རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། མེ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། མེ་མཚོ།
རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། མེ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-13ལྟ་ཀློག (2293)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མ་ཡུམ་དུས་ཆེན།  

མེ་མཚོ། ལྔ་རིག་ལྷག་བརྩོན་འཛིན་གྲྭ

ཕ་ཡུལ། སི་ཁྲོན་དཀར་མཛེས།

    ལོ་རེའི་ཟླ་ལྔ་བའི་རེས་གཟའ་གཉིས་པའི་གཟའ་ཉི་མའི་ཉིན་ནི་མ་ཡུམ་དུས་ཆེན་ཡིན་ལ།ཨ་མའི་དུས་ཆེན་ཐོན་དུས་སྐད་འཕྲིན་གྱི་རྒྱབ་ལོག་ན་ཨ་མ་ལ་ཕུལ་བའི་སྨོན་ཚིག་གང་མང་མཐོང་རྒྱུ་ཡོད་པ་དང་།དེ་བཞིན་དུ་མི་མང་ཤོས་ཀྱིས་སྨོན་ཚིག་ཅི་རིགས་བྲིས་ནས་རང་གི་ཨ་མའི་བཀའ་དྲིན་རྗེས་སུ་དྲན་པ་དང་།ཡང་རེ་ཤོས་ཀྱིས་ཨ་མའི་བཀའ་དྲིན་ནི་དྲ་རྒྱའི་བར་སྟོང་ནས་སྨོན་ཚིག་འབྲི་བ་ཙམ་མ་ཡིན་པར། དོན་དངོས་དང་ལག་ལེན་གྱི་སྟེང་ནས་ཨ་མའི་དྲིན་ལན་འཇལ་དགོས་ཞེས་སྐུལ་མ་གཏོང་གིན་ཡོད།དེ་རིང་བུ་མོ་ང་རང་ལ་མཚོན་ན་ཡང་གོ་སྐབས་བཟང་བའི་དུས་ཤིག་རེད།རྒྱུ་མཚན་དགེ་རྒན་དང་སློབ་གྲོགས་རྣམ་པས་ང་ལ་གོ་སྐབས་འདི་བྱིན་པ་ཡིན།དེར་མ་ཟད་གནམ་འོག་གི་ཨ་མ་ཡོངས་དང་ཁྱད་པར་དུ་རང་གི་ཨ་མ་ལ་བཀའ་དྲིན་ཞུ་བསམ་པ་ཡིན།དེས་ན་ཐོག་མ་ངས་གཏམ་བཤད་འདི་ཕྱོགས་གསུམ་ལ་དབྱེ་ནས་དགེ་སློབ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུ་ཡིན།

   དང་པོ་ཡིན་ན།ཨ་མ་ཐམས་ཅད་ཀྱི་བཀའ་དྲིན་ནི་ཅི་འདྲ་ཆེ་བ་ཞིག་ཡིན་པ་བརྗོད་རྒྱུ་ཡིན།   འཇིག་རྟེན་འདི་ན་དང་པོ་ནས་ང་ཚོ་ལ་བློ་དཀར་ཞིང་བླ་མེད་ཀྱི་བརྩེ་བས་སྐྱོང་མཁན་གྱི་མི་ཞིག་ཡོད་པ་ནི་རང་གི་ཨ་མ་རེད།ང་ཚོ་གོམ་པ་འཁྱར་འཁྱོར་སྤོས་ནས་སྐད་ཆ་བཤད་ཤེས་མ་ཤེས་ཀྱི་དུས་ལ།   ང་ཚོས་ཐོག་དང་པོར་བསླབས་ནས་བཤད་ཤེས་པའི་སྐད་ཆ་ནི་ཨ་མ་ཡིན། ཐ་སྙད་འདི་ནི་ཇི་འདྲའི་གསོན་ཉམས་ལྡན་ཞིང་ཡིད་དུ་འོང་བའི་མིང་ཚིག་ཅིག་རེད། ཨ་མའི་མངལ་ལས་ང་ཚོ་ལ་ཚེ་སྲོག་གི་གཉོམ་ལས་རྒྱས་ཤིང་།   ཟླ་དགུ་ཞག་བཅུའི་མངལ་དུ་རུམ་པའི་བར་སྐབས་སུ་ཨ་མས་རང་ཉིད་བློས་བཏང་ནས་ཡོད་ཚད་ཀྱི་ཡོད་ཚད་ཁོག་གི་བྱིས་པ་འདིའི་དོན་དུ་ཕུལ། དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་ད་ལྟ་ལྟར་མངལ་སྦྲུམ་ནའང་ངལ་གསོས་ནས་ཟ་འཐུང་གང་ལེགས་བྱེད་པའི་དུས་ཤིག་ག་ལ་ཡོད།ང་ཚོ་འཇིག་རྟེན་འདིར་འོང་མ་ཐག་ཏུ་དྲིན་ཆེན་གྱི་ཨ་མས་ང་ཚོ་ལག་ཏུ་བླངས་ནས་ཨ་མའི་ནུ་ཞོ་མངར་མོ་དེ་བླུད་ནས་གཉོར་ལག་རྒྱས་སུ་བཅུག  ཨ་མའི་ནུ་ཞོ་མངར་མོ་དེ་ཕྲུ་གུའི་འཐུང་ན་འཇུ་སླ་ཞིང་བཅུད་ལེན་ཐུབ་པ་དང་མ་བུའི་བརྩེ་བ་ཡང་ཇེ་ཟབ་ཏུ་འགྲོ་ངེས་པ་དང་།དེས་མ་ཚད་ཨ་མས་རང་གི་ཕྲུ་གུ་རྣམས་ཀྱི་ཁ་ལུད་སྣ་བླུད་རྣམས་རང་གི་ལག་པ་རྩུབ་མོ་དེའི་མ་རག་ནས་བུ་ཕྲུག་ལ་ཤ་ཚ་ནས་རང་གི་ཁ་ཡིས་འཇིབ་ནས་གཙང་མ་བྱེད་པ་ཡིན།མི་སུས་ཀྱང་ཨ་མ་ནི་རླབས་ཆེ་བ་ཞིག་དང་བྱམས་སེམས་ཆེ་བ།བཀའ་དྲིན་ཤིན་ཏུ་ཆེ་བའི་མི་ཞིག་ཡིན་པ་སེམས་ནས་ཤེས་ཡོད། ཡིན་ན་ཡང་། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཨ་མའི་དྲིན་ལན་འཇལ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། མི་ནི་མ་གཞི་ནས་སྒེར་སེམས་ཆེ་བ་ཞིག་ཡིན་པས།རྒྱུན་པར་ཕ་མའི་དྲིན་ལན་སེམས་ལ་དྲན་རུང་དུས་ཚོད་མང་ཤོས་ནང་འདང་རྒྱག་ས་དང་སེམས་ཁུར་བྱེད་ས་ནི་རང་ཉིད་ཀྱི་བདེ་སྡུག་དང་བདེ་སྐྱིད་ཀྱི་ཕྱོགས་ཡིན་འདུག ཡང་མི་ཐ་ཤལ་རྣམས་ཀྱིས་རང་གི་ཕ་མའི་བཀའ་དྲིན་ཆེ་བ་མི་ཤེས་པར་རྒས་དུས་སུ་ཁོ་ཚོ་གཅིག་པུ་ཁྱིམ་ལ་བསྐྱུར་ནས་འགྲོ་བ་སོགས་ཀྱིས་མཚོན།བྱ་བ་དེའི་རིགས་ནི་དོན་ངོ་མ་མི་ཐ་ཤལ་རིགས་ཀྱི་ལས་ཀ་ཞིག་རེད། ཕ་མའི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པའི་བུ་ཕྲུག་ཀྱང་གང་མང་མང་ཞིག་མཐོང་རྒྱུ་ཡོད།  ཡིན་ན་ཡང་། ཨ་མས་ཐོག་མཐའ་བར་གསུམ་དུ་སེམས་ཁུར་བྱེད་ས་ནི་ནམ་ཡང་བུ་དང་བུ་མོ་ཚོའི་ཆེད་ཁོ་ན་ཡིན་པ་ཤེས་དགོས། ཨ་མས་ང་ཚོ་ལ་ཆུང་དུས་ནས་ཟས་གང་མངར་དང་གོས་གང་འཇམ་སོགས་ལོངས་སྤྱོད་དུ་སྦྱིན་ནས་ནར་སོན་དུ་བཅུག   ཨ་མ་ནི་འདི་ལྟར་རླབས་ཆེ་བ་ཞིག་ཡིན།

   གཉིས་པ་ཡིན་ན་ང་རང་དང་ཨ་མའི་འཚོ་བའི་ཕྱོགས་ཀྱི་སྐོར་ནས་ཉུང་ཉུང་ཞིག་བཤད་རྒྱུ་ཡིན།སྔོན་ཆད་ངས་ཀྱང་ཨ་མའི་བཀའ་དྲིན་རྗེས་སུ་དྲན་པའི་རྩོམ་ཡིག་རེ་འགའ་བྲིས་མྱོང་། དེ་དུས་ཁོ་མོས་ཨ་མས་དཀའ་སྡུག་མྱོང་བའི་གོ་རིམ་དེ་དག་ལ་བསྟོད་བསྔགས་བཤད་པ་ལས་བདག་གི་སེམས་ཀྱི་གཏིང་རིམ་ནས་རྒྱུས་ལོན་བྱེད་མྱོང་མེད་ལ།  དེ་དུས་བུ་མོ་ང་རང་དེ་ལྟར་རྒྱུས་ལོན་བྱེད་ཤེས་པའི་ཚོད་ལ་ཡང་སླེབས་མི་འདུག་མོད།  ཡིན་ཡང་། ལོ་ཟླའི་གོམ་འགྲོས་ནི་མགྱོགས་དྲགས་པའི་དབང་གིས་ཟང་ཟིང་གི་འཚོ་བའི་ཁྲོད་ནས་མི་ལོ་དུ་མ་རིམ་གྱིས་ཕར་འདས་ཤིང་། བུ་མོ་ང་རང་ཡང་ནར་སོན་པའི་གོ་རིམ་ཁྲོད་ནས་ཨ་མའི་དཀའ་སྡུག་དག་རང་གི་ཚོད་ཀྱིས་མི་དམན་པ་ཞིག་རྟོགས་སོང་ལ། དེ་བཞིན་དུ་རང་གི་མིག་ལམ་དུ་ཡང་ཨ་མའི་དཀའ་སྡུག་དག་མི་མང་ནའང་མི་ཉུང་བ་ཞིག་མཐོང་བའི་ཡུལ་དུ་གྱུར་སོང་།  མི་ལོ་གང་མང་གི་ཡར་སྔོན་དུ། ངའི་ཨ་ཕ་ལ་བཅོས་ཐབས་བྲལ་བའི་ནད་ཅིག་ཕོག་ནས་འཇིག་རྟེན་འདི་དང་ཁྱིམ་ཚང་འདི་དང་ནམ་ཡང་ཁ་བྲལ་སོང་། ཨ་ཕ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཀ་བ་དང་འདྲ་སྟེ།ཀ་བ་འགྱེལ་ན་ཁང་བའི་རྟེན་གཞི་འགྱེལ་སོང་བ་ལྟ་བུར་འདུག་པས། དུས་དེ་ནས་བཟུང་ཁྱིམ་ཚང་གི་དཀའ་ལས་དང་འོས་འགན་གང་ཡོད་ཚང་མ་ཨ་མ་གཅིག་པུའི་ཕྲག་ཏུ་ལྷུང་ཡོད། ཨ་མས་ནངས་སྔ་ལངས་དང་དགོང་འཕྱི་ཉལ། དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུག་སོགས་དཀའ་སྡུག་ཇི་ལྟར་ཆེ་ན་ཡང་སྔར་བཞིན་ལས་ཀ་ལས་དགོས་པ་དང་། དེ་དུས་ངེད་ཚང་གི་ཁང་བ་གསར་བ་ཞིག་ཀྱང་ལས་བཞིན་པའི་སྒང་ཡིན། ཤིང་བཟོ་སོགས་ཀྱི་གླ་ཆ་དང་ཟས་རིན་སོགས་ཀྱི་སྒོར་མོ་ཚང་མ་ཨ་མ་གཅིག་པུས་བཙལ་དགོས། དེ་དུས་ང་དང་ངའི་ཕུ་བོ་ཚོ་ཚང་མ་ཆུང་ཆུང་ཡིན་ལ་ཅི་ཡང་མི་ཤེས། འདི་འདྲའི་ཆ་རྐྱེན་མི་བཟང་བའི་གནས་ཚུལ་འོག་ཨ་མས་ང་དང་ངེད་མིང་སྲིང་བཞི་བོ་བསྐྱངས་ནས་འཚར་ལོངས་བྱུང་དུ་བཅུག་ཡོད།  ང་ཚོའི་ཐོག་ལ་ཨ་མས་དཀའ་སྡུག་ཅི་ཙམ་མྱངས་ཡོད་པ་ནི་ང་ཚོའི་སེམས་ལ་ཤོང་དཀའ་ཞིང་།  དཀའ་སྡུག་དེ་དག་ངེད་མིང་སྲིང་བཞི་བོས་ཁ་ལ་ལྕེ་བརྒྱ་ཡོད་ཀྱང་བརྗོད་མི་ཚར་བ་ཞིག་ཡིན། མདོར་བསྡུས་ན་ཨ་མའི་དཀའ་སྡུག་དྲན་སྐབས། སེམས་ལ་སྐྱོ་སྣང་ཞིག་རང་བཞིན་གྱིས་སྐྱེས་སོང་།  དེའི་ཕྱིར། དེ་རིང་ངས་འདི་ནས་རང་ལ་སེམས་ཚོར་ཡོད་པའི་ཐོག་ནས་ཨ་མ་ལ་བཀའ་དྲིན་ཆེ་ཞེས་བརྗོད་ཀྱིན་ཡོད།

   ཕྱོགས་སྡོམ། ང་ཚོ་ནི་བརྩེ་བའི་དྲིན་ཆེན་ཨ་མའི་གམ་ནས་ནར་སོན་པའི་གོ་རིམ་ཁྲོད་མོའི་གཟེངས་སུ་ཐོན་པའི་བྱམས་དང་བརྩེ་བའི་རང་གཤིས་དེ་དག་ཤེས་མེད་ཚོར་མེད་ཀྱི་ངང་ནས་ང་ཚོའི་ལུས་ལ་ཡང་རིམ་གྱིས་གྲུབ་ཅིང་།  ཨ་མ་ནི་ནམ་ཡང་ང་ཚོའི་སེམས་ཀྱི་མིག་དཔེ་བལྟ་ས་དེ་ཁོ་ན་ཡིན། ཨ་མ་ནི་སྐྱོན་གྱིས་མ་གོས་པའི་ལྷ་སྐུ་གསོན་པོ་ཞིག་དང་མཚུངས་པར་སྐྱོན་ཆ་གཏན་ནས་མེད་པ་ཞིག་ཡིན། མཚམས་ལ་ལར་ང་ཚོས་དོན་དག་མི་ལེགས་པ་ལས་དུས་ཨ་མ་ཐབས་ཟད་ཅིང་ཨུ་ཐུག་ནས་ང་ཚོ་ལ་གཅར་རྡུང་བྱེད་དུས་ང་ཚོ་ངུས་ནས་མིག་ཆུ་བཞུར་ན་ཡང་སྔར་བཞིན་ང་ཚོ་ལ་ཨ་མ་མཁོ་ཞིང་ཅིས་ཀྱང་ཨ་མའི་གམ་དུ་བཅར་དགོས།   ཨ་མ་ནི་འདི་ལྟར་བྱམས་སེམས་ཆེ་བ་ཞིག་ཡིན་ལ།  རིམ་བཞིན་མོའི་ཁྲ་ཆུང་མིག་ནང་ལ་ཡང་མཆི་མ་རྡོག་པོ་འཁྱིལ་བཞིན་ང་ཚོའི་མགོ་ལ་བྱིལ་བྱིལ་བྱེད་ལ།   རྗེས་སོར་དོན་དག་མི་ལེགས་པ་བསྒྲུབ་མི་རུང་བའི་ཁ་ཏ་སློབ་གསོ་ཡང་གཏོང་བ་ཡིན།    ནོངས་འགྱོད་མེད་པའི་ཕྱིར་ཏུ་ང་ཚོས་སྔ་ས་ནས་ཨ་མའི་དྲིན་ལན་འཇལ་དགོས་པ་སློབ་གྲོགས་ཚོགས་ལའང་ཞུ་འདོད་བྱུང་།  ཨ་མའི་དྲིན་ལན་འཇལ་སྟངས་ཡག་ཤོས་ནི་ང་ཚོས་སློབ་སྦྱོང་བཟང་པོ་བྱེད་པ་དང་།  རྒྱུན་དུ་ཡ་རབས་བཟང་སྤྱོད་སོགས་ལ་འབད་དགོས་པ་དེ་རེད་བསམ་ཡོད།  རྒྱུ་མཚན་ང་ཚོ་བྱ་བ་དེ་དག་ལ་འཇུག་སྐབས་ཨ་མའི་སེམས་རབ་ཏུ་དགའ་བཞིན་ཡོད་པ་ང་ཚོས་མཐོང་བཞིན་ཡོད་པས་ཕ་མ་དགའ་ན་དྲིན་ལན་ཡིན་ནོ།།  མཇུག་མཐར། སྙིང་ཉེ་བའི་སློབ་གྲོགས་ཚོ།  ཨ་མ་ནི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ང་ཚོའི་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་གཏོང་མཁན་དེ་ཡིན་ཞེས། ངས་འདི་ནས་དྲན་སྐུལ་ཞིག་ཀྱང་བྱེད་འདོད་བྱུང་། དེར་མ་ཟད་དེ་རིང་བུ་མོ་ངས་གནམ་འོག་གི་ཨ་མ་ཡོངས་ལ་སྐུ་གཟུགས་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བར་ཤོག་ཅིག་ཅེས་ཀྱང་ཞུའོ།།

གསལ་བཤད། ལྷུག་རྩོམ་འདི་ནི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་གསུམ་པ་ཐོབ།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23568815
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།