བྱིས་པར་གཅེས་དགོས་མོད་གཅེས་ལང་ལ་གཏོང་མི་རུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བྱིས་པར་གཅེས་དགོས་མོད་གཅེས་ལང་ལ་གཏོང་མི་རུང་།
བྱིས་པར་གཅེས་དགོས་མོད་གཅེས་ལང་ལ་གཏོང་མི་རུང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-07-03ལྟ་ཀློག (987)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

བྱིས་པར་གཅེས་དགོས་མོད་གཅེས་ལང་ལ་གཏོང་མི་རུང་།

ཤེས་རབ་བསྟན་དར།


    ཁྱིམ་ཞིག་ལ་བྱིས་པ་མེད་ན་ཁྱིམ་ཚང་དེ་ལ་ཁྱིམ་ཚང་གི་མཚན་ཉིད་མི་ཚང་བས། ཁྱིམ་ཚང་དེ་ལ་བྱིས་པ་ཞིག་ངེས་པར་དགོས།  བྱིས་པ་བསྐྱེད་ཅིང་སྐྱོང་བ་ནི་ཕོ་མོ་གཉིས་ཁྱིམ་གཅིག་ཏུ་འཛོམས་པའི་དགོས་པ་ཡིན་ལ། ཁྱིམ་ཚང་གི་མ་འོངས་པའི་བརྟེན་སའང་ཡིན།

    མི་ཞིག་གིས་རང་གི་བྱིས་པ་ལ་ཤ་ཚ་ཚ་ཕ་མ་ལའང་ཤ་ཚ་མི་སྲིད་ལ། བྱིས་པ་ལ་གཅེས་གཅེས་གཞན་ལ་གཅེས་མི་སྲིད། མི་སུ་ཡིན་ཡང་རང་གི་བྱིས་པར་ལེགས་པོ་ཞིག་ཏུ་འགྱུར་བའི་རེ་བ་ཤིན་ཏུ་ཆེ། 


    དེ་བས་བྱིས་པར་ཤ་ཚ་དགོས་མོད། ཤ་ཚ་ཤེས་དགོས་ལ།  གཅེས་དགོས་མོད་གཅེས་ལང་ལ་གཏོང་མི་རུང་། དེ་ནི་ཁྱིམ་གྱི་བསླབ་བྱ་ཡིན་ལ། ཁྱིམ་གྱི་བླང་དོར་ཡང་ཡིན་པས། ཕ་མ་ཞིག་ཡིན་ན་བླང་དོར་གྱི་གནད་འདི་ཤེས་པ་ཤིན་ཏུ་གལ་ཆེ། 

    ཤ་ཚ་བ་དང་གཅེས་ལང་གཉིས་ཁ་ཁ་ཡིན་ཏེ།གཅེས་ལང་ཞེས་པ་ནི་བྱིས་པར་གཅེས་དྲག་ནས་ལང་ཤོར་དུ་བཏང་བ་ལ་ཟེར། ཕ་མ་མང་བོ་ཞིག་གིས་ཤ་ཚ་མ་ཤེས་པར་གཅེས་ལང་ལ་བཏང་བས་བྱིས་པའི་མི་ཚེ་བརླག་ངེས། བྱིས་པར་གང་འདོད་འདོད་བྱིན། ཅི་བསམ་བསམ་ལས་སུ་བཅུག་ནས་རང་ཉིད་ལས་མི་བསམ་པ་ཞིག་ཏུ་བཏང་ན་དུད་འགྲོ་གཅིག་བསྐྱངས་པ་ལས་མི་ཞིག་བསྐྱངས་པ་མིན། 


    དེང་སང་གཅེས་ལང་ལ་བཏང་བ་མང་བས་ཡ་རབས་ཀྱི་ལུགས་མི་ཤེས།རྒན་གཞོན་གྱི་བབ་མི་ཤེས་ཤིང་། ཆེ་ཆུང་ལ་ཁྱད་མེད།  སྲེད་པ་ལ་ཚད་མེད་ཅིང་།གཅེས་འཛིན་ལ་མཐའ་མེད། ཕ་མ་ལས་བྱིས་པ་བཙན་ཞིང་།རང་ཉིད་ལས་ཕ་མ་བསམ་མི་ཤེས། སྐྱིད་ནམ་མཁའ་ཙམ་ལ་རོལ་འདོད་མོད། སྡུག་ལག་མཐིལ་ཙམ་ཡང་མི་ཐེག  ཐ་ན་ཕ་མ་དང་། དགེ་རྒན་གྱིས་སྡིགས་པ་ཙམ་གྱི་སྣའང་མི་ཐེག་པར་རང་གི་ལུས་ལ་རྨ་གཏོད་ཅིང་། རང་སྲོག་འདོར་བ་ལ་ཕྱོགས་པར་བྱེད།

    རྒྱའི་ངག་རྒྱུན་ལ་སུང་ཅང་སྡོང་བོ་ཞིག་གི་འོག་ཏུ་གཉིད་དུ་ཡུར་དུས་བྱིས་པ་གཉིས་ཡོང་ནས་ཁོའི་གདོང་ལ་གཅིན་བཏང་།སུང་ཅང་གཉིད་ལས་སད་དུས་ཁོའི་གདོང་ལ་གཅིན་བཏང་བ་མཐོང་ནའང་ཅི་ཡང་མ་བཤད་པའི་ཁར་སྒོར་འགའ་བྱིན།

    ཕྱི་ཉིན་ལི་ཁེ་ཡོང་ནས་སྡོང་བོ་དེའི་འོག་ཏུ་གཉིད་ནས་ངལ་གསོ་དུས་བྱིས་པ་དེ་དག་ཡོང་ནས་ལི་ཁེའི་གདོང་ལ་གཅིན་བཏང་།ལི་ཁེ་གཉིད་ལས་སད་ཅིང་ཚུལ་དེ་མཐོང་བས་ཤིན་ཏུ་ཁྲོས་ཏེ།བྱིས་པ་གཉིས་སྟ་རེས་བརྒྱབས་ནས་བསད།


    ང་ཚོས་བལྟས་ན་བྱིས་པ་གསོད་མཁན་ལི་ཁེ་ཡིན་ནའང་བྱིས་པ་དེ་ལི་ཁེ་ལ་གསོད་དུ་འཇུག་མཁན་སུང་ཅང་རེད། འོན་ཀྱང་མཐར་གཏུག་ན་བྱིས་པ་དེ་དག་གསོད་དུ་འཇུག་མཁན་ཕ་མ་སྟེ།ཕ་མས་མིའི་ལུས་སྟེང་དུ་གཅིན་གཏོང་མི་རུང་བའི་སློབ་གསོ་མ་བཏང་བའི་ཁར་ཐོག་མར་ཕ་མའི་སྟེང་དུ་གཅིན་གཏོང་དུ་བཅུག་ནས་ངན་ལང་དུ་བཏང་བ་དེ་རེད།

    ད་ལྟའང་ཕ་མ་མང་བོ་ཞིག་གིས་རང་གི་ཕ་མའི་གདོང་ལ་གཅིན་གཏོང་བའང་ཇི་མི་སྙམ་པར་བསྟོད་པ་བྱེད་ངེས།དེ་ནི་བྱིས་པ་ཉེས་པར་འཇུག་པའི་རྐྱེན་ལས་ཡ་རབས་སུ་འཇུག་པའི་སློབ་གསོ་གནང་བ་མིན།

    བོད་ཀྱི་རྣམ་ཐར་དག་ལས།  བྱིས་པ་སྨན་གྱི་ལྗོན་པ་བཞིན་བསྐྱང་དགོས་ཟེར་ཏེ།སྨན་གྱི་ལྗོན་པ་ཡིན་ཡང་བདག་མ་བྱས་ན་རྒོད་ལ་ཤོར་ངེས་ཡིན་ལ། རྟ་ཁ་ལོ་མ་བཏུལ་ན་རྟ་རྒོད་ཡིན་ལ། མིར་སློབ་གསོ་མ་བཏང་ན་མི་རྒོད་ཡིན་ངེས།མི་རྒོད་ནི་བཤད་ན་མི་ཉན་ཞིང་སྐུལ་ན་མི་དགའ་བ་མ་ཟད། ཅི་འདོད་འདོད་དང་། གང་དྲན་དྲན་བྱ་ངེས།  ཕ་མས་བྱིས་པ་གཅེས་ལང་དུ་གཏོང་བ་ནི་བྱིས་པ་མི་རྒོད་དུ་བཏང་བ་ཞིག་རེད། 


    ཕ་མ་ལ་ལས་བྱིས་པས་རང་འདོད་བྱེད་པ་གུ་ཡངས་སུ་གཏོང་བ་རྒྱན་དུ་བསམ་མོད། བྱིས་པའི་འབྱུང་འགྱུར་ནི་ཕ་མའི་སློབ་གསོ་ལ་རག་ལས་པས་བྱིས་པ་ལང་ཤོར་དུ་བཏང་བའི་འབྲས་བུ་ལ་ཕ་མའི་འགྱོད་པ་དང་མིག་ཆུ་ལས་མེད།བྱིས་པ་དེའི་མི་ཚེ་གང་བོར་འགྱོད་པ་དང་མིག་ཆུ་ཡིན་པ་འདྲ། 

    བྱིས་པའི་དུས་ནི་འཇིག་རྟེན་གྱི་བྱ་བ་དང་ཀུན་སྤྱོད་བཟང་ངན་སོགས་ལ་ཐོག་མར་འཇུག་པའི་སྐབས་ཡིན་པས་བྱིས་པའི་སློབ་གསོ་ནི་སློབ་གསོ་ཀུན་ལས་གཙོ་བོ་ཡིན་སྙམ། ཕ་མའི་བདེ་སྡུག ཆེ་བཀུར་ཆུང་བྱམས། དགྲ་འདུལ་གཉེན་སྐྱོང་། སློབ་སྦྱོང་བརྩོན་པ། གཞན་ཕན་བསམ་བློ་སོགས་ཀྱི་སློབ་གསོ་གཏོང་དགོས། 

    དེ་བས་བདེ་སྡུག་དང་རྒྱལ་ཕན། བླང་དོར། ནོར་འཁྲུལ་སོགས་དོན་གང་ལ་འཕྲད་ནའང་གཅེས་ལང་དུ་མི་གཏོང་བར་གནས་ལུགས་བཤད་དགོས་ལ། གནས་ལུགས་ཀྱི་གོ་མི་ཆོད་ན་སྐྲག་བསྐུར་དགོས། སྐྲག་བསྐུར་བ་ནི་གནས་ལུགས་ཀྱི་གསལ་འདེབས་ཤིག་ཡིན་ལ།ཉེན་ཁའི་དྲན་སྐུལ་ཞིག་ཀྱང་ཡིན།


    དེ་བས་བྱིས་པའི་སློབ་གསོ་ནི་མི་ཚེ་སློབ་གསོའི་ཐོག་མ་ཡིན་པས་གནད་དུ་འཛིན་དགོས། སློབ་གསོ་གཏོང་དུས་མི་རིགས་རང་གི་བྱིས་པའི་སློབ་གསོ་གཏོང་སྟངས་ལྟར་སློབ་གསོ་བཏང་ན་བོད་པ་ངོ་མ་ཞིག་འབྱུང་ཐུབ། 

    ཉིན་རེ་བཞིན་བོད་ཀྱི་མི་ཆོས་གཏམ་རྒྱུད་གཅིག་རེ་དང་གཏམ་དཔེ་རེ་གཉིས་དོན་དང་བཅས་པར་གསལ་བོར་ཤེས་སུ་བཅུག་ན་ལེགས། ཁེད་སྣ་ཚོགས་ལ་བློ་སྦྱངས་ནས་བསམ་གཞིག་གི་སྒོ་མོ་འབྱེད་དགོས། ཕྱི་གླིང་བས་གཏམ་རྒྱུད་བཤད་ན་ཕྱི་གླིང་བའི་སློབ་གསོ་མྱོང་བ་ལས་རང་གི་སློབ་གསོ་མྱོང་བ་མིན་སྟེ། ད་ལྟ་བྱིས་པའི་སློབ་གསོ་གླེང་མཁན་མང་བོ་ཞིག་ནི་ཕྱི་གླིང་བ་དང་རྒྱའི་བྱིས་པའི་སློབ་གསོ་གླེང་བ་ཙམ་མོ། །


    སློབ་གསོས་མི་སྐྱོང་བ་ཡིན་མོད། སློབ་གསོས་མི་བརླགས་པའང་ཤིན་ཏུ་མང་། དེ་ནི་སློབ་གསོ་ལམ་ལོག་ཏུ་སོང་བ་རེད། བྱིས་པའི་སློབ་གསོ་བྱིས་པ་དང་བསྟུན་དགོས་ལ། མི་རིགས་ཀྱི་སློབ་གསོ་མི་རིགས་དང་བསྟུན་དགོས། མཐར་ཐུག་ན་མི་ལེགས་པོ་ཞིག་སྐྱོང་མི་ཐུབ་པའི་སློབ་གསོ་ནི་སློབ་གསོ་ཡང་དག་པ་ཞིག་མིན། 

    རང་ཉིད་སྐྱིད་འདོད་བདེ་འདོད་ཀྱི་བསམ་པ་ནི་སློབ་གསོ་ལ་བརྟེན་མི་དགོས་ཏེ། སློབ་གསོ་ནི་བརྩེ་བ་དང་སྙིང་རྗེ། རང་ལ་གཅེས་པ་བཞིན་གཞན་ལའང་གཅེས་པའི་བསམ་བློ་དེ་བསྐྱང་དགོས་པ་རེད། 


    ཁྱིམ་ཞིག་ལ་བྱིས་པ་ཞིག་དགོས་དོན་ནི།ལ་རིང་བོར་འགོ་བའི་ལག་རྟེན།  ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་།ཞེས་པ་ལྟར་ཡིན་མོད།  ལ་རིང་བོར་འགོ་བའི་ལག་རྟེན་དུ་མི་ཉན་ཞིང་། ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་ཡང་མི་ཉན་པའི་བྱིས་པ་ཞིག་སྐྱོང་བའི་དགོས་པ་ཅི་ཡང་མེད། ལྷག་པར། ཕ་རྒོད་པོ་ཤ་གཟན་ལ་བུ་ཁྭ་ཏ་སྐྱག་གཟན་ཞེས་པ་ནི་བྱིས་པ་གཅེས་ལང་ལ་གཏོང་མི་རུང་བའི་བསླབ་བྱ་ཞིག་སྟེ། ཕ་མ་རྣམས་ལ་དྲན་སྐུལ་གནང་བ་ཞིག་ཀྱང་ཡིན།

    བྱིས་པ་ཞིག་ཡོད་ན།ཁ་དཔེར། ཕ་བཟང་བོའི་རུས་པ་གསེར་གྱིས་བརྒྱན་མི་ཐུབ་རུང་། །སྐྲ་ནག་པོ་སྐྱི་བསེར་རླུང་ལ་མ་བསྐུར། །ཞེས་པ་ནི་མེས་པོས་ང་ཚོར་གནང་བའི་གསེར་ལྟ་བུའི་ལེགས་བཤད་ཅིག་ཡིན་ལ།  བྱིས་པའི་ལུས་ན་ཡ་རབས་ཀྱི་སྤྱོད་པ་དང་།སྙིང་ན་དཔའ་གདེང་གི་རུས་པ་ཡོད་པ།ཡིད་ན་བླང་དོར་གྱི་བློ་མིག་ཡོད་པ་ཞིག་ཏུ་འགྱུར་བའི་རེ་བ་བྱ་དགོས། 


    དེ་བས་བྱིས་པར་གཅེས་དགོས་མོད་གཅེས་ལང་ལ་གཏོང་མི་རུང་བའི་བྱིས་པའི་གཅེས་སྟངས་དེ་བྱིས་པར་གསོ་སྟངས་ལ་འབྲེལ་ཡོད་ལ།  ཕ་མ་ལ་ཡོན་ཏན་ཡོད་མེད་ལའང་ཐུག་ཡོད། དེ་བས་ཁྱོད་ཀྱིས་བྱིས་པ་ལེགས་པོ་ཞིག་འཁྱོང་བའི་ཆེད་དུ་བྱིས་པ་གཅེས་ལང་དུ་མི་གཏོང་བ་གལ་ཆེ།

   མདོར་ན་གཅེས་ལང་དུ་གཏོང་བ་འདིས་བྱིས་པར་གནས་སྐབས་སུ་ཕན་བཏགས་པ་ལས་མི་ཚེ་གང་བོར་གནོད་སྐྱེལ་བ་ཞིག་གོ །


འདི་ནི་བྱིས་པ་ལང་ཤོར་ཇེ་མང་དུ་འགྲོ་བཞིན་པ་མཐོང་ནས་བྲིས་སོ། །   2023ལོའི་ཧོར་ཟླ་དང་བོའི་ཚེས་བཅུ་ལ་བྲིས།

རྩོམ་ཁུངས།  ཤེས་རབ་ཚོམས་འཕྲིན་སྟེགས་ལས་བཤུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khan བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23575359
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།