༢༠༢༣ལོའི་བསང་ཆུ་རྫོང་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་སློབ་གསོའི་བྱ་འགུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »༢༠༢༣ལོའི་བསང་ཆུ་རྫོང་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་སློབ་ག
༢༠༢༣ལོའི་བསང་ཆུ་རྫོང་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་སློབ་གསོའི་བྱ་འགུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-08-24ལྟ་ཀློག (1101)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༢༣ལོའི་བསང་ཆུ་རྫོང་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་སློབ་གསོའི་བྱ་འགུལ། 

༢༠༢༣ལོའི་བསང་ཆུ་རྫོང་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མར་རོགས་དངུལ་བྱ་དགའ་སྟེར་བའི་མཛད་སྒོ་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭ་ནས་སྤེལ། 

  ཚོགས་ཐོག་ཏུ་བསང་ཆུ་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་བླ་མ་དབལ་མང་ཆུང་བ་འཇིགས་མེད་སྐལ་བཟང་རྒྱ་མཚོ་ལགས་དང་བསང་ཆུ་རྫོང་ཨུའུ་རྒྱུན་ཨུ་རྫོང་སྲིད་ཁྲིམས་ཨུའུ་ཧྲུའུ་ཅི་རྟ་མགྲིན་སྐྱབས། བསང་ཆུ་རྫོང་ལྗོངས་ཁུལ་ཆེན་མོའི་ཀྲུའུ་རིན་གཞོན་པ་མགོན་པོ་ཚེ་བརྟན། ཏང་གི་ཚོགས་ཆེན་བཅུ་དྲུག་པའི་འཐུས་མིའམ་ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ། ཨ་མཆོག་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་སངས་རྒྱས་སྐྱབས། ཡ་རུ་རྒྱུད་དོན་གཅོད་ཁང་གི་ཀྲུའུ་རིན་སྐལ་བཟང་བསྟན་པ། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨ་ཁུ་ཚུལ་ཁྲིམས། ཨ་ཁུ་སྐལ་བཟང་ཚུལ་ཁྲིམས། ཨ་མཆོག་ལོ་དགུའི་ལུགས་ཀྱི་སློབ་གཙོ་སངས་རྒྱས་ཚེ་རིང་། ཡ་རུ་རྒྱུད་ལྟེ་བའི་སློབ་གྲྭའི་སློབ་གཙོ་ཚེ་རིང་དོན་གྲུབ། སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་མི་རྒན་རྟ་མགྲིན་དང་མགོན་པོ་སྐྱབས། ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་བསམ་གཏན། སྟག་ཆུའི་ལང་ཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་སྙིང་དཀར། འབུམ་རམས་པའི་མཐར་ཕྱིན་འཐུས་ཚབ་མི་སྣ་རྟ་མགྲིན་ཚེ་རིང་། ཨ་མཆོག་ས་ཆའི་རུ་ཆེན་སོ་སོའི་རུ་གཙོ་སོགས་ཚོགས་ཐོག་ཏུ་ཞུགས་ཡོད། 
རེབ་འདིའི་ཚོགས་འདུ་ནི་ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭའི་སློབ་གཙོ་སངས་རྒྱས་ཚེ་རིང་གིས་མགོ་འཛིན་མཛད་ཅིང་། ཚོགས་འདུའི་བརྒྱུད་རིམ་ལ། དང་བོ། ཚོགས་ཞུགས་དབུ་ཁྲིད་ལྷན་རྒྱས་ངོ་སྤྲོད། གཉིས་པ། དབུ་ཁྲིད་རྣམས་ལ་ཁ་བཏགས་འབུལ་བ། གསུམ་པ་ གཟེངས་བསྟོད་བྱ་དགའ་སྦྱིན་པ། བཞི་བ། སློབ་མའི་འཐུས་ཚབ་པའི་གཏམ་བཤད། ལྔ་བ། རེབ་འདིར་ཞལ་འདེབས་གནང་མཁན་གྱི་མཚན་ཐོ་ཁྱབ་སྒྲོག དྲུག་པ། དབུ་ཁྲིད་ཀྱི་གཏམ་བཤད། བདུན་པ། མཇུག་སྡོམ་དང་མཉམ་པར་བསྒྲོན་པ་བཅས། 

  ཚོགས་ཐོག་ནས་ཨ་མཆོག་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཧྲུའུ་ཅི་སངས་རྒྱས་སྐྱབས་ལགས་ཀྱིས་གཏམ་བཤད་ལས་བསྟན་དོན། “སྔོན་ཆད་བྱ་དགའ་ཐོབ་མྱོང་བ་དང་ད་ལྟར་ཐོབ་བཞིན་པ། མ་འོངས་པར་བྱ་དགའ་འཐོབ་རྒྱུ་ཡིན་པ་མཐའ་དག་གིས་ས་གནས་སློབ་གསོ་ཡར་སྐུ་ཚོགས་པའི་རེ་བ་སྟོང་ཟད་དུ་མི་གཏོང་བར། མ་འོངས་པར་སོ་སོས་སློབ་ལ་ཧུར་བརྩོན་བྱས་ཏེ། རང་ལམ་རང་གིས་བཙལ་ཞིང་། རང་མགོ་རང་གིས་འཁྱོངས་པ། ཕ་ས་ཕ་ཡུལ་ལ་ཕན་ཐོགས་པའི་མི་ཞིག་ཏུ་ཆགས་རྒྱུ་རེ་བ་ཡིན།”ཞེས།  ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་བསྟན་པ་ལགས་ཀྱིས་ནན་གྱིས་བསྟན་དོན། “ངེད་ཅག་ཨ་མཆོག་ས་ཁུལ་ནས་འཚར་ལོངས་བྱུང་བའི་ལས་བྱེད་ལྷན་རྒྱས་གཙོས་ས་ཁུལ་གྱི་མི་སྣ་སུ་ཡིན་ཡང་དགེ་ལས་ལ་བརྩོན་ཞིང་དོན་བཟང་ལ་འབད་ཚེ་འབྲས་བུ་ལེགས་པ་རེ་འབྱུང་རྒྱུ་ཡོད་པ་སྟེ། དཔེར་ན། བསམ་གཏན་ལྟ་བུ་རེད། བྲག་དཀར་རྫོང་གི་ཚོང་ཁྲོམ་ཞིག་མེ་ཡི་ཞལ་དུ་བསྟིམས་ཚར་བ་ན། དེ་གར་ཡོད་པའི་བསམ་གཏན་གྱི་ཚོང་ཁང་ལ་མེ་སྐྱོན་ཅི་ཡང་བྱུང་མེད། དེ་ནི་ཁོང་གིས་སློབ་མ་རྣམས་ལ་བཏང་བའི་དགེ་རྩ་དེའི་འབྲས་བུ་རུ་འདོད་པས། ང་ཚོས་བསམ་གཏན་ལ་སློབ་སྦྱོང་བྱ་འོས”ཞེས།  མཇུག་བསྡུའི་སྐབས་སུ་སློབ་གཙོ་སངས་རྒྱས་ཚེ་རིང་ལགས་ཀྱིས་བསྟན་དོན། “ངས་འདི་ནས་ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཚོགས་པའི་བྱ་གཞག་འདིར་ཐུགས་སྨོན་ཆེ་གཏད་དང་བཀའ་དྲིན་ཆེ་བསྩོལ་མཛད་མཁན་གྱི་དབལ་མང་ཚང་སྤྲུལ་བའི་སྐུ་རིན་པོ་ཆེ་མཆོག་དང་། ཨ་མཆོག་ས་ཁུལ་གྱི་བུ་བུས་ཕྲུག་བུ་བརྒྱུད་ཕྱི་རབས་པའི་མདུན་ལམ་ལ་སེམས་ནས་ཚོགས་པ་འདི་གསར་འཛུགས་དང་འགོ་མཇུག་བར་གསུམ་གྱི་བྱ་བར་ནམ་ཡང་ཐུགས་ཁུར་ཆེ་བཞེས་དང་མ་རྩ་ཅི་འབྱོར་གཏོང་མཁན་གྱི་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ། དེ་མིན་དངོས་སམ་བརྒྱུད་ནས་ཚོགས་པའི་བྱ་གཞག་ཆེད་ལུས་ཀྱི་ཚེགས། སེམས་ཀྱི་ཤུགས། རྒྱུ་ཡི་གྲོན་བཅས་གཏོང་མཁན་བློ་མཐུན་རྟ་མགྲིན་སྐྱབས་གཙོ་བྱས་རྫོང་དང་ཤང་གི་ཏང་སྲིད་འགོ་ཁྲིད་དང་། རྒན་མགོན་པོ་སྐྱབས་གཙོ་བྱས་ཚོགས་པའི་མི་སྣ། དེ་མིན་དགོན་པའི་དོ་དམ་ཁང་དང་སྡེ་དམངས་སོ་སོའི་འགན་འཁུར་བ། རྒྱ་ཆེ་བའི་མང་ཚོགས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། དེང་གི་དུས་རབས་ནི་འགྲན་རྩོད་ཛ་དྲག་ཆེ་ཞིང་འཕེལ་རྒྱས་མགྱོགས་མྱུར་ལྡན་པའི་དུས་རབས་ཤིག་ཡིན་པས་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་ཕམ་ཁ་མི་ཉོ་བར་རྒྱལ་ཁ་ལེན་དགོས་ན་ངེས་པར་དུ་ཤེས་རིག་གི་ལམ་ཁ་སྙེགས་དགོས་པ་རེད། ངས་ཚོགས་པའི་ཚབ་བྱས་ནས་ཤེས་རིག་གི་ལམ་ཁ་སྙེག་མཁན་གྱི་སློབ་བུ་ཁྱེད་ཅག་གིས་དེ་རིང་རང་རང་ས་ནས་འདི་ལྟ་བུའི་གཡུར་ཟའི་འབྲས་བུ་བླངས་པར་སྙིང་ཁོངས་རུས་པའི་སྟེང་ནས་རྟེན་འབྲེལ་ཞུ་བ་ཡིན། 

  དེ་དང་ཆབས་གཅིག་ཞུ་འདོད་པ་ནི། གྲུབ་འབྲས་འདི་དག་ནི་ཁྱེད་ཚོའི་བྱ་གཞག་གི་འགོ་རྩོམ་ས་ཡིན་པ་ལས་ཁྱེད་ཚོའི་འགན་འཁུར་འགྲུབ་སོང་བ་མ་ཡིན་པས་ཁྱེད་རྣམ་པས་སློབ་ཆེན་དང་ཞིབ་འཇུག མཐའ་ན་འབུམ་རམས་བཅས་ཀྱི་གནས་སྐབས་དེ་སློབ་སྦྱོང་གི་གོ་སྐབས་ངོ་མ་ཞིག་དང་རང་ཉིད་ཀྱི་ནུས་པ་སྦྱོང་བརྡར་གྱི་གོ་སྐབས་ཡག་པོ་ཞིག་ཏུ་ངོས་ཟིན་པར་བྱས་ནས། མ་འོངས་བའི་ལམ་ཁར་ཡིད་ཚིམས་དང་ང་རྒྱལ། རེ་ཆད་དང་ཕྱིར་བསྣུར་མི་བྱེད་པར་སྔར་ལས་ལྷག་པའི་བརྩོན་པ་བྱ་དགོས་ཞེས་རེ་བསྐུལ་འདོན་པ་ལགས། དེ་མིན་ཁྱེད་རྣམ་པས་རང་ཉིད་འཇོན་ནུས་ཆེན་པོ་ཅན་ཞིག་བྱས་པའི་རྨང་གཞིའི་སྟེང་མི་གཞི་ལེགས་པོ་ཅན་དང་མི་བུ་ལྷག་བསམ་ཅན་ཞིག་བྱས་ཏེ་རང་གཞན་གཉིས་ཀྱི་དོན་རླབས་ཆེན་རེ་བསྒྲུབ་རྒྱུ་དང་། མ་འོངས་པར་འཇིག་རྟེན་གྱི་གྲུ་ཟུར་གང་རུང་སྙེགས་རུང་རང་ཉིད་ལ་ཕ་ཡུལ་ཞེས་ལྟེ་ཁྲག་འཕོ་སའི་ས་གཞི་སྨུག་པོ་ཞིག་ཡོད་པ་ནམ་ཡང་ཡིད་ལ་འཇོག་རོགས་ཞེས་གསལ་འདེབས་ཀྱང་ཞུ་བ་ལགས། མཇུག་མཐར་དེ་རིང་འདིར་ཕེབས་ཚང་མ་ལུས་བདེ་སེམས་སྐྱིད་དང་བྱ་བ་ལམ་འགྲོ། ཅི་བསམ་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ། ཚང་མ་བཀའ་དྲིན་ཆེ།”ཞེས་སོགས་ཁོང་ཅག་གིས་གཏམ་བཤད་ཡིད་འཁུལ་བ་གནང་། 
རེབ་འདིའི་རོགས་དངུལ་བྱ་དགའ་སྟེ་ཞིབ་འཇུག་སློབ་མ་བཅུ་བཞི་ལ་རོགས་དངུལ་བྱ་དགའ་སྒོར་ལྔ་སྟོང(5000¥)རེའི་གནང་བ་དང་། དངོས་གཞིར་རྒྱུགས་འཕྲོད་མཁན་སློབ་མ་བཞི་བཅུ་ལ་དམངས་སྒོར་ཆིག་སྟོང་ལྔ་བརྒྱ(1500¥)རེའི་རོགས་སྐྱོར་བྱ་དགའ་གནང་ཞིང་། ཨ་མཆོག་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་བརྒྱད་ལ་སྒོར་ཉིས་སྟོང(2000¥)རེ། ཁྱོན་བསྡོམས་པས་དམངས་སྒོར་ཁྲི་བཅུ་བཞི་དང་སྟོང་དྲུག(146000¥)བཅས་གནང་།  དམིགས་བསལ་ད་ལོར་གླུ་བ་ཨ་མཆོག་ཐོ་རེངས་ལ༢༠༢༣ལོའི་སྐབས་གསུམ་པའི་ཀྲུང་གོའི་བོད་ཀྱི་ནོར་གནག་བུམ་པའི་ཡུལ་གཞས་རྒྱུད་འཛིན་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་རིམ་ཁྲོད༼ ཆེས་ལེགས་ཡུལ་གཞས་བྱ་དགའ་ཐོབ་པར༽   སྐུལ་ལྕག་དང་གཟེངས་བསྟོད་དུ་སྤུས་ལེགས་གཟི་བརྗིད་བྱ་དགའི་དཔང་ཡིག་དང་། ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭའི་སློབ་ཆུང་མཐར་ཕྱིན་སློབ་མ་ཀླུ་མོ་ཚེ་རིང་ལ༢༠༢༣ལོའི་རྒྱལ་ཡོངས་གཟུགས་བརྙན་ཕོ་ཉའི་མཚན་སྙན་ཐོབ་པར་མ་ཟད།  རྒྱལ་ཡོངས་བྱིས་པའི་ཤོམ་འགྲོ་ལས་ཨང་དང་པོ་ཐོབ་པས་ཆེད་དུ་སྐུལ་ལྕག་དང་གཟེངས་བསྟོད་དུ་སྤུས་ལེགས་གཟི་བརྗིད་བྱ་དགའི་དཔང་ཡིག་བདག་རྐྱེན་དུ་ཕུལ། 

    དམིགས་བསལ་ད་ལོའི་བྱེད་སྒོའི་འདིའི་ཁྲོད་དུ་མི་སྣ་གལ་ཆེན་ཞིག་ལ་མཐོངས་ཆེན་པོས་དྲིན་གཟོའི་བྱ་དགའི་སྐྱེས་ཕུལ་ས་དེ་ནི་དགེ་རྒན་འཕགས་པ་ལགས་ཡིན། རྒན་འཕགས་པ་ལགས་ནི་ཨ་མཆོག་འབྲིང་བ་སྡེ་བའི་མི་ཡིན།  སྐུ་ན་ཆུང་དུས་ཕ་ཡུལ་གྱི་གཞུང་གི་ངལ་རྩོལ་གྱི་ལས་ཀར་ཞུགས་མྱོང་ལ། ངལ་རྩོལ་གྱི་གོ་རིམ་ཁྲོད་ནས་སློབ་སྦྱོང་རང་སྦྱོང་དང་། དགེ་རྒན་གྱི་བྱ་བར་ཟབ་སྦྱོང་དང་སློབ་གཉེར་ཟབ་སྦྱོང་སོགས་སུ་ཞུགས། 1980–2003 སློབ་གསོའི་བྱ་བར་ཞུགས།  1997-2023བར་སློབ་གསོ་ཡར་སྐུལ་ཚོགས་པའི་ལས་འགན་དང་དུ་བཞེས།  དེང་གི་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་ལགས་ལོ་རབས་དགུ་བཅུའི་ནང་ཨ་མཆོག་མི་དམངས་སྲིད་གཞུང་གི་ཡུལ་ཚོའི་འགོ་བར་བཞུགས་པ་དུས་དེ་ནས་བཟུང་ས་གནས་ཀྱི་སློབ་གསོའི་བྱ་བར་རོགས་དངུལ་བསླངས་ཏེ་སློབ་གསོ་ཐེབས་རྩ་ཚོགས་པའི་ལས་དོན་གྱི་དབུ་ཁྲིད་གཙོ་གཉེར་དུ་གནང་བ་དེ་ནས་བཟུང་ད་ལྟའི་བར་ཏེ་ལོ་ངོ་ཉེར་དྲུག་གི་རིང་ལ་ཚོགས་པ་འདིའི་རོགས་དངུལ་རྩིས་གཉེར་བའི་འགན་གཅིག་ལྕོགས་སུ་བཞེས།  ད་ལོ་དགུང་གྲངས་གྱ་གཉིས་སོན་པའི་ཁོང་རང་ལས་གནས་འདི་ནས་ངལ་གསོའི་གོ་སྐབས་གནང་བ་ལགས་སུ་བཀའ་དྲིན་གཏིང་རག་གི་སླད་དུ་སྤུས་ལེགས་མཐའ་རྒྱན་དང་བཅས་པའི་གཟི་བརྗིད་གོས་དར་གྱི་དཔང་རྟགས་ཕུལ་བ་ལ་བརྟེན་མ་འོངས་པ་ན་རྒན་ཁོང་གི་སྐུ་ཚེ་རིང་དུ་བསྲིངས་ཏེ་འབྱུང་ཁམས་བདེ་ལྡན་སྐྱིད་པའི་སྨོན་འདུན་ཞུས་པ་ལགས། 

མཇུག་མཐར་ཨ་མཆོག་ས་ཁུལ་གྱི་སློབ་གསོ་གོང་ནས་གོང་དུ་འཕེལ་བ་ལ་བརྟེན་སྲིད་འབྱོར་རིག་གསུམ་དབྱར་མཚོ་བཞིན་རྒྱས་པའི་སྨོན་ལམ་སྙིང་ནས་འདེབས། 

           ཞེས་རེབ་འདིའི་གསར་འགྱུར་འབྲི་མཁན་རྒྱ་འདུ་སངས་རྒྱས་ཀྱིས། 



  




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548024
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།