སྒོར་བསྐྱིས་རྗེས་དོམ་མི་འཇལ་བ་ནི་མི་ཐ་ཤལ་གྱི་རྟགས་རེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སྒོར་བསྐྱིས་རྗེས་དོམ་མི་འཇལ་བ་ནི་མི་ཐ་ཤལ་གྱི་རྟགས་རེད།
སྒོར་བསྐྱིས་རྗེས་དོམ་མི་འཇལ་བ་ནི་མི་ཐ་ཤལ་གྱི་རྟགས་རེད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-07-03ལྟ་ཀློག (2090)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

སྒོར་བསྐྱིས་རྗེས་དོམ་མི་འཇལ་བ་ནི་མི་ཐ་ཤལ་གྱི་རྟགས་རེད།

ཤེས་རབ་བསྟན་དར།

སྒོར་བསྐྱིས་པ་ནི་ཁྱོད་ལ་ཡིད་ཆེས་ཤིང་ཕན་བཏགས་པ་སྟེ། ལྷག་པར་ཁྱོད་ཀྱི་གནས་སྐབས་ཀྱི་དཀའ་སྡུག་སེལ་བའི་ཆེད་དུ་རོགས་བྱས་པ་ཞིག་ཡིན། དེ་ལྟ་བུའི་རོགས་རམ་བྱེད་མཁན་ནི་མི་ཚེ་འདིར་ཆོས་དཀོན་པའི་གྲོགས་པོའམ་གཉེན་ཉེ་ཡིན།

སྒོར་མོ་བསྐྱིས་པ་ནི་བསྐྱིས་པ་ལས་བྱིན་པ་མིན་པས་བསྐྱི་བའི་དུས་སུ་ནམ་ཞིག་འཇལ་བའི་རྩིས་བྱ་དགོས་ལ།སྐྱི་བའི་དུས་ནམ་ཞིག་འཇལ་བར་གསལ་བོར་བཤད་དགོས།བསྐྱིས་པའི་རྗེས་སུ་དུས་ལྟར་ངེས་པར་འཇལ་སྙམ་པའི་བསམ་པ་ཞིག་དགོས། 

དེང་སང་སྒོར་བསྐྱི་དུས་གྲོགས་པོ་དང་དོམ་འཇལ་དུས་དགྲ་བོར་གྱུར་འདུག

སྤྱིར་ན་བོད་ཀྱི་ཁ་དཔེར་དོམ་བུ་ལོན་མེད་ན་ཕྱུག་པོ་ཡིན། །གྱོད་ཁ་མཆུ་མེད་ན་བཙན་པོ་ཡིན། །ཟེར་བ་བཞིན་དགོས་མེད་དུ་དོམ་མང་བོ་མི་ལེན་ཞིང་།འཇལ་མི་ཐུབ་པའི་དོམ་མང་བོ་བླངས་ན་དོམ་ལོག་མགོ་འཁུར་ཟེར། དེ་བས་དགོས་མེད་དུ་སྒོར་མི་བསྐྱི་བ་གལ་ཆེ། 


    ངས་ན་གཞོན་ཁེ་ལས་པ་ཞིག་ལ་ཁ་བརྡ་བྱེད་དུས་ཁེ་ལས་པ་ཡིན་ན་དོམ་དུས་ལྟར་འཇལ་དགོས་པ་དང་ལས་ཀ་བར་གླ་ཆ་དུས་ལྟར་སྟེར་དགོས། རང་གི་སྤྱོད་པ་བཟང་ན་རྗེས་སུ་དོན་ལམ་དུ་འགྲོ།དེ་ལྟར་དོམ་མ་འཇལ་བ་དེས་གནས་སྐབས་གོ་ཆོད་པ་ལྟར་སྣང་མོད།རྗེས་སུ་གནོད་པ་ཆེ།རྗེས་སུ་སྐྱི་མཁན་མེད་ལ།ཡིད་ཆེས་མཁན་ཡང་མེད། ཤིན་ཏུ་གནོད་ཅེས་བཤད་པ་ལ།  ཁོས་ཨ་ཁུ་ག་གེ་མོས༼ས་ཆ་ཆུང་ངུ་ཞིག་གི་ཁེ་ལས་པ་གྲགས་ཅན་ཞིག་ཡིན་མོད།ཚེ་མཇུག་ཁེ་ཤོར། (ཁེ་ཤོར་བ་ནི་破产ཞེས་པའི་ཡུལ་སྐད་དོ།)༽ ཁོས་ང་ཚོ་ལ་ཁེ་ལས་པ་ཞིག་ཡིན་ན་དོམ་བསྲན་དགོས་ཞེས་ཟེར། དོན་བསྲན་མེད་ན་ལས་མི་འགྲུབ་ཟེར།

དེ་ནི་གོ་ལྡོག་ཏུ་སོང་བ་སྟེ། ཁྱོད་ཀྱིས་མི་གཅིག་ལ་བསྲན་ཐུབ་མོད། སྤྱི་ཚོགས་ལ་བསྲན་ཐུབ་བམ། ཐེངས་གཅིག་ལ་ཁྲེལ་མེད་བྱ་ཐུབ་མོད། སྤྱི་ཚོགས་ལ་ཁྲེལ་མེད་བྱ་ཐུབ་བམ། ཁྲེལ་མེད་ཐེངས་གཅིག་བྱས་པ་དེས་ཚེ་གང་བོར་རང་ལ་ཁྲེལ་མེད་བྱས་པ་དང་འདྲ་སྟེ། དེ་ཡིས་རང་གིས་རང་དམན་སར་འཕངས་པ་ཡིན།

    བླ་བྲང་དུ་དགེ་རྒན་སྐོར་ཞིག་དང་མཉམ་དུ་ཁ་བརྡ་བྱེད་དུས། དགེ་རྒན་ཞིག་གིས་ད་ལྟའི་ན་གཞོན་དག་འགྲིག་གིན་མི་འདུག  སྒོར་བསྐྱིས་ན་བྱིན་པའི་འདུ་ཤེས་ལས་བསྐྱིས་པའི་འདུ་ཤེས་མེད། བསྐྱིས་པ་ན་དོམ་འཇལ་བའི་བསམ་པ་མི་འདུག་ཟེར། 


    ཅིའི་ཕྱིར་དེ་ལྟར་གྱུར་རམ། ལེགས་བཤད་འཕྲུལ་གྱི་དྲ་བ་ལས། དཔའ་བོ་སྟག་གི་རི་མོ་ཡལ། །མོ་བཙུན་ངོ་ཚའི་གཡང་ལུག་བུད། ། ཡ་རབས་ཀྱི་སྲོལ་མི་བསྲུང་མ་རབས་ཀྱི་སྤྱོད་པ་བསྐྱང་། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏང་། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། ཞེས་གསུངས་པ་ལྟར།  ཡ་རབས་ཀྱི་ལུགས་བོར་ནས་མ་རབས་ཀྱི་ལས་ལ་འཇུག་པས་ད་ལྟ་དོམ་མི་འཇལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།


    ཆོས་ལས་བཤད་ན་དོམ་མི་འཇལ་བ་ནི་མ་བྱིན་ལེན་ཡིན་པས་མ་བྱིན་པའི་སྡིག་པ་འབྱུང་བས་ཚེ་འདིར་གཞན་ཡིད་མི་ཆེས་ཤིང་། དོན་མི་འགྲུབ་ལ། བསང་ཕུད་པ་སོགས་ཀྱང་དཀར་ཕྱོགས་པ་རྣམས་ཐུགས་མི་དགྱེས་པས་ཆག་ཆེ་ཉམ་ང་སྣ་ཚོགས་འབྱུང་། རིམ་བཞིན་རང་གི་ལོངས་སྤྱོད་རྣམས་ཉམས་པར་འགྱུར་བ་སོགས་ཀྱི་ཉེས་པ་ཤིན་ཏུ་ཆེ།

    ཁྱོད་ཀྱིས་སྒོར་བསྐྱིས་རྗེས་མི་འཇལ་བ་ནི་གཞན་གྱི་རོགས་རམ་ལ་བརྩི་འཇོག་མེད་པ་དང་། རང་ལ་བདེན་དྲང་གི་སྤྱོད་པ་མེད་པའང་མཚོན་ཏེ། ཡ་རབས་ཀྱི་ཚུལ་བོར་ནས་ངོ་ཚ་དང་ཁྲེལ་བོར་ནས་དྲིན་ཅན་ལ་དྲིན་ལོག་དང་གཡང་ལ་ལ་རྡོ་ཁ་ཞེས་པའི་དཔེ་ལྟར་གྱུར་ཡོད།


    ཁྱོད་ཀྱིས་བསླུས་པ་དེས་རང་གི་བདེན་དྲང་དང་ཡ་རབས་སྤྱོད་པ་བརླགས་པ་ཡིན་ལ། རང་ལ་ཡིད་ཆེས་དང་རོགས་རམ་བྱེད་པ་བསླུས་པ་ཡིན་པས་ས་པཎ་གྱིས། རྫུན་གྱིས་ཕ་རོལ་བསླུས་སོ་ཞེས། །སྙམ་ན་རང་ཉིད་བསླུས་པ་ཡིན། །ལན་ཅིག་རྫུན་དུ་སྨྲ་བ་དེས། །བདེན་པ་སྨྲས་ཀྱང་དོགས་པ་སྐྱེ། །ཞེས་གསུངས་པ་ལྟར་དོན་དུ་རང་གིས་རང་བསླུས་པ་ཡིན་ནོ། །ལན་གཅིག་དུག་སྦྲུལ་མཐོང་བའི་གནས་དེར་རྗེས་སུ་སུས་མཐོང་ནའང་འཇིགས་པ་སྐྱེ་བ་ལྟར།  གཞན་ཡིད་མི་ཆེས་པ་ཞིག་ཏུ་གྱུར་པས། རྗེས་སུ་དཀའ་སྡུག་གང་འདྲ་ཞིག་ལ་འཕྲད་ཀྱང་སྐྱི་མཁན་ཞིག་མེད་ལ་རོགས་བྱེད་མཁན་ཡང་མེད།


    མདོར་ན་སྒོར་བསྐྱིས་རྗེས་དོམ་མི་འཇལ་བ་ནི་རང་ཉིད་མི་ཐ་ཤལ་ཞིག་ཡིན་པའི་རྟགས་ཏེ། དོམ་བསྲན་དང་དོན་གཡོལ་བྱེད་པ་ནི་རང་གི་ལས་མི་འགྲུབ་པའི་ལམ་དུ་ཞུགས་ཤིང་། རྒུད་པ་ལ་མངོན་དུ་ཕྱོགས་པའི་ལྟས་ཕྲག་ཏུ་བླངས་པ་ཡིན་པས་ན་གཞོན་དག་གིས་ཆུང་དུས་དོམ་འཇལ་བའི་སྲོལ་ལ་གོམས་ན་མི་ཚེ་འདིར་ལེགས་ཚོགས་མང་བོ་ཞིག་འགྲུབ་པར་འགྱུར་རོ། །


༢༠༢༣ལོའི་ཧོར་ཟླ་གཉིས་པའི་ཚེས་ཉིན་གསུམ་མང་རའི་དགོན་ཆེན་དུ་བྲིས།

ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་ཤེས་རིག་ནོར་བུའི་གླིང་དུ་བཅོས།

 

རྩོམ་ཁུངས།  ཤེས་རབ་ཚོམས་འཕྲིན་སྟེགས་ལས་བཤུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23569899
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།