༄༅།། ཉིན་ཁ་ཤས་ཀྱི་སྔོན་དུ་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »༄༅།། ཉིན་ཁ་ཤས་ཀྱི་སྔོན་དུ་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན།
༄༅།། ཉིན་ཁ་ཤས་ཀྱི་སྔོན་དུ་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-07-19ལྟ་ཀློག (1582)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ཉིན་ཁ་ཤས་ཀྱི་སྔོན་དུ་ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན།

                བཛྲ་ཚུལ་ཁྲིམས་རྒྱ་མཚོ། 

    ༼གསལ་བཤད། ཉིན་ཁ་ཤས་ཀྱི་སྔོན་དུ་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་དྲུག་པའི་མཐར་ཕྱིན་དགོང་ཚོགས་ཚོགས་པ་ཡིན། དེའི་སྟེང་དུ་ཁོ་ཚོའི་རེ་བ་ལྟར་ངས་སྐད་ཆ་འགའ་བཤད་པ་ཡིན། བརྗོད་བྱའི་དོན་གྱི་ཆ་ནས་ནང་དོན་གསར་བ་སྔོན་རང་དང་གཞན་སུས་ཀྱང་མ་བཤད་པ་ངོ་མཚར་བ་གང་ཡང་མེད། རྗོད་བྱེད་ཚིག་གི་ཆ་ནས་ཀྱང་སྡེབ་སྦྱོར་ལེགས་ལ་སྔ་ཕྱིའི་གོ་རིམ་ཡོད་ཅིང་སུས་ཉན་ནའང་ཡིད་དབང་མེད་དུ་འཕྲོག་འགྲོ་བ་དེ་འདྲ་ཡང་གཏན་ནས་མེད་པར་མ་ཟད། དེ་འདྲའི་ཆེད་དུ་འབད་པ་ཆུང་ངུ་ཙམ་ཡང་མ་བྱས། དེའི་ཕྱིར་ངས་འདིར་བཤད་པ་ནི་མཁས་པ་རྣམས་ཀྱིས་གསན་རིན་ཡོད་པའི་ལེགས་བཤད་ནི་མིན་མོད། འོན་ཀྱང་རང་གི་སློབ་མ་རྣམས་ལ་སྙིང་ནས་ཤ་ཚ་བའི་སྙིང་གཏམ་ལ་བཅོས་མའི་དྲི་མ་གང་ཡང་མ་ཞུགས་པར་ཁོག་ལ་གང་ཤར་ཁ་ནས་ཐོལ་བྱུང་དུ་བཤད་པ་ཡིན་པས། ང་ལ་དད་གུས་ཡོད་ཟེར་མཁན་གྱི་སློབ་མ་ཚོར་ཅུང་ཟད་ཕན་པ་རེའང་སྲིད་སྙམ་མོ།།

    དགོང་ཚོགས་དེར་དངོས་སུ་སླེབས་ཟིན་པའི་སློབ་མ་ནི་ཉུང་ཡང་ངས་སྙིང་གཏམ་དེ་དག་བཤད་ན་འདོད་སའི་སློབ་མ་ནི་ཅུང་མང་ངོ་།། ཡིན་ནའང་ང་རང་གིས་སྒྲ་དང་སྙན་གང་ཡང་མ་བླངས་པས་གཞན་ལ་འཕྲོད་ཐབས་མི་འདུག དེ་རིང་ཅུང་ཟད་ཁོམ་ལོང་ཡོད་པས་ཕྱིར་འདང་ཞིག་བརྒྱབ་པ་ན། ངས་དེའི་སྐབས་སུ་གང་བཤད་ཕལ་ཆེར་བརྗེད་མི་འདུག འོན་ཀྱང་ཉིན་འགའ་འགོར་ན་བརྗེད་དུ་དོགས་ནས་དེ་རིང་རང་གིས་བཤད་པ་དེ་རྣམས་ཀྱི་ནང་ནས་རགས་རིམ་ཙམ་ཞིག་རང་གིས་ཡི་གེར་བཀོད་ནས་ངའི་སྐད་ཆ་ལ་ཉན་འདོད་ཡོད་པའི་སློབ་མ་དང་གྲོགས་པོ་རྣམས་ཀྱི་སྤྱན་ལམ་དུ་སྤེལ་བར་བྱའོ།།

    དེ་ཡང་ཉིན་ཁ་ཤས་འགོར་ཟིན་པ་དང་།  ངག་ཐོག་དང་ཡིག་ཐོག་གི་ཁྱད་པར་ལས་ནང་དོན་དང་བཤད་སྟངས་ལ་འཕྲི་སྣོན་ཅུང་ཟད་རེ་ཡོད་ཀྱང་ཕལ་ཆེར་གཤམ་དུ་འགོད་འགྱུར་འདི་འདྲ་ཞིག་ཡིན་ཚོད་ཡིན།༽


༼༡༽ 

    སྔོན་ཆད་ཀྱི་སློབ་མ་ཚོ་ཡིན་ན་དགོང་ཚོགས་ཀྱི་སྐབས་འདིར་མི་ངུ་མཁན་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཡིན་པར་མ་ཟད། ཕལ་ཆེར་ཤུགས་ཀྱིས་ངུ་བཞིན་ཡོད་པ་ཏག་ཏག་ཡིན་ཐལ། ངེས་པར་དེ་འདྲ་བྱེད་དགོས་པ་ཞིག་མ་རེད་མོད།  འོན་ཀྱང་རྣམ་པ་དེས་དགེ་སློབ་བར་གྱི་དད་དམ་དང་། སློབ་གྲོགས་ཕན་ཚུན་བར་གྱི་དུང་ཞེན་དང་། སློབ་གྲྭ་འདི་ལ་དུང་ཞེན་ཧ་ཅང་ཟབ་མོ་ཞིག་ཡོད་པ་མཚོན་ནུས་པ་ཡིན་ལ། སེམས་ནས་ངུ་རྒྱུ་ཡོང་ན་བསྲན་ཐུབ་པ་དང་འགོག་ཐུབ་པ་ཞིག་མ་རེད། འོན་ཀྱང་རིམ་གྱིས་རིམ་གྱིས་མཐར་ཕྱིན་སྐབས་ངུ་མཁན་གྱི་སློབ་མ་ཡང་ཇེ་ཉུང་དང་ཇེ་ཉུང་རེད། དེ་ཡང་མི་འགྲིག་རྒྱུ་ཅི་ཡང་མེད་ཀི་བསམ་གི སེམས་ནས་ངུ་རྒྱུ་མི་ཡོང་ན་བཅོས་མ་དང་གཡོ་སྒྱུས་བསླད་པའི་ཕྱིའི་རྣམ་འགྱུར་ཞིག་ལ་དོན་སྙིང་དང་རིན་ཐང་ཡང་ཆེན་པོ་མེད་སྙམ། 

         ༼༢༽

    ད་ངུས་ཀྱང་རུང་མ་ངུས་ཀྱང་རུང་། མཐར་ཕྱིན་རིམ་བྱུང་གི་སློབ་མ་སེར་མོ་བ་ཚོའི་ནང་ན་ཕྱིར་སོང་ནས་ངས་ཁ་བཏོན་དགེ་སྦྱོར་འདི་དང་འདི་འདྲ་བྱེད་རྒྱུ་ཡིན། ཐོས་བསམ་སྒོམ་གསུམ་འདི་དང་འདི་འདྲ་བྱེད་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅའ་བྱེད་མཁན་དང་། སློབ་མ་ཁྱིམ་པ་བ་ཚོའི་ནང་ན་མཐར་ཕྱིན་ཁར་དགེ་རྒན་རྣམ་པའི་མདུན་ནས་ཚེ་གང་བོར་དུད་ཆང་ཤོ་གསུམ་གཅོད་མཁན་དང་། དུད་ཆང་གཉིས་ཙམ་ཚེ་གཅོད་བྱེད་མཁན་དང་། ཡང་ན་དུ་བ་དང་ཆང་གང་རུང་ཚེ་གཅོད་བྱེད་མཁན་དང་། ལོ་འགའ་རེ་ལ་ཚོད་ལྟའི་ཚུལ་དུ་གཅོད་མཁན་ཧ་ཅང་མང་གི། ངས་དེ་ཚོ་ངོ་མས་ཡག་པོ་རེད་བསམ་གི་ཡོད། རང་རང་གི་སེམས་གཏིང་ནས་དེ་འདྲ་བྱེད་བསམ་པ་རེད་མ་གཏོགས། དེ་ལ་བཙན་དབང་དང་བཙན་བསྐུལ་བྱེད་མཁན་ཞིག་གཏན་ནས་མེད། དེ་འདྲ་བྱེད་པ་ནི་ཡ་རབས་སྤྱོད་བཟང་གི་ལས་ལ་གཞོལ་བ་ཡིན་པས་ངེད་དགེ་རྒན་ཚོ་ལོས་དགའ་མོད། གཙོ་བོ་མི་རང་རང་གི་ལུས་སེམས་བདེ་ཐང་དང་། ཁོར་ཡུག་གི་གཉེན་ཉེ་གྲོགས་མཆེད་ཀྱི་བདེ་ཐང་དང་། ཁྱིམ་ཚང་གི་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་རང་རང་སོ་སོར་ཕན་པ་ཆེན་པོ་ཡོད་པ་ཡིན་པས་ཕར་དེད་ན་རང་དོན་མཆོག་ཏུ་གྱུར་བ་ཞིག་ཡིན་ཡོད་པ་རེད་སྙམ། ལོ་མང་བོའི་རྗེས་སུ་ཁོ་ཚོར་ཐུག་ན་མང་ཆེ་བས་ཇི་ལྟར་ཁས་བླངས་པ་ལྟར་དམ་བཅའ་མ་དོར་བར་ལེགས་པར་བསྲུང་ནས་བསྡད་འདུག་པས་ཁོ་ཚོས་སེམས་གཏིང་ནས་བཅད་པ་ཡིན་ལ། ཁོ་ཚོ་ངོ་མ་ཁྲེལ་ཡོད་ཀྱང་རེད་སྙམ། དེའི་ཕྱིར་ཁོ་ཚོ་ཚང་མའི་ཚེ་འདི་ཕྱིའི་བསམ་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་རྒྱུ་ཡིན་ལ་ཅིས་ཀྱང་འགྲུབ་པར་ཤོག་ཅེས་ངས་སྙིང་ནས་སྨོན་ལམ་ཡང་བརྒྱབ་དང་རྒྱག་བཞིན་ཡོད། ད་རེས་ཡིན་ནའང་སློབ་མ་ཚོའི་ནང་ན་དུད་ཆང་གཅོད་མཁན་མང་བོ་ཡོད་གི ངོ་མ་ཡག་པོ་རེད། ངས་ཀྱང་རྗེས་སུ་ཡི་རང་བྱེད། 

༼༣༽

    དེ་རིང་ཕྱི་དྲོར་དོ་དགོང་གི་མཐར་ཕྱིན་དགོང་ཚོགས་འདིའི་སྟེང་ནས་སྐད་ཆ་ཅུང་ཟད་ཅིག་ཤོད་ཅེས་མདོ་འཛིན་པ་དང་དགེ་སློབ་དག་གིས་ང་ལ་གློ་བུར་དུ་བཤད་ཁྲལ་ཞིག་བཞག་བྱུང་། དེ་ཡང་ཇི་སྐད་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། ཞེས་གསུངས་པ་ལྟར། ང་ལ་མཁས་པ་གཞན་གྱིས་སྔོན་མ་གསུངས་པ་དང་། ང་རང་གིས་སྔར་མ་བཤད་ཅིང་ཁྱེད་ཚོས་སྔར་གོ་མ་མྱོང་བའི་དོན་དག་གསར་བ་དེ་འདྲ་ཅི་ཡང་བཤད་རྒྱུ་མེད། དེར་མ་ཟད། ང་ནི་ཧ་ཅང་བཤད་མཁས་པ་ངག་རྩལ་ཡོད་པ་དང་དུས་རྒྱུན་དུ་བཤད་རྒྱུར་ཧ་ཅང་དགའ་བ་དེ་འདྲའི་རིགས་ཞིག་ཀྱང་མིན་པས། སུས་ཉན་ནའང་ཉན་སྤྲོ་ཞིང་ཡིད་འཕྲོག་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དེ་འདྲ་ཡང་གཏན་ནས་མེད། 

    ཡིན་ནའང་ཁྱེད་ཚོ་སློབ་གླིང་འདི་ནས་མཐར་ཕྱིན་ཁ་ཡིན་པ་དང་། མཐར་ཕྱིན་ཞེས་པ་དེ་ལོ་མང་བོ་ཞིག་ལ་འགྲིག་ལམ་ཀུན་སྤྱོད་ཀྱི་ཕྱོགས་ཡིན་ནའང་ཆོགསྙིང་རུས་ལ་རྒྱ་ཡི་ཐད་ནས་བཤད་ཀྱང་རུང་། བསླབ་པ་སློབ་གཉེར་གྱི་ཕྱོགས་ནས་བཤད་ན་ཆོག བསྒྲུབ་དཀའ་བའི་དོན་དག་མང་བོ་ཞིག་དང་འབྲེལ་བ་དམ་པོ་ཡོད་པས་ན་ཧ་ཅང་གི་ལས་སླ་བ་ཞིག་གཏན་ནས་མ་ཡིན་པས། དེ་རིང་ཁྱེད་ཚོ་འདི་ལྟར་ལེགས་པར་མཐར་ཕྱིན་པ་ལ་ངས་སྙིང་ནས་རྟེན་འབྲེལ་ཞུ།

    དེ་ཡང་སློབ་གླིང་འདིའི་སློབ་མ་ཡིན་ཐོག་འགྲིག་རང་བརྩི་མ་ནུས་ཀྱང་འགྲིག་འཛིན་པ་མང་བས་རང་ཉིད་རྒྱ་ཡན་དུ་གཏོང་བའི་གོ་སྐབས་ཅུང་ཟད་ཉུང་བ་ཡིན། ད་ནི་མཐར་ཕྱིན་ནས་སྤྱི་ཚོགས་ཀྱི་སྟེང་ལ་འགྲོ་རན་སོང་བ་ཡིན་པས་དེར་སོང་ན་ནི་སློབ་གླིང་འདིར་སྡོད་པ་བཞིན་དུས་རྒྱུན་དུ་འགྲིག་ལམ་འཇོག་མཁན་དང་འདེད་མཁན་མང་བོ་མེད། དེའི་ཕྱིར་ད་ནི་རང་གིས་རང་གཅུན་པའི་དུས་ལ་བབ་པ་དང་རང་ལ་ཁྲེལ་ཡོད་མེད་ལྟ་བའི་དུས་ལ་བབས་པ་རེད།

    དེས་ན་འདི་ནས་ཅིས་ཀྱང་ཤེས་དགོས་པ་ཞིག་ལ། ཁྱེད་ཚོ་ད་རེས་སློབ་གླིང་འདི་ནས་མཐར་ཕྱིན་པ་རེད་མ་གཏོགས་སྤྱིར་སློབ་གཉེར་མཐར་ཕྱིན་པ་མ་རེད། མི་ཞིག་སློབ་གཉེར་མཐར་ཕྱིན་ན་ནི་དེ་ཉིད་སངས་རྒྱས་སོང་བ་རེད། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བའི་ཞལ་ནས། འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་སངས་རྒྱས་ཙ་ན་ཚར་བ་ཡིན་གསུངས་པ་ལྟར་ཡིན་པས་སོ།། དེ་བཞིན་དུ་ཀ་མ་བའི་ཞལ་ནས་ཀྱང་། ཆོས་བྱེད་ན་ཤེས་ཅི་དགོས་བྱས་ན་རང་ཉིད་ཉམས་ནས་འགྲོ་བ། འདི་ངེད་ཐོས་ཆུང་ལ་འབྱུང་ཉེ། ནན་ཏུར་བྱས་ན་ཤེས་ཅི་དགོས་ཟེར་ཉེན་ཆེ། ཆོས་ནན་ཏུར་བྱེད་ན་ཤེས་དགོས་ཏེ། ཚེ་ཐུང་འདི་ལ་མི་རྫོགས་པས་དལ་འབྱོར་གྱི་ཨང་ཀ་མ་འཁྲུགས་པར་བྱས་ལ་ཐོས་པ་རྒྱུན་མ་ཆད་དུ་བྱ་སྙམ་དུ་བསམ། སྒོམ་པ་པོ་ལ་མི་དགོས་བཤད་པ་པོ་ལ་དགོས་སྙམ་སྟེ། འཆད་པ་པོ་ལ་སྡིག་ཏུ་འགྲོ་བའི་ཉེན་ཆེ། སྒོམ་པ་པོ་ཁོ་ན་ལ་དགོས་གསུང་ངོ་ཞེས་བསུངས་པ་ལྟར་གྲྭ་བ་རབ་བྱུང་བ་ཆོས་བསྒྲུབ་རྒྱུ་ཡིན་ཟེར་མཁན་ཞིག་ཡིན་ན་ནི་ལྷག་པར་ཡང་ཆོས་གཞུང་ལ་གུས་རྟག་ཟུང་གི་སྒོ་ནས་ཐོས་བསམ་བྱེད་དགོས་པ་ཡིན། དེས་ན་ཁྱེད་ཚོ་འདི་ནས་མཐར་ཕྱིན་རྗེས་ཀྱང་མུ་མཐུད་དུ་སློབ་གཉེར་ལ་འབད་དགོས་པ་ཤེས་པར་གྱིས།

    སྤྱིར་མི་ཞིག་གིས་གཞུང་བཟང་བོ་ཞིག་ལ་ཐོས་བསམ་གཤའ་མ་ཞིག་བྱས་ནས་ཡོན་ཏན་རྣལ་མ་ཞིག་འབྱོར་རྒྱུ་ཡང་ཧ་ཅང་དཀའ་མོ་ཡིན་མོད། སྦྱངས་པའི་ཡོན་ཏན་དེ་དག་རང་གི་གཤིས་རྒྱུད་གཏན་ལ་འབེབ་བྱེད་དུ་སྦྱོར་ཤེས་པ་ནི་དེ་བས་ཀྱང་ཆེས་ཤིན་ཏུ་དཀའ་མོ་ཞིག་ཡིན།དེའི་ཕྱིར་རྗེ་ཐམས་ཅད་མཁྱེན་པས་ཀྱང་། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌།། མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང༌།། ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག། ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས།། བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག། མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས།། ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ།། བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར།། ཞེས་གསུངས་དགོས་བྱུང་བ་རེད།

    དེས་ན་ཆོས་ལ་སྦྱོང་མཁན་ཞིག་ཡིན་ན་ནི་ཐོག་མར་ཆོས་གཞུང་ལ་ཐོས་བསམ་ཡང་དག་པ་ཞིག་བྱེད་དགོས་ལ། གང་ཐོས་བསམ་བྱས་པ་དེ་དག་ཉམས་ལེན་དུ་སྦྱོར་ཤེས་པ་ཧ་ཅང་གལ་ཆེ། ཆོས་ཉམས་ལེན་བྱེད་མཁན་ཞིག་མིན་ནའང་། རང་གིས་ཡུན་རིང་བོར་དུས་ཚོད་མང་བོ་ཕུད་ནས་སྦྱངས་སྦྱངས་པའི་ཡོན་ཏན་དེ་དག་རང་གཞན་ལ་ཕན་ཐོགས་བྱེད་དམ་རང་གི་གཤིས་རྒྱུད་ཇེ་ལེགས་ཇེ་བཟང་ལ་གཏོང་བྱེད་དུ་སྦྱོར་གང་ཤེས་བལྟ་དགོས་ཏེ། ལྟ་རྒྱ་མཐོང་རྒྱ་ཅུང་ཟད་ཙམ་རེ་ཡོད། མང་བོ་ཞིག་བཤད་རྒྱུ་ཡང་ཡོད་ཀྱང་རང་གི་གཤིས་རྒྱུད་ཇེ་ངན་ཇེ་ངན་དུ་སོང་ནས་མཐར་རང་གཞན་གཉིས་ཀ་ཉམས་ནས་འགྲོ་བྱེད་ཅིག་ལས་མེད་ན་ནི།ང་ཚོའི་སློབ་གྲྭ་འདིའི་སློབ་གསོའི་བསམ་བློ་དང་ཁ་ཕྱོགས་ལ་རྒྱབ་འགལ་དུ་སོང་བ་ཡིན་པས་དེ་འདྲ་གཏན་ནས་བྱེད་མི་ཉན། དེས་ན་འདི་ནས་མཐར་ཕྱིན་པའི་སློབ་མ་ཁྱིམ་པ་ཚོ་ཡིན་ན་ཡང་སློབ་གསོའི་བསམ་བློ་འདི་མྱོང་བའི་མཚོན་རྟགས་སུ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་མི་ཞིག་བྱེད་རྒྱུ་དེ་ཡིན། སེམས་བྱུང་འདི་གཉིས་རང་རྒྱུད་ལ་ཡོད་ན། གནས་གང་དུ་སོང་ཡང་། ལས་ཅི་ཞིག་བསྒྲུབ་ཀྱང་། མངོན་ལྐོག་གང་ལ་ཡིན་ཡང་། རང་ལ་བབས་པའི་བྱ་བ་དེ་རང་འགར་བཞག་ནས་མི་སྒྲུབ་པ་དང་བསམ་བཞིན་ཕྱིན་ཅི་ལོག་ཏུ་བསྒྲུབ་པར་བྱེད་པ་མི་སྲིད། དེའི་རྒྱུ་མཚན་ཡང་། ངོ་ཚ་ཤེས་པ་ཞེས་པའི་སེམས་བྱུང་ནི་རང་རྒྱུ་མཚན་དུ་བྱས་ནས་སྒོ་གསུམ་གྱི་ཉེས་པ་ལ་འཛེམས་པ་ཞིག་སྟེ། གཞན་གྱིས་རིག་ཀྱང་མ་རིག་ཀྱང་རང་ཉིད་བྱ་བ་མི་འོས་ཤིང་མི་འཚམ་པ་ལ་འཇུག་ཏུ་མི་སྟེར་སྤྱད་ཅིག་ཡིན་པས་སོ།། ཁྲེལ་ཡོད་པ་ནི་གཞན་རྒྱུ་མཚན་དུ་བྱས་ནས་སྒོ་གསུམ་གྱི་ཉེས་སྤྱོད་ལ་འཛེམས་པའི་སེམས་བྱུང་ཞིག་སྟེ། ངས་བྱ་བ་ངན་པ་འདི་དང་འདི་ལྟ་བུ་བསྒྲུབས་ན་ངའི་ཕ་མ་གཉེན་ཉེ་ལ་མི་འགྲིག ངའི་བླ་མ་དང་གྲོགས་པོ་ལ་མི་འགྲིག ང་ཡུན་རིང་བོར་གསོ་སྐྱོང་གནང་སའི་སློབ་གྲྭ་དང་དགེ་རྒན་ལ་མི་འགྲིག ང་རང་གང་དུ་གཏོགས་པའི་མི་རིགས་དང་རྒྱལ་ཁབ་ལ་མི་འགྲིག་སྙམ་དུ་ནང་ནས་མི་འོས་པའི་བྱ་བ་ལ་འཇུག་ཏུ་མི་སྟེར་བའི་སེམས་བྱུང་ཞིག་ཡིན་པས་ན། རྗེས་སུ་ལས་བྱེད་པ་ཞིག་བྱས་ནའང་ལས་བྱེད་པ་བཟང་བོ་ཞིག་དང་། དགེ་རྒན་ཞིག་བྱས་ནའང་སློབ་མ་ལ་ཤ་ཚ་ཞིང་འགན་འཁུར་བའི་དགེ་རྒན་བཟང་བོ་ཞིག་དང་། འགོ་ཁྲིད་ཅིག་བྱས་ནའང་འབངས་མི་སེར་ལ་ཨེ་ཕན་ལྟ་བ་ལས་གནོད་པ་མི་བྱེད་པའི་འགོ་ཁྲིད་བཟང་བོ་ཞིག་ཏུ་འགྱུར་བར་མ་ཟད། རང་གི་འཚོ་བ་དང་ཁྱིམ་ཚང་གི་ནང་ལ་ཡང་ལས་རྒྱུ་འབྲས་བརྩི་མཁན་ཞིག་ཏུ་འགྱུར་བས།རང་ཉིད་གང་དང་གང་དུ་གནས་པའི་ཁོར་ཡུག་དེར་ཡང་དྲོད་ཁོལ་དང་བདེ་སྐྱིད་འབྱུང་ལ། རང་གི་བུ་བུ་མོའི་སེམས་ཁམས་ཀྱང་བདེ་ཐང་གི་ངང་ནས་འཚར་ལོངས་འབྱུང་ཐུབ་པས། ངས་དུས་རྒྱུན་དུ་སློབ་མ་དང་གྲོགས་པོ་ཚོར་མི་གཞི་འདི་ཧ་ཅང་གལ་ཆེ་ཚུལ་དང་། དེ་ལ་ངོ་ཚ་ཁྲེལ་ཡོད་འདི་གལ་ཆེ་ཚུལ་ཤུགས་ཀྱིས་བཤད་ཀྱིན་ཡོད། དེའི་ཕྱིར་འདི་ནི་ངས་ང་རང་གི་ཁ་ལེན་མཁན་གྱི་སློབ་མ་དང་གཉེན་ཉེ་གྲོགས་པོ་རྣམས་ལ་སློབ་གསོ་བྱེད་རྒྱུའི་སྙིང་བོ་ཞིག་ཡིན།

    དེས་ན་ཁྱེད་ཚོ་སུ་ཡིན་ཡང་ཤེས་ཡོན་སློབ་རྒྱུ་ཙམ་ཀུན་ལས་གལ་བོ་ཆེར་འཛིན་པ་དང་། བྱ་བཞག་རླབས་ཆེན་ཞིག་བསྒྲུབ་རྒྱུ་ཡིན་པ་སྐད་ཀྱིས་རང་གི་མི་གཞི་དང་། བསམ་བློ། ཀུན་སྤྱོད་སོགས་འབོར་དུ་མ་འཇུག རང་གཞན་ཕུང་འཁྲོལ་ལ་སྦྱོར་བྱེད་གཙོ་བོ་ནི་རང་རྒྱུད་ཀྱི་ཉོན་མོངས་པ་འདི་དག་ཡིན། འདི་ལ་དུས་རྒྱུན་དུ་ཟོན་མ་བྱས་ན་དེས་རང་ཉིད་ཇི་ལྟར་ཕུང་བར་བྱས་པ་ཡང་མི་ཚོར། དེའི་ཕྱིར་དེ་ལ་འཐབ་མོ་བ་ཉམས་མྱོང་ཅན་ཞིག་གིས་དགྲ་ལ་འཐབ་པའི་ཚེ་ན་ཇི་ལྟར་ཕར་ལ་འཇོམས་པ་དང་ཚུར་གནོད་འགོག་པའི་ཐབས་ཤེས་ཤིང་མཁས་པ་དེ་ལྟ་བུ་ཞིག་དགོས་པ་ཡིན་པས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ།། གཡུལ་ངོར་རལ་ཁ་ལྷགས་པ་བཞིན།། ཉོན་མོངས་མཚོན་ལས་གཟུར་བྱ་ཞིང་།། ཉོན་མོངས་དགྲ་རྣམས་གཞོམ་པར་བཏེག། ཅེས་གསུངས་པ་ལྟར་མཉམ་འཇོག་བྱེད་དགོས་པ་དང་། ཡང་དེ་ཉིད་ལས། གཡུལ་དུ་རལ་གྲི་ལྷུང་གྱུར་ན།། འཇིགས་པས་མྱུར་དུ་ལེན་པ་ལྟར།། དེ་བཞིན་དྲན་པའི་མཚོན་ཤོར་ན།། དམྱལ་བའི་འཇིགས་དྲན་མྱུར་དུ་བླང་།། ཞེས་གསུངས་པ་ལྟར། སྐབས་འགར་རང་ཉིད་ཀྱི་དྲན་པའི་མཚོན་ཆ་སེམས་ནས་ཤོར་ན། ཤེས་བཞིན་གྱིས་བྱ་ར་བྱས་ནས་དེ་མ་ཐག་དེ་ལྟར་བྱས་ན་མི་འོས་ཤིང་མི་འཚམ་པའི་གནས་ལུགས་གོང་དུ་བཤད་ཟིན་པ་དེ་དག་ཡིད་ལ་དྲན་པར་བྱས་ཏེ་མི་འོས་པའི་བྱ་བ་ལ་འཇུག་པའི་འཕྲོ་བཙན་གྱིས་གཅོད་དགོས། གལ་ཏེ་དེ་ལྟར་མ་བྱས་པར་རྒྱ་ཡན་དུ་བཏང་ན། ཐོག་མར་ཉེས་པ་ཆུང་ངུ་ཞིག་མ་གཏོགས་མ་བྱས་ཀྱང་ཅི་དགར་འཕེལ་དུ་བཅུག་པས་མཐར་ཆེས་མ་རུང་བ་ཞིག་ཏུ་འགྱུར་བ་ཆོས་ཉིད་ཡིན་པས་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཇི་ལྟར་ཁྲག་ལ་བརྟེན་བཅས་ནས།། དུག་ནི་ལུས་ལ་ཁྱབ་འགྱུར་བ།། དེ་བཞིན་གླགས་ནི་རྙེད་པ་ན།། ཉེས་པས་སེམས་ལ་ཁྱབ་པར་འགྱུར།། ཡུངས་མར་བཀང་བའི་སྣོད་བཀུར་ལ།། རལ་གྲི་ཐོགས་པས་དྲུང་བསྡད་དེ།། བོ་ན་གསོད་བསྡིགས་འཇིགས་པ་ལྟར།། བརྟུལ་ཞུགས་ཅན་གྱིས་དེ་བཞིན་སྒྲིམ།། དེ་བས་པང་དུ་སྦྲུལ་འོངས་ན།། ཇི་ལྟར་རིངས་པར་ལྡང་བ་ལྟར།། དེ་བཞིན་གཉིད་དང་སྙོམ་འོངས་ན།། མྱུར་དུ་དེ་དག་བཟློག་པར་བྱ།། ཞེས་གསུངས་པ་ལྟར་ཡིན་པས། འདི་ནས་མཐར་ཕྱིན་ཏེ་དུས་རྒྱུན་དུ་འདིར་སྡོད་པའི་སྐབས་ལྟར་དགེ་རྒན་གྱིས་མ་དེད་ཀྱང་། དགེ་རྒན་གྱིས་གནང་བའི་གདམས་ངག་དང་། དམ་པ་རྣམས་ཀྱི་བསླབ་བྱ་རྣམས་ནི་རང་དང་མ་བྲལ་བར་ཡོད་པ་ཞིག་བྱེད་པ་གལ་ཆེ། དེ་ཡོད་ན་མི་ཚེའི་ཁ་ཕྱོགས་མི་འཆུགས། བྱ་བ་ངན་པ་མི་བསྒྲུབ་པ་ཁོ་ཐག་ཡིན།དེས་ན་ཁྱེད་ཅག་མཐར་ཕྱིན་སློབ་མ་ཚོས་འདི་སེམས་ལ་ཟུངས། 

    སློབ་གྲྭ་འདི་ཚུགས་ནས་མི་ལོ་སུམ་ཅུར་ཉེ་ཞིང་། དེའི་རིང་ལ་དགའ་མཁན་རྣམས་ཀྱིས་བསྟོད་བསྔགས་བྱས་ཀྱང་རུང་། མི་དགའ་མཁན་དག་གིས་ངན་སྨོད་བྱས་ཀྱང་ཆོགགང་ལྟར་ཀྱང་འདི་ནས་མཐར་ཕྱིན་པའི་སློབ་མ་མང་བོ་ཞིག་གིས་ད་ལྟ་དགོན་སྡེ་དང་སྤྱི་ཚོགས་སུ་དོན་བཟང་བསྒྲུབས་པ་དང་སྒྲུབ་བཞིན་ཡོད་པས། ཁོ་ཚོའི་གཞན་ཕན་གྱི་བསམ་བློ་དང་། འཇོན་ནུས་དེ་དག་སློབ་གྲྭ་འདི་དང་འབྲེལ་བ་དམ་པོ་ཡོད་པས་ན། དེ་དག་ནི་སློབ་གྲྭ་འདིའི་གྲུབ་འབྲས་ཡིན་ལ། གྲུབ་འབྲས་འདི་ཡོད་ཚད་མི་གཙོ་བོ་རེ་གཉིས་ཙམ་གྱི་མ་ཡིན་པར། སློབ་གླིང་འདིའི་དགེ་རྒན་དང་ལས་བཟོ་བ། མཐར་ཕྱིན་ཟིན་པའི་སློབ་མ་རྣམས་ཏེ་ཐུན་མོང་གི་འབད་འབུངས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན།   ད་དུང་འདིའི་སྲོལ་རྒྱུན་བཟང་བོ་འདི་མི་ཉམས་གོང་འཕེལ་དུ་གཏོང་བ་ཡང་། འདིར་གནས་པའི་དགེ་སློབ་ལས་བཟོ་བ་ཡོད་ཚད་ལ་རག་ལས་པ་ཡིན་པས།ཐམས་ཅད་ཀྱིས་དེ་ལུགས་སེམས་ལ་དམ་པོར་བཟུང་ནས་འབད་འཚལ་ལགས། 

    ངས་ཡིད་ལ་གང་ཤར་ཞིག་བཤད་ནས་མཚམས་འདིར་སླེབས་དུས་རྗེ་ཐམས་ཅད་མཁྱེེན་པའི་དྲང་ངེས་ལེགས་བཤད་སྙིང་བོའི་མཇུག་གི་ཚིགས་བཅད་ཅིག་གློ་བུར་དུ་ཡིད་ལ་ཤར་བྱུང་། དེ་ཡང་འདི་ལྟར།   

རེས་འགའ་རྒྱལ་ལ་དང་བའི་དགའ་བ་རྒྱས། །

སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །

གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །

ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །

བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །

འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། 

ཅེས་གསུངས་པ་འདི་ཉིད་ཡིན་ལ། ཚིག་འདིས་ང་ལ་ཅི་ཞིག་དྲན་དུ་ཆུག་ཅེ་ན། སྔོན་རང་རེའི་གདོང་དམར་བོད་ཅེས་པ་འདི་ལ་རང་གི་སྐད་དང་མཐུན་པར་ཆོས་རིག་སྲིད་གསུམ་རྫོགས་པར་སྟོན་བྱེད་ཀྱི་ཡི་གེ་དང་རིག་གཞུང་མེད་པས། བོད་ཡི་དྭགས་ཀྱི་རྒྱལ་ཁམས་དང་བོད་ཡུལ་མུན་པའི་གླིང་ཞེས་གཞན་དག་གིས་བརྙས་སྨོད་བྱེད་ས་ཞིག་ཡིན་པ་ལ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་བློན་ཆེན་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་བོད་རང་སྐད་དང་མཐུན་པའི་ཡི་གེ་ཐོག་མར་སྲོལ་བཏོད་པས་མུན་གླིང་ཆོས་གླིང་དང་འོད་གླིང་དུ་བསྒྱུར་བ་ཡིན་པས། དེ་དག་དྲན་ན་དེ་དག་སྙིང་ནས་དང་བ་དང་དགའ་བ་ཚད་མེད་པ་རྒྱས་ལ། སྲོལ་ངོ་མཚར་བ་དེ་དག་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྔོན་བྱོན་མཁས་པ་ཐམས་ཅད་ཀྱི་སྐུ་དྲིན་སྙིང་ནས་དྲན་ཞིང་། དེ་དག་གི་དགོངས་པ་དྲི་མ་མེད་པ་ཐམས་ཅད་མཁྱེན་བརྩེ་ནུས་པ་ཕུན་སུམ་ཚོགས་པའི་སྒོ་ནས་རང་ཅག་ལ་དངོས་སུ་གནང་ཞིང་སྤྲོད་པའི་ཉེ་རབས་ཀྱི་བླ་མ་དགེ་བའི་བཤེས་གཉེན་མཁས་པ་དེ་དག་ལའང་སྙིང་ནས་གུས་པ་ཚད་མེད་པ་སྐྱེའོ།།

    འོན་ཀྱང་དེང་སྐབས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེ་དག་ཐམས་ཅད་ཉམས་ནས་འགྲོ་བཞིན་འདུག་པར་མ་ཟད། རང་གི་མེས་པོ་ལ་ངན་སྨོད་བྱེད་པ་དང་། རང་གི་སྐད་ཡིག་ལ་བརྙས་བཅོས་བྱེད་པ་དང་། རང་གི་རིག་གཞུང་ལ་རྩིས་མཐོང་ཆུང་བ་དང་། རང་ལ་འཇོན་ནུས་མེད་པ་འབྲས་བུ་དང་མཐུན་པའི་རྒྱུ་མ་བསྒྲུབས་པས་དཔལ་འབྱོར་ལ་ཡར་རྒྱས་མེད་པའི་ངན་ཁག་དང་ལེ་ལན་ཐམས་ཅད་རང་གི་རིག་གཞུང་དང་ཆོས་ལུགས་ལ་ཅི་དགར་འགེལ་བའི་ཚུལ་མིན་གྱི་བསམ་བློ་དེ་ཐབས་སྣ་ཚོགས་ཀྱིས་སྤེལ་བའི་ཉམ་ཐག་ཅིང་ཡ་ང་བའི་བོད་ཀྱི་གནས་བབ་འདི་མཐོང་ན་ཡིད་གཏིང་ནས་སྐྱོ་བར་མ་ཟད། རང་གིས་བཟོས་པའི་མཚོན་ཆས་རང་མགོ་གཅོད་པ་ལ་འབད་པའི་བློ་ཆུང་ངམ་ཅོལ་ཆུང་འདི་དག་ཅི་བྱ་སྙམ་པའི་སྙིང་རྗེ་ཞིག་ཀྱང་སྐབས་འགར་སྐྱེས་ཤིང་། གནས་ཚུལ་འདི་དག་རང་གིས་དངོས་སུ་མཐོང་བ་དང་ཐོས་པ་ལ་བརྟེན་ནས་ཁྲིམས་དང་མཐུན་པར་མི་རིགས་རང་གི་རིག་གཞུང་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་གྱི་རྨང་གཞི་བརྟན་པོར་འཇོག་སའི་སློབ་གླིང་འདི་ལྟ་བུ་ཡང་ངེས་པར་དགོས་ཤིང་། ད་དུང་ཡུན་དུ་གནས་ན་ཅི་མ་རུང་སྙམ་པ་དང་། ཅིས་ཀྱང་གནས་པའི་ཐབས་ལ་བརྩོན་དགོས་སྙམ་པའི་དགའ་དད་སྐྱོ་གསུམ་གྱི་བསམ་པ་ཞིག་བདག་གི་ཡིད་ལ་གཅིག་ལ་གཅིག་འགྲན་པ་བཞིན་མཉམ་དུ་སྐྱེ་བྱུང་ངོ་།།

    ད་མང་བོ་མི་བཤད། བཤད་ཀྱང་མི་ཤེས། དུས་ཚོད་ཀྱང་འགོར་འགྲོ། དེས་ན་སྔར་མཐར་ཕྱིན་ཟིན་པའི་སློབ་མ་ཚོ་ཡིན་ན་ཡང་འདྲ། ད་ལྟ་མཐར་ཕྱིན་བཞིན་པའི་སློབ་མ་ཚོ་ཡིན་ནའང་ཆོག   མ་འོངས་པ་ན་མཐར་འབྱིན་འགྱུར་གྱི་སློབ་མ་ཚོ་ཡིན་ན་ཡང་རུང་སྟེ། རང་གི་གནས་སྐབས་ཀྱི་དགའ་ཕྱོགས་ཙམ་དང་ཚོར་བ་ཙམ་ཡོད་ཚད་ཀྱི་གཙོ་བོ་མི་བྱེད་པར་མི་རིགས་སྤྱི་དང་མཐར་ཐུག་གི་ཕན་བདེ་ཞིག་ལ་བསམ་བློ་གཏོང་རྒྱུ་དང་། དེ་དང་མཐུན་པར་བྱ་བ་བསྒྲུབ་རྒྱུ་ནི་ངས་ཁྱེད་ཅག་ལ་བཏོན་པའི་རེ་བ་ཡིན། དེ་དག་ཐུགས་ལ་འཛིན་འཚལ། བཀའ་དྲིན་ཆེ། ད་ངས་བཤད་ཚར་སོང་།


    ༼འདིར་བཤད་པ་ཕལ་ཆེ་བ་མཐར་ཕྱིན་དགོང་ཚོགས་དེར་བཤད་པ་ཡིན་མོད། དེར་མ་བཤད་ཀྱང་བཤད་བསམ་ཡོད་པ་དང་ཅིས་ཀྱང་བཤད་དགོས་པར་འདུག་སྙམ་པ་འགའ་རེ་ཡང་ཅུང་ཟད་རེ་བསྣན་ནས་བཤད་ཡོད་པས་དགོངས་འགལ་མེད་པར་མཁྱེན།༽


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། trjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548720
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།