ལྷ་རིས་པ་གྲགས་ཅན་ཨ་མདོ་བྱམས་པ་མཚམས་སྦྱོར་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ལྷ་རིས་པ་གྲགས་ཅན་ཨ་མདོ་བྱམས་པ་མཚམས་སྦྱོར་མདོར་བསྡུས།
ལྷ་རིས་པ་གྲགས་ཅན་ཨ་མདོ་བྱམས་པ་མཚམས་སྦྱོར་མདོར་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-08-12ལྟ་ཀློག (513)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ལྷ་རིས་པ་གྲགས་ཅན་ཨ་མདོ་བྱམས་པ་མཚམས་སྦྱོར་མདོར་བསྡུས།

  ཨ་མདོ་བྱམས་པ་ནི་མདོ་སྨད་ལྷོ་ཕྱོགས་གཅན་ཚ་རྫོང་ཚོ་དྲུག་ཞང་རྨེ་རུ་སྡེ་བར་བོད་རབ་བྱུང་མེ་ཕོ་འབྲུག(སྤྱི་ལོ༡༩༡༦ལོ)ལོར་ཡབ་དམ་པ་མཁར་ལོ་དང་ཡུམ་མཛངས་མ་སྲིང་ཞེ་གཉིས་ཀྱི་རྒྱུད་དུ་སྐྱེས།   ཁོང་གི་སྐུ་མཆེད་ཨ་ཁུ་དམ་ཆོས་ཚང་གིས་གསུངས་པ་ལྟར་ན།   ཨ་མདོ་བྱམས་པ་ཁོང་ལ་སྤུན་བཞི་དང་སྲིང་མོ་གཉིས་ཡོད་པ་ལས་ཁོང་ནི་བུ་ཆེ་མགོ་ཡིན་ལ།   ཡབ་ཡུམ་གཉིས་ཀྱིས་ཁོང་གི་སྐྱེས་མིང་ལ་བཀྲ་ཤིས་དོན་གྲུབ་ཅེས་བཏགས་མོད།  ཁོང་དགུང་ལོ་བདུན་ལ་སོན་སྐབས་མོག་ཀྱཱའི་མཁན་ཆེན་གྱི་གདན་ས་ངང་རོང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་གི་དགེ་སློང་གསུང་རབ་ཀྱི་སྐུ་མདུན་ནས་རབ་ཏུ་བྱུང་བ་དང་མཚན་ལ་བྱམས་པ་རྒྱ་མཚོ་ཞེས་བཏགས་པས།   མི་རྣམས་ཀྱིས་བྱམས་པ་ཞེས་བཙུན་པའི་མིང་གིས་འབོད་སྲོལ་བྱུང་།   ཕྱིས་སུ་དབུས་གཙང་ཆོས་ཀྱི་ཡུལ་ནས་ཁོང་ལ་མཚན་སྙན་ཤིན་ཏུ་རྒྱས་པར་གྱུར་པས་ཨ་མདོ་བྱམས་པ་ཞེས་ག་ས་ཀུན་ཏུ་གྲགས་སོ།།

ཁོང་ལ་ལྷན་སྐྱེས་ཀྱི་རིག་པ་ཧ་ཅང་རྣོན་པོ་ཞིག་མངའ་བའི་ཁར་རང་གི་ཁུ་བོ་དགེ་སློབ་གསུང་རབ་ཀྱིས་ནམ་རྒྱུན་དུ་ནན་ནན་བཅག་བཅག་བྱས་པར་བརྟེན། དགུང་ལོ་བཅུ་གསུམ་སྟེང་ངང་རོང་དགོན་པའི་བཅའ་ག་ཕྱག་ལེན་དང་འདོན་ཆའི་ཕྱོགས་ལ་ཡོངས་སུ་བྱང་བར་གྱུར།  ཡིན་ནའང་ཁོང་གི་དགའ་ཕྱོགས་དེ་རང་གི་སྔོན་བསགས་ཀྱི་ལས་འབྲེལ་དང་བག་ཆགས་ཀྱིས་རི་མོའི་ལས་འཁོར་མགོ་བརྩམས།  ཁོང་ལ་མཚོན་ན་ནམ་རྒྱུན་ཁོམ་ལོང་རེ་བྱུང་ཚེ་ཤིང་ལེབ་དང་།  སམ་ཊ།  རྡོ་ལེབ།  གྱང་ངོས།  ས་རྡུལ།   བན་ངོས།  ཁ་བ།   ཤིང་ཤུན་སོགས་སུ་གང་འདོད་ཅི་ནུས་སྒོས་ལྷའམ་མི་དང་གཅན་གཟན།  རི་དྭགས།  འདབ་ཆགས་ཏེ་བྱ་བྱེའུ་འབའ་འབུ་བཅས་ཀྱི་རི་མོ་སྣ་ཚོགས་ཚོད་འབྲི་བྱས་པར་མ་ཟད།   ད་དུང་ས་དམར་དང་གཏོར་རྩམ་བརྫིས་ཏེ་བྱ་དང་རི་དྭགས། གཅན་གཟན། རྟ་ནོར་ལུག་གསུམ་བཅས་ཀྱིས་མཚན་པའི་གཟུགས་དབྱིབས་འདྲ་མིན་སྣ་ཚོགས་ལས་པར་ཕྱིས་སུ་ཁོ་རང་ལག་བདེ་ཞིག་ཏུ་གྱུར།

    སངས་རྒྱས་ཀྱི་བསྟན་སྒོར་ཞུགས་པའི་དགེ་འདུན་རྣམས་ཀྱི་ཕྱག་ལས་ནི་དགོན་པའི་ཕྱག་སྲོལ་ལྟར་ཆོས་སྒྲུབ་རྒྱུ་དེ་རེད།  ལྷག་པར་ཨ་མདོ་བྱམས་པ་ལགས་སྐུ་ན་ཕྲ་དུས་བཞུགས་པའི་ངང་རོང་དགོན་པ་ནི་དེ་ལྟ་ཡིན་སྟབས།   ལུས་ངག་ཡིད་གསུམ་མཐའ་གཅིག་ཏུ་རི་མོའི་ལས་ཁོ་ནར་ཕྱོགས་པའི་ཨ་མདོ་བྱམས་པ་ལས་སྣ་དང་དགེ་འདུན་པ་རྒན་པ་རྣམས་གཙོས་རང་གི་ཁུ་བོ་དགེ་སློང་གསུང་རབ་བཅས་ཀྱི་བཀའ་བཀྱོན་ཡུལ་དུ་གྱུར།   སྐབས་དེ་དང་བསྟུན་ནས་ཨ་མདོ་བྱམས་པ་ཁོང་རྗེས་སུ་ཞྭ་དམར་པཎྜི་ཏའི་གདན་ས་ལྡེའུ་ཚ་དགོན་བཀྲ་ཤིས་འཁྱིལ།   ཞབས་དྲུང་དཀར་པོ་དང་ལཱ་མོ་གསེར་ཁྲི་རིན་པོ་ཆེ་རྣམ་གཉིས་ཁྱི་གདན་ས་ལཱ་མོ་བདེ་ཆེན་དགོན་སོགས་འགྲིམས་ཏེ་མཚན་ཉིད་ལ་འཇུག་པའི་མགོ་ཙམ་བསླངས་མོད། འོན་ཀྱང་ངང་རོང་རིན་པོ་ཆེ་དང་དགོན་པའི་ལས་སྣ།  ཁུ་བོ་གསུང་རབ་རྣམས་ཀྱི་གནང་བ་མ་འཁྲོལ་སྟབས་ཕྱིར་རང་དགོན་དུ་མི་ལོག་ཀ་མེད་བྱུང་།

 

    ཁོང་ཉིད་དགུང་ལོ༡༧སྟེང་ངང་རོང་དགོན་པ་ལས་བུད་དེ་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཚོགས་སུ་ཞུགས་ཏེ་ཆེད་དུ་མཚན་ཉིད་ལ་སྦྱངས་བའི་བསྐལ་བ་དངོས་སུ་ཐོབ།   སྐབས་དེར་གྲྭ་བ་གྲྭ་རྐྱང་དག་གི་འཚོ་བའི་ཕྱོགས་ལ་དཀའ་ཁག་ཤིན་ཏུ་ཆེ་ནའང་།   ཁོང་གིས་རིག་པའི་གནས་ལ་སྦྱངས་པ་ལྷོད་མེད་བྱས་པས་བྱང་ཁ་བྱམས་པ་ཞེས་སྙན་གྲགས་ཆུང་ཆུང་ཞིག་བླ་བྲང་གཞུང་དུ་ཁྱབ་མགོ་བརྩམས།

འཇིག་རྟེན་འདི་ན་རྐྱེན་ཕྲ་མོ་ལས་བག་ཆགས་བཟང་པོ་སད་ཅེས་པའི་ལེགས་བཤད་ཅིག་ཡོད་པ་ནི་ཅི་འདྲའི་མ་ནོར་བ་ཞིག་རེད་ཨང་། ཉིན་ཞིག་ཨ་མདོ་བྱམས་པ་ཁོང་རང་གི་ངོ་ཤེས་གྲྭ་བ་ཞིག་གི་ཤག་ཏུ་སོང་པ་ན།  པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མའི་སྐྱ་པར་གཤགས་འཕྲོ་ལ་མཇལ་སྐལ་ཐོབ་པས།   ཁོང་གི་སེམས་ཀྱི་མཚོ་མོ་དེ་རེ་ཞིག་ཕྱིར་དྲན་རླབས་རྒྱུན་གྱིས་ཡང་ཡང་སྐྱོམ་སྟེ་འཇགས་ཐབས་མེད་པར་གྱུར།   འདི་ནི་ཁོང་གིས་འཇིག་རྟེན་འདི་ནས་མཐོང་བའི་ཆེས་ཐོག་མའི་པར་ཡིན་ལ།  ཁོང་གི་སེམས་ལ་པར་ཟེར་བ་འདི་གཟུགས་ཅན་གྱི་རྣམ་པ་ཤོག་ངོས་སུ་ཇི་བཞིན་དུ་བབས་པ་ཞིག་རེད་ཨང་སྙམ་བྱུང་།   དེ་ནས་ཁོང་གིས་སྐྱ་པར་དེ་ལ་ཞིབ་འཇུག་ཡང་ཡང་བྱས་ཏེ་དཀར་ནག་ཆ་གཉིས་ཀྱིས་གྲུབ་པའི་ཆོས་ཉིད་ཅིག་གསར་དུ་རྙེད་དེ་ལད་འབྲི་བྱས་པ་ན།   ཐེངས་གསུམ་བྲིས་པའི་རི་མོ་དེ་མ་གདན་གྱི་སྐྱ་པར་དང་ཧ་ལམ་འདྲ་བོ་ཞིག་བྱུང་།    རི་མོ་དེ་ནི་ཕལ་ཆེར་བོད་མིས་གཟུགས་ཅན་ཇི་བཞིན་བྲིས་པའི་རི་མོ་ཐོག་མ་ཡིན་རྒྱུ་རེད།

དེ་ནས་བཟུང་ཁོང་གིས་མུ་མཐུད་དུ་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཚང་།    ཨ་ལགས་བླ་ཁོ་རིན་པོ་ཆེ་སོགས་བྲིས་པས་ཁོང་ལ་ཕྱག་བདེ་མོ་ཞིག་ཡོད་པའི་སྙན་གྲགས་བླ་བྲང་གཞུང་ལ་ཁྱབ།   ཀུན་མཁྱེན་ཚང་གིས་ཁོང་གི་ལག་བདེ་བ་མཁྱེན་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་བའི་མཆོད་དཔོན་ཆེན་མོའི་གོ་གནས་གནང་བར།    དེ་ནི་ཁོང་གི་མི་ཚེའི་རིན་ཐང་གི་ཕུགས་བསམ་དང་ཐ་དད་ཡིན་པས་དེ་མ་ཐག་ཏུ་གནང་བ་ཞུས་ཏེ་དབུས་གཙང་དག་པའི་ཞིང་དུ་ཆས་སོ།།

ཁོང་དགུང་ལོ༢༥སོན་པའི་སྟོན་ཟླ་དགུ་པའི་སྔོན་དུ་སྟོད་ཉི་མ་ལྷ་སར་འབྱོར།  དེ་ནས་མཇལ་བསྐོར་ཐེངས་ཤིག་བྱས་རྗེས་འབྲས་སྤུངས་དགོན་པི་ཚོགས་གྲལ་དུ་ཞུགས།

ཉིན་ཞིག་ཕ་ཡུལ་རེབ་གོང་ནས་ཡིན་པའི་ལྷ་བཟོ་ཞིག་བརྒྱུད་དེ་དེའི་སྐབས་སུ་སྐད་གྲགས་ཆེ་བའི་རྒྱལ་མོ་རོང་གི་ལྷ་རིས་པ་ཞིག་ངོ་ཤེས་པར་གྱུར།    ཁོང་གིས་ལྷ་རིས་པ་དེར་མཇལ་རྟེན་གྱི་ཚུལ་དུ་པཎ་ཆེན་ཆོས་ཀྱི་ཉི་མའི་སྐུ་པར་བྲིས་ཡོད་པ་ཕུལ་བས།   ལྷ་རིས་པ་དེ་ཉིད་ཨ་མདོ་བྱམས་པའི་ལག་རྩལ་ལ་ཧ་ལས་པ་བྱུང་།   ཉིན་འགའི་རྗེས་སུ་ལྷ་རིས་པ་ཁོང་བརྒྱུད་དེ་རྩིས་དྲུང་གྲགས་པར་ལེགས་སྐྱེས་ལ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་་།   བེ་རི་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ་བཅས་རྣམ་པ་གསུམ་པོའི་སྐུ་པར་རེ་བྲིས་ཏེ་ཕུལ་བར་དངུལ་སྒོར་བརྒྱ་དང་སོ་ལྔ་རེག་བྱུང་།   དེ་ནི་ཨ་མདོ་བྱམས་པ་ཁོང་ལ་ཆ་མཚོན་ན་དངུལ་སྒོར་འབོར་ཆེན་རེག་པའི་ཐོག་མ་ཡིན་པར་གྲགས།

ཨ་མདོ་བྱམས་པ་ཁོང་དགུང་ལོ་སུམ་ཅུའི་རྗེས་སུ་མི་ལོ་ཉི་ཤུ་ལྷག་གི་རིང་གྲྭ་བཙུན་གྱི་འཚོ་བ་རོལ་བ་ལས་རིང་དུ་བརྒལ་ནས་རི་མོའི་ལས་ལ་རྣམ་པ་རྩེ་གཅིག་ཏུ་གཞོལ་བར་མ་ཟད་ད་དུང་འཇིག་རྟེན་ཐུན་མོང་གི་འཚོ་བ་རོལ་བའི་མགོ་ཡང་བརྩམས་སོ།  སྔ་རྗེས་སུ་ཆུང་མ་གཉིས་ལ་གཉེན་བསྒྲིགས་པ་དང་བུ་ཕྲུག་ཆེ་ཆུང་བདུན་ཙམ་སྐྱེས།    སྐབས་དེར།  བོད་གངས་ཅན་གྱི་མཁས་པའི་དབང་བོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་དང་ཐོག་མར་གྲོགས་པོའི་འབྲེལ་བ་བྱུང་ཞིང་ལྷན་འགྲོགས་ལྷན་བཞེས་ཀྱི་བསྐལ་བ་ཐོབ་པས།   ཕན་ཚུན་གྱི་བར་ལ་ཆོས་དང་རིག་གནས།  ལྷག་པར་དུ་རི་མོའི་ཕྱོགས་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།

སྤྱི་ལོ༡༩༥༤ལོར།   རྒྱ་བོད་ཟུང་འབྲེལ་ལས་ཁུངས་ཀྱིས་ཨ་མདོ་བྱམས་པར་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གི་པར་ཞིག་འབྲི་རུ་བཅུག་པ་དེ་ནི་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོར་ཞུགས་སྐབས་ཀྱི་ལེགས་སྐྱེས་གཙོ་བོའི་གྲས་ཡིན་ལ།    སྐབས་དེར་ཁོང་ཡང་རྒྱལ་བ་པཎ་ཆེན་རྣམ་གཉིས་དང་མཉམ་དུ་རྒྱལ་ས་པེ་ཅིན་དུ་འགྲོ་བའི་བསྐལ་བཟང་རྙེད་དེ་ལམ་བར་གྱི་རི་ཆུ་དང་མཐོང་ཐོས་ཡོད་དོ་ཅོག་རི་མོའི་ལམ་དུ་བཀོད།    རྒྱལ་ས་པེ་ཅིན་དུ་སྡོད་པའི་རིང་ལ་ཕྱི་རོལ་དུ་འཆམ་འཆམ་འགྲོ་བའི་དུས་ཚོད་བེད་སྤྱད་དེ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དུ་ཞུགས་ཏེ།     རྒྱ་ནག་དང་ཕྱི་གླིང་བའི་རི་མོ་དང་ཚོན་སྡེབ་སྟངས་ཟབ་སྦྱོང་བྱས་པར་གྲགས། ཁོང་གིས་བཤད་པ་ལྟར་ན་བུད་མེད་མཛེས་མ་སྒྲེན་མོ་མཐོང་བ་ལས་རྒྱ་སྐད་དེ་འདྲ་མི་ཤེས་པས་རི་མོའི་བག་ཆགས་དེ་ཙམ་འཇོག་མ་ཐུབ་ལ།  རི་མོའི་དགེ་རྒན་ཡང་བསྟེན་མ་མྱོང་།   ཡིན་ན་ཡང་ཕྱིས་སུ་རང་གི་བུ་ཕྲུག་གཅེར་བུ་ལ་དཔེ་བལྟས་ཏེ་རི་མོ་འབྲི་བའི་གོམས་སྲོལ་ཞིག་ལོབས་སོང་ཟེར་སྐད།

 ཕྱིར་ལོག་རྗེས།    སྤྱི་ལོ༡༩༥༦ལོའི་དཔྱིད་ཀར།   རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་ནོར་བུ་གླིང་གར་རྒྱན་དྲུག་མཆོག་གཉིས་གཙོས་རྒྱལ་བ་རིན་པོ་ཆེ་དང་བོད་ཀྱི་སྐུ་དྲག     ལས་སྣ།   གནས་ཆུང་།  ལྷ་མོ།   བོད་ཀྱི་ལོ་རྒྱུས་རིམ་འགྱུར་གྱི་ཐང་ག་སོགས་བྲིས།     ད་ལྟའི་གློག་བརྙན《 བོད་ཀྱི་དུས་འགྱུར》ཞེས་པའི་ནང་གི་འཁྲབ་སྟོན་པའི་མི་སྣ་གཙོ་བོ་རྣམས་ཨ་མདོ་བྱམས་པ་ཁོང་གིས་ཕྱག་བྲིས་གནང་བའི་རི་མོ་དག་གཞིར་བཟུང་སྟེ་ལེགས་པའི་ཆ་རྣམས་ཉེ་བར་བླངས།   རྒྱན་དྲུག་མཆོག་གཉིས་བཞེངས་སྐབས་གཙོ་སྐུ་སྟོན་པའི་དབུའི་འོད་འདུ་བཞེངས་པའི་ཆེད་དུ་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་ཕུད་དེ་དབུའི་གཙུག་ཏོར་གྱི་བཞེངས་ཚུལ་ལ་དངོས་སུ་ཞིབ་འཇུག་བྱེད་པའི་བསོད་ནམས་ལྡན་པར་གྱུར།  དེའི་རྗེས་སུ《 བོད་རྒྱ་ཚིག་མཛོད་ཆེན་མོ》ཞེས་པའི་དཔེ་དེབ་གཙོ་སྒྲིག་པ་ཉན་ཤུལ་མཁྱེན་རབ་འོད་གསལ་གཙོས་རྩོམ་སྒྲིག་པ་རྣམས་ཀྱིས་གདན་ཞུས་ལྟར་ཕེབས་ཏེ་བོད་ཀྱི་རྒྱུན་མཐོང་རི་མོ་དང་ལྷ་ཆ་མཆོད་ཆ། སྲོལ་རྒྱུན་རྒྱན་གོས།   ཐོན་སྐྱེད་ཡོ་བྱད།   འཚོ་བའི་ཉེར་ཆས་བཅས་རི་མོ་བརྒྱ་ཕྲག་ཙམ་བྲིས་ནས《 བོད་རྒྱ་ཚིག་མཛོད་ཆེན་མོ》ཞེས་པའི་དཔེ་དེབ་ཀྱི་མཇུག་ཏུ་དཔེ་དེབ་དེར་གཟི་བྱིན་བསྣན།

ཨ་མདོ་བྱམས་པ་ཁོང་སྤྱི་ལོ༡༩༨༣ལོར།    རྒྱ་གར་འཕགས་པའི་ཡུལ་དུ་གནས་མཇལ་བྱེད་ཞོར་དུ་སངས་རྒྱས་ཆོས་ལུགས་ཀྱི་རྟེན་དང་བརྟེན་པའི་རི་མོ་སྣ་ཚོགས་ལ་ཞིབ་མཇལ་བྱེད་པའི་སྐལ་བཟང་ཐོབ། ཁོང་དགུང་ལོ་མཐོན་པོར་སོན་ནའང་།   དཀའ་ངལ་ལ་མི་འཛེམ་པར་ཐེངས་དུ་མར་ཕ་ཡུལ་དུ་ཞབས་ཀྱིས་བཅགས་ཏེ་རང་དགོན་ངང་རོང་དུ་ངང་རོང་སྐུ་ཕྲེང་ལྔ་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་སྐུ་པར་གསུམ་དང་།    རྒྱན་དྲུག་མཆོག་གཉིས་ཀྱི་ཐང་ག་ཆེན་མོ་གཅིག    སྒྲོལ་མ་དཀར་མོའི་ཐང་ག་གཉིས།   ཐུགས་རྗེ་ཆེན་པོའི་གྱན་ཐང་གཅིག   ཀོའུ་བ་དགོན་དུ་སྐུ་ཞོགས་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་སྐུ་པར་གཅིག  ལྷ་རི་དགོན་དུ་སྐུ་ཞོགས་ལྷ་རི་སྐུ་ཕྲེང་བཞི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་རྡོ་རྗེ་འཆང་གི་སྐུ་པར་གཅིག   དོ་རྒྱ་ལྷ་བསྟེན་སྡེ་བའི་མ་ཎི་ཁང་དུ་སྤྱན་རས་གཟིགས་ཀྱི་ཞིང་བཀོད་གྱན་ཐང་།   ལྡེའུ་ཚ་དགོན་དུ་ཨ་ལགས་བླ་ཁོ་རིན་པོ་ཆེའི་སྐུ་པར་གཅིག    སྐུ་འབུམ་དགོན་དུ་རྒྱན་དྲུག་མཆོག་གཉིས་ཀྱི་ཐང་ག་མི་འདྲ་བ་གཅིག  མགུར་དགོན་པ་ནས་ཞབས་དྲུང་དཀར་པོའི་སྐུ་པར་གཅིག་བཅས་ཀྱིས་མཚོན་སྐུ་པར་དང་ཐང་ག་མང་པོ་འགྲོ་བའི་རྟེན་སྐལ་དུ་བཞེངས།  

ཁོང་གིས་སྐུ་ཚེ་གང་བོར་རི་མོ་དང་ལྷ་རིས་སྒྱུ་རྩལ་ཐད་བྱས་རྗེས་འཛད་མཐའ་མེད་པ་ཞིག་བཞག་པ་དང་ལྷ་རྟེན་གྲངས་ལས་འདས་པ་བཞེངས་པ་ལས།   སློབ་དཔོན་བེེ་རོ་ཙ་ན་ཡིས་མཚོན་པའི་རི་མོ་མི་ཉུང་བ་ཞིག་ལ་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ།   འཁོར་ལྔ་སྡེ་དང་རུས་རྒྱན་མནབས་པའི་པཎ་ཆེན་རིན་པོ་ཆེ།     རྒྱན་དྲུག་མཆོག་གཉིས།   ཆོས་རྒྱལ་མེས་དབོན་རྣམ་གསུམ།   སྲོང་བཙན་སྒམ་པོའི་མཛད་རྣམ་རྒྱས་པ།   བོད་ཀྱི་ལོ་རྒྱུས་རྒྱས་པ།   འཕགས་པ་འཇིག་རྟེན་དབང་ཕྱུག ཁམས་གསུམ་ཟིལ་གནོན།    སྟག་སེང་ཁ་སྤྲོད་ཀྱིས་མཚོན་པའི་རི་མོ་མང་པོ་ཞིག་རྒྱལ་ཁབ་ཕྱི་ནསསང་དུ་སྙན་པའི་གྲགས་པ་འབར་བའི་རིག་རྫས་རྩ་ཆེན་ཡིན་ལ།    རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གི་སྐུ་པར་དེ་ཀྲུང་གོའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།

ཁོང་དགུང་ལོར་མཐོན་པོར་སོན་སྐབས《 རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིག་པའི་དགོངས་རྒྱན》ཞེས་པའི་གསུང་རྩོམ་སྤེལ་ཏེ།   བསམ་བློ་ཞིབ་མོས་ཁོང་གི་མི་ཚེ་གང་བོར་བྲིས་པའི་རི་མོ་དང་ལྷ་རིས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་སྤྱི་བསྡོམས་བྱས་པར་མ་ཟད།   ད་དུང་སྤོབས་པ་ཆེན་པོས་བོད་ཀྱི་ལྷ་རིས་སྒྱུ་རྩལ་དེ་ཐིག་རྩའི་བཀག་རྒྱ་ལས་བརྒལ་དགོས་པའི་གནས་ལུགས་དང་དེང་ཕྱིན་བགྲོད་ལམ་གྱི་ཁ་ཕྱོགས་གསལ་བོ་ལག་ལེན་གྱི་ཐོག་ནས་ར་སྤྲོད་གནང་ཡོད་པས།   ཁོང་ནི་བོད་ཀྱི་རི་མོ་བ་ཆེས་ཐོག་མ་དང་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཐིག་རྩའི་བཀག་རྒྱ་བརྒལ་བའི་གསར་གཏོད་པ་ཞིག་ཡིན་པར་མ་ཟད།   ད་དུང་རི་མོ་དང་ལྷ་རིས་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོ་ཞེས་སྙན་གྲགས་ཀྱི་བ་དན་སྲིད་རྩེར་གཡོ་བ་ཞིག་ཀྱང་ཡིན་ནོ།།

སློབ་དཔོན་ཆེན་མོ་འདི་ཉིད་བོད་རབ་བྱུང་བཅུ་བདུན་ཆུ་ཕོ་རྟའི(སྤྱི་ལོ༢༠༠༢ལོ)ལོའི་དཔྱིད་ཟླ་ར་བར་དབུས་གཙང་དག་པའི་ཞིང་དུ་ཞི་བར་གཤེགས།

ད་ལྟ་ཁོང་གི་སློབ་མ་བརྒྱ་ཕྲག་མང་པོ་མདོ་དབུས་གཙང་གསུམ་དང་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཡོད་ལ།    དེ་དག་གི་ཁྲོད་དུ་ལྷ་རིས་པ་སྟོབས་རྒྱས་དང་།  འཕྲིན་ལས་ཆོས་འཕེལ།  རིག་འཛིན་དཔལ་འབྱོར།  ཀུན་བཟང་རྣམ་རྒྱལ་སོགས་རི་མོ་དང་ལྷ་རིས་པ་གྲགས་ཅན་མི་ཉུང་བ་བྱུང་སྟེ་གངས་ཅན་བོད་ཀྱི་རི་མོ་དང་ལྷ་རིས་སྒྱུ་རྩལ་ཐད་བྱས་རྗེས་བཞག་དང་འཇོག་བཞིན་ཡོད་དོ།།

 མདོ་སྨད་ལྷོ་ཕྱོགས་རྨ་འགྲམ་བཙན་རྫོང་གཅན་ཚ་ཡུལ་གྲུའི་སྔོན་བྱུང་སྲིད་པའི་སྙིང་གཏམ》ཞེས་པའི་དཔེ་དེབ་ལས་བཤུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573147
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།