྱིས་ད་ལོ་ཕྱིར་རང་ཡུལ་ལ་ཡོང་རྒྱུ་ཡིན་ཞེས་ཁས་བླངས་ནས་ཀྱང་ལོ་གཅིག་ནས་གཉིས་འགོར་ཏེ་ད་དུང་འགྲོ་ཐུབ་མ་སོང་།

ཕ་མའི་མིག་ལམ་དུ་རང་གི་བྱིས་པ་ནམ་ཡང་བྱིས་པ་ཡིན་ཟེར་བ་ཅིས་མ་བདེན། ངས་རྒྱུན་དུ་ཨ་མར། ང་ནི་ལོ་མང་བོར་ས་མཐར་འཁྱམས་ནས། ད་ནི་གཞི་ནས་ལོབས་འདུག ཨ་རི་ནས་འཚོ་བ་རོལ་ཏེ་ལོ་བརྒྱད་ཙམ་འགོར་གྱིན་འདུག དེ་བས་ས་འདིའི་འགྲོ་ཕྱོགས་འདུག་ཕྱོགས་ཚང་མ་གང་ལ་གང་འཚམས་རེ་ཤེས་ཀྱིན་འདུག་ཅེས་བཤད་ཀྱང་།   ཨ་མས་ང་ལ་སེམས་ཁུར་བྱེད་རྒྱུ་ནི་མོའི་གོམས་གཤིས་ལྟ་བུར་གྱུར་འདུག

ཨ་མའི་སེམས་ཁུར་ནི་སེམས་ཁུར་རྐྱང་རྐྱང་ཙམ་ག་ལ་ཡིན། ཨ་མས་ངའི་ཆེད་དུ་ནམ་ཡང་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་ལྷ་ཀླུ་ལ་མཆོད་པ་འབུལ་བཞིན་ཡོད། ཆུང་དུས་ནས་དགེ་སྦྱོར་ལ་འབད་པའི་ཨ་མ་ལགས་ཀྱི་ཁ་ཏོན་དང་དེའི་དབྱངས་རྟ་རེ་རེ་ད་དུང་ཡང་ངའི་རྣ་ལམ་ན་གསལ་ལེར་འདུག ད་ལྟ་ངའི་བློ་ལ་འཇགས་ཡོད་པའི་སྒྲོལ་མ་སོགས་ཁ་ཏོན་མང་བོ་ཞིག་ཀྱང་ཆུང་དུས་སུ་ཨ་མའི་ནངས་དགོང་གི་ཁ་ཏོན་ལ་ཉན་ནས་ཤེས་པ་ཡིན།

ཨ་མ་དུས་རྒྱུན་སྔ་མོ་ནས་ཡར་ལངས་ཏེ་མཆོད་པ་འབུལ་བ་དང་ཕྱག་འཚལ་ཞོར། སྐྱབས་འགྲོ་དང་སྒྲོལ་མ། བཟང་སྤྱོད་སྨོན་ལམ། བར་ཆད་ལམ་སེལ། ལྟུང་བཤགས་སོགས་སྐད་གསེང་ཅུང་མཐོན་པོས་སྒོ་ནས་འདོན་པར་བྱེད་ཅིང་། ས་མཐར་ཡོད་པའི་ང་དང་། ད་དུང་བཟའ་མི་ཡོངས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་སྨོན་ལམ་འདེབས་བཞིན་ཡོད།  ཁ་སང་དགོང་མོར་ངས་ཨ་མ་ལ་སྐད་འཕྲིན་བརྒྱུད་ནས་འཆར་བརྙན་བཏང་དུས། ཨ་མས་མཆོད་པ་བཤམས་ཞོར་བཟང་སྤྱོད་འདོན་བཞིན་འདུག   དེ་བས་ཨ་མས་ཁྱོས་ད་རུང་ཅིག་སྒུག ངས་བཟང་སྤྱོད་ཚར་གང་བོ་འདི་བཏོན་ཚར་ན་བཤད། དེ་བྱས་ན་ཁྱོད་ཁོམ་གི་ཨེ་ཡོད།ཟེར། དེ་ནས་ངས་ ཨོ་ཡ་ཡ།   ང་ཁོམ་བསྡད་ཡོད། བཏོན་ཚར་ན་ཁ་བརྡ་བྱེདཅེས་སྒུག་བསྡད་པ་ཡིན།

ཨ་མས་འདོན་འཕྲོ་བྱས་ཡོད་པའི་ཁ་མཚམས་ནས་མུ་མཐུད་དུ།

བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར།།

སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག།

དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག།

ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས།།

གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་།།

ཇི་ལྟར་པད་མོ་ཆུས་མི་ཆགས་པ་བཞིན།།

ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད།།

ཅེས་སྐད་མགོ་དམའ་བའི་སྒོ་ནས་འདོན་བཞིན་སེམས་ཆུང་ངང་ཏིང་ཕོར་རེ་རེའི་ནང་མཆོད་ཆུ་བླུག་བཞིན་འདུག

ངས་ཁ་པར་གྱི་འཆར་ངོས་ལས་ཨ་མ་ལ་ལྟ་བཞིན་མོ་དང་མཉམ་དུ་བློར་ཡོང་ཚོད་ཅིག་བཏོན་པ་ཡིན། ཡིན་ན་ཡང་ད་ནི་མང་བོ་ཞིག་བརྗེད་ཚར་འདུག སྔོན་ཆད་བློ་ལ་འགྲོ་བའི་ཁ་ཏོན་དང་ལུང་ཚིག   གླུ་ཚིག   གཏམ་དཔེ་སོགས་མང་བོ་ཞིག་བག་ལ་ཞ་ནས་ད་ནི་དྲན་གསོ་རེ་མ་བྱས་ན་གློ་བར་དུ་ཡིད་ལ་དྲན་རྒྱུ་ཁག་པོ་རེད།

ཁ་པར་གྱི་འཆར་ངོས་ནས་བལྟས་ན་ཨ་མའི་ཞལ་རས་སྔར་ལས་རྒས་འདུག ཡིན་ན་ཡང་ཁོ་མོའི་ཁ་ཏོན་གྱི་དབྱངས་རྟ་རེ་རེར་ད་དུང་ཡང་ཆུང་དུས་དང་འདྲ་བར་འགྱུར་བ་མེད་པའི་ཚོར་སྣང་བྱུང་།   སྐབས་དེར་ཨ་རི་ནས་ཉི་མ་རི་ལ་ནུབ་བཞིན་འདུག  ངས་ཉིན་གཅིག་གི་བྱ་བ་མཇུག་སྒྲིལ་ནས་མལ་ཁྲིའི་སྟེང་གཡས་སུ་ལོག་ཏེ་ངལ་གསོ་བྱེད་བཞིན་ཡོད། ཨ་མས་བཟང་སྤྱོད་འདོན་བཞིན་པ་ཐོས་པས་སེམས་ལ་སྔོན་ཆད་ཀྱི་འདས་དོན་རབ་རིབ་མང་པོ་ཞིག་དྲན་ཡོང།  སྐབས་དེར་ཨ་མའི་ཕྱོགས་སུ་ཐོ་རེངས་ཀྱི་ཉི་ཟེརའོད་ལམ་མེར་འཕྲོ་བཞིན་ཡོད་ལ་ཨ་ཕ་དང་བཟའ་མི་གཞན་པ་དག་ད་དུང་རྨི་ལམ་གྱི་ཞིང་ཁམས་ན་བཟི་འདུག 

དེ་ནས་ཨ་མས་ཁ་ཏོན་འདོན་མཚམས་བཞག་ཏེ་ང་ལ་བཤད་རྒྱུར། “ཁྱོད་ལ་སྔོན་ལྟར་ཁ་ཏོན་འདོན་ཁོམ་མེད་པ་ཁག་མི་འདུག ཡིན་ཡང་ཁོམ་དུས་མདོ་གདུགས་སྒྲོལ་གསུམ་རེ་འདོན་ཨེ་ཐུབ་ལྟོས།” ཞེས་དང་།  “ཁྱོད་ནམ་ཕྱིར་ཡོང་རྩིས་ཡིན། ད་རུང་ཕྱི་ནས་ལོ་མང་པོར་བསྡད་ན། ནམ་ཉི་མ་ཞིག་ལ་ཁྱོད་ནི་ཕྱི་རྒྱལ་གྱི་མྱི་ཞིག་ཏུ་འགྱུར་ཉེན་ཆེ།” ཞེས་འཛུམ་མུལ་མུལ་གྱིས་ངང་ནས་ཀུ་རེ་དང་དྲང་གཏམ་འདྲེས་མའི་ཚིག་འདི་ཡང་བསྐྱར་གླེང་བྱུང་།   

ངས་ད་རུང་ཟླ་འགའ་འགོར་རྒྱུ་རེད། ང་རྒྱ་མཚོའི་དཀྱིལ་ན་ཡོད་པའི་གླིང་ཕྲན་ཆུང་ཆུང་ཞིག་ལ་འགྲོ་དོན་ཞིག་ཡོད་པས། ད་རུང་ཡུལ་ལ་ཡོང་ཐུབ་རྒྱུ་མ་རེདཅེས་བཤད་པ་ན། ཨ་མས་ཤུགས་རིང་ཞིག་འཐེན་ཞོར།  དེར་སོང་ན་སེམས་ཆུང་བྱོས། ས་ཆ་དེ་ཐག་ཨེ་རིང་གི། ཁྱོས་ས་ཆ་དེའི་སྐད་ཤེས་ནི་ཨེ་རེད། ཁྱོད་ལ་འགྲོ་ས་མང་བ་འདི་ནི་ངའི་སེམས་ཁུར་གྱི་རྒྱུ་ཞིག་རེདཟེར། ཨ་མའི་རེ་ཐག་ཆད་པའི་ཤུགས་རིང་རེ་རེ་གོ་དུས་ངའི་སེམས་ཡང་བྲེལ་འཚུབ་ཀྱིས་ཁེངས་ཏེ་ད་ནི་ངེས་པར་ཡུལ་ལ་སྐོར་ཞིག་རྒྱག་དགོས་བསམ་བྱུང་

ངས་ཨ་མར་ས་དེའི་སྐད་ངས་ཤེས་ནི་རེད། ཐག་ཅུང་རིང་གི། གནམ་གྲུས་དུས་ཚོད་བཅུ་གཉིས་ལ་འཕུར་དགོས། ཡིན་ཡང་སེམས་ཁུར་བྱེད་དགོས་ནི་མ་རེད།ཅེས་བཤད་པ་ན།  ཨ་མའི་གདོང་ལ་མི་འཐད་པའི་ཉམས་ཤིག་དང་བཅས། “ཨ་ཨ་ཨ་ས་དེར་ཐག་རིང་གི་རེ། ཟི་ལིང་ནས་ལྷ་ས་ལྟ་བུ་བཞི་ལྔ་ཞིག་ལ་འཕུར་དགོས་ས་རེད། ད་ལོ་ཡང་ཁྱོས་རང་ཡུལ་གྱི་མདའ་སྟོན་དང་། རྟ་རྒྱུགས། ལབ་བསྟོད་སོགས་ཅི་ཡང་རིག་རྒྱུ་མ་རེདཟེར།

ངས་ཨ་མར་ཅི་ལྟར་གསལ་བཤད་དང་སེམས་གསོ་བྱེད་དགོས་པ་མ་ཤེས་པས་ཆེད་དུ་ཁ་བརྡའི་ཚིག་མགོ་གཞན་ཞིག་ལ་སྐོར། གཅན་ཚ་ནས་མདའ་སྟོན་བྱས་ཏེ་གླུ་ལེན་གར་རྩེད་བྱེད་བཞིན་པ་ངས་དྲྭ་ཐོག་ནས་མཐོང་སོང་། ཁྱོད་བལྟ་རུ་ཨེ་སོང་ཅེས་དྲིས་པ་ཡིན།

ཨ་མས་བཤད་རྒྱུར། ཁ་སང་དགོང་མོ་གླུ་དབྱངས་ཏག་ཏག་ལེན་གི། ཉན་རྒྱུ་མེད་གི་ཞེས་བཤད་ན་འགྲིག་རྒྱུ་མ་རེད། ངས་ཉན་མ་ཤེས་ནི་ཡིན་རྒྱུ་རེད། རྒྱ་སྐད་མང་བོ་བཤད་བཞིན་འདུག མདོ་འཛིན་པ་ཚེ་མགོན་གྱིས་བོད་སྐད་བཤད་ཀི། གླུ་བ་སངས་རྒྱས་ཚེ་རིང་ཟེར་བ་དེ་མིང་ཆེན་རེད། མདོ་འཛིན་པ་ཚེ་མགོན་གྱིས་ཁོ་ལ་བསྟོད་པ་བྱས་ནས་དགུང་ལ་འཇོག་གི་འདུག རིག་གནས་ཡོན་ཏན་ཅན་ཞིག་ཀྱང་ཡིན་ནི་རེད་ཟེར་གི། ང་ལ་གླུ་དབྱངས་ཟེར་བ་དེར་ཡ་མཚན་དགའ་རྒྱུ་མེད། ངས་དམངས་གླུ་དང་རྡུང་ལེན་རེ་ལེན་ནི་ཨེ་ཡོད་བསམ་ནས་སྒུག་བསྡད་པ་ཡིན། ད་སྐབས་རྒྱ་གླུ་དང་གླུ་དབྱངས་ལེན་མཁན་ཇེ་མང་རེད། ཐ་ན་འུ་ཚང་གི་ལོ་བརྒྱད་དགུ་ཅན་གྱི་བྱིས་པ་འདི་གཉིས་ལ་ཡང་གཅིག་གིས་གཅིག་ལ་རྒྱ་སྐད་ཆ་གེ་ཆག་གེ་བཤད་རྒྱུ་དང་རྒྱ་གླུ་ན་རེ་ནོ་རེ་ལེན་རྒྱུར་གོམས་ཀྱིན་འདུག ཁྱོས་ས་དེ་ནས་དབྱིན་སྐད་ཏག་ཏག་བཤད། ནམ་ཞིག་བྱིས་པ་འདི་གཉིས་ཀྱིས་རང་གི་ཡུལ་ནས་རྒྱ་སྐད་ཏག་ཏག་བཤད་དུས། འུ་ཚང་གི་ཁྱིམ་ན་བོད་སྐད་བཤད་ནི་དཀོན་རྒྱུ་རེད། ད་ཅི་བྱེདཟེར།

ངས་ཡུད་ཙམ་ལ་ཅི་ཟེར་དགོས་པའང་མ་ཤེས་པར་ལུས།  བྱིས་པ་གཉིས་ལ་དབྱར་གནང་ནམ་སྟེར་རྒྱུ་རེད། དབྱར་གནང་བྱིན་རྗེས་ཨ་ཕ་དང་མཉམ་དུ་འབྲོག་སར་སོང་ནས། ཁོད་ཡངས་ལ་རྟ་ནོར་ལུག་གསུམ་ཡོད་སའི་སྤང་ཐང་ནས་ཅུང་འདུག་ཐུབ་ན། རང་ས་རང་ཡུལ་གྱི་ས་ངོ་ཆུ་ངོ་ཤེས་པ་དང། འགྲོ་འདུག་སྤྱོད་གསུམ་གང་ལ་ཡང་བག་ཆགས་ཟབ་མོ་རེ་འཇོག་ཐུབ་རྒྱུ་རེདཅེས་བཤད་པ་ཡིན།

ཨ་མས་མགོ་བོ་ལྡེམ་ལྡེམ་བྱེད་བཞིན། དེ་བདེན་གི། ཞིན་ཆི(星期)གཅིག་གི་རྗེས་ནས་དབྱར་གནང་རེད། དབྱར་གནང་བཏང་རྗེས་ཁོ་གཉིས་འབྲོག་སར་ཁྲིད་རྩིས་ཡིན། ད་རུང་འབྲོག་སར་འགྲོ་རྒྱུ་དགའ་བོ་འདུག ལྷག་པར་དུ་བུ་ཆུང་བ་ནོར་ལུག་རིག་ན་དགའ་ནས་གནམ་ལྡིང་ས་ལྡིང་བྱེད་ཀི། ཆེ་བ་ལོ་རེ་འགོར་ན་གྲོང་ཁྱེར་ནང་ཇེ་གོམས་ནས་ཇེ་གོམས་རེད། ཡིན་ན་ཡང་འབྲོག་སར་སོང་ན་ད་རུང་བེའུ་རྫི་བྱེད་ཐུབ་ཀི། ཁྱོད་ཁོ་ཚོའི་ལོ་ཐོག་ན་ཡོད་དུས་ནོར་ལུག་གཉིས་ཀའི་རྫི་བྱེད་ཐུབ། ད་སྐབས་ཁྱོས་མང་ཆེ་བ་ཞིག་བརྗེད་སོང་ཡོད་ཀྱི་རེདཟེར།

ཨ་མའི་སྐད་ཆ་དེ་དག་ལ་འདང་རེ་བརྒྱབ་ན། ངས་སྐད་འཕྲིན་བར་སྟོང་ནང་སྤེལ་བའི་ཁོག་སྟོད་གཅེར་བུ་ཡིན་པའི་འདྲ་པར་དག་དང་ཚ་བོ་གཉིས་ཀྱིས་སློབ་གྲྭ་དང་བརྙན་འཕྲིན་སོགས་ས་བསླབ་པའི་རྒྱ་སྐད་ཅ་ཅོའི་ཁ་བརྡ་སོགས་མང་བོ་ཞིག་ཨ་མའི་རྣ་ལ་མི་སྙན་ཞིང་མིག་ལ་མི་མཛེས་པ་ཞིག་ཡིན་པ་ཤེས་ཐུབ། ཨ་མའི་སེམས་སུ་ང་ནི་བོད་ས་བོད་ཡུལ་དང་བོད་ཀྱི་བཅའ་སྲོལ་ལས་སྲོལ་ལས་རིང་དང་རིང་དུ་གྱེས་བཞིན་པ་ཡང་ཚོར་ཡོང་ལ། སྣང་ཚུལ་འདི་ནི་ངེད་ཀྱི་ཨ་མ་གཅིག་པུའི་སེམས་ཁྲལ་ཞིག་མ་ཡིན་ཏེ། བོད་ཀྱི་ཕ་མ་མང་བོ་ཞིག་གི་སེམས་ཁྲལ་ཡིན་པ་མིག་མཐོང་ལག་ཟིན་རེད།

བོད་ཀྱི་ཕ་མ་མང་བོ་ཞིག་གིས་རང་གི་བུ་རབས་ཚ་རྒྱུད་ཀྱིས་བོད་ཡིག་བོད་སྐད་དང་། བོད་ས་བོད་ཡུལ། བོད་ཀྱི་གོམས་གཤིས། བོད་ཀྱི་རིག་གཞུང་སོགས་ཤེས་ན་སྙམ་པའི་རེ་བ་དང་། མ་ཤེས་ན་ཅི་བྱབསམ་ནས་སེམསལ་ཐེག་དཀའ་བའི་ཁུར་བོ་ལྕི་མོ་ཞིག་ཁུར་འདུག དེ་བས། འདི་ནི་མི་རིགས་འདིའི་སེམས་ཁུར་བྱ་དགོས་ས་ཞིག་ཀྱང་རེད། བོད་པའི་གཞོན་སྐྱེས་མང་བོ་ཞིག་རྒྱ་ནང་གཙོ་བྱས་རྒྱལ་ཁབ་གཞན་པ་སོགས་ནས་རྒྱ་མཚོའི་ནང་དུ་ཁ་བ་ཐིམ་པ་བཞིན་ལུས་ངག་ཡིད་གསུམ་གང་གི་ཐད་ནས་ཀྱང་གཞན་གྱི་ངོ་བོར་གྱུར་དང་འགྱུར་བཞིན་ཡོད་ལ། རང་སྐད་རང་ཡིག་གཟུངས་གཞུག་བྱེད་མཁན་ཇེ་ཉུང་དང་། གཞན་སྐད་གཞན་ཡིག་རྩ་བར་འཛིན་མཁན་ཇེ་མང་ཡིན་པའི་སྣང་ཚུལ་འདི་ནི་བོད་ཀྱི་ཕ་མ་མང་བོ་ཞིག་གི་སེམས་ཁུར་ཆེ་རུ་གནང་སའི་གནད་དོན་ཞིག་རེད

ངས་རང་ཉིད་ནི་འདིའི་ཕྱོགས་སུ་སེམས་ཁུར་བྱེད་མཁན་ཞིག་ཅིས་ཀྱང་བྱེད་དགོས་བསམ་ཡོད་དུས་སེམས་ཁུར་བྱ་སའི་མི་ཞིག་ཏུ་གྱུར་འདུག་པའང་གཞི་ནས་ཚོར་བྱུང་།

སྤྱི་ལོ་༢༠༢༣ལོའི་ཟླ་༠༦པའི་ཚེས་༢༧ཉིན་ཨ་རིའི་གྲོང་ཁྱེར་སྦོ་སུ་ཁྲིནBoston )ནས་བྲིས།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ཁྲི་ཀ་པདྨ་ཚེ་རིང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557759
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།