འབྲོག་མོ་ཕལ་བ་ཞིག་གི་ཁྲེལ་གཞུང་། རུ་ཡོང་རྨ་ཤུལ། ཀིརྟི།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »འབྲོག་མོ་ཕལ་བ་ཞིག་གི་ཁྲེལ་གཞུང་། རུ་ཡོང་རྨ་ཤུལ། ཀིརྟི།
འབྲོག་མོ་ཕལ་བ་ཞིག་གི་ཁྲེལ་གཞུང་། རུ་ཡོང་རྨ་ཤུལ། ཀིརྟི།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-07ལྟ་ཀློག (1751)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

འབྲོག་མོ་ཕལ་བ་ཞིག་གི་ཁྲེལ་གཞུང་། 

 རུ་ཡོང་རྨ་ཤུལ། ཀིརྟི། 
       རྨ་ཆུའི་གླུ་མ་མེ་ཏོོག་སྐྱིད་ནི་ངའི་གྲོགས་པོ་ཆོས་རྒྱམ་ལགས་ཀྱི་ཨ་ཅེ་ཡིན་ལ་ངེད་གཉིས་དེང་ཐོག་ངོ་ཤེས་དུས་༢༠༢༠ལོའི་སྟོན་ཁ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་སྐབས་ཡིན་ལ།   སྐབས་དེར་མོའི་བུ་ཆུང་ཤེས་རིག་གླིང་གི་གསར་ཞུགས་སློབ་མ་ཡིན་པས་གྲོགས་པོ་ཆོས་རྒྱམ་གྱིས་ང་ལ་མིང་ཐོ་དགོད་རོགས་སོགས་ཀྱི་ཐད་ནས་རོགས་རམ་རེ་གནང་རོགས་ཟེར་བས། ངས་ཀྱང་ཁོ་ཚོ་ལ་རོགས་ཕྲན་ཙམ་བྱས་པ་ཡིན།  དེ་དུས་ནས་མོ་རང་གངས་ལྗོངས་ཁུ་བྱུག་སྔོན་མོ་དང་དུས་མཉམ་གྱི་གླུ་མ་ཞིག་ཡིན་རབས་ཡོད་པ་ལས་ཁྱིམ་ཚང་གི་གནས་ཚུལ་ག་འདྲ་ཡིན་པ་ང་ལ་ཆ་རྒྱུས་ཅི་ཡང་མེད།  

       ཉིན་དེར་མོས་བཤད་རྒྱུར་“སློབ་གླིང་འདི་ནས་རིག་གནས་ཆེན་པོ་ཞིག་རྒྱུད་ལ་མ་འབྱོར་ནའང་མི་གཤིས་ཡག་པོ་ཞིག་ཨེ་འཁྱོངས་བསམ་ནས་ཆེད་དུ་སློབ་གླིང་འདིར་བསྐྱལ་ཡོང་བ་ཡིན་”ཟེར།   སློབ་གླིང་འདིར་མིང་ཐོ་འགོད་པའི་བསམ་ཚུལ་ཡང་མོ་རང་ཁོ་ན་ལས་བུ་ཆུང་དེ་འདྲ་འཐད་ཀྱིན་མེད་ཚུལ་ཞིག་ང་ལ་བཤད་མྱོང་།    ཉིན་དེར་མིང་ཐོ་བཀོད་རྗེས་རྒྱུགས་ལ་བཞུགས་པའི་གོ་རིམ་ཆ་ཚང་བརྒྱུད་མཐར་མོའི་བུ་ཆུང་སློབ་གླིང་གི་དམའ་གཅིག་འཛིན་གྲྭར་ཚུད་སོང་བས། མོ་རང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད་ནའང་ཞོར་ནས་སེམས་ཁུར་ཞིག་ཀྱང་སྐྱེས་ཡོང་གི་འདུག་ཟེར།    མོས་བཤད་རྒྱུར་“ཞི་ལི་འདི་ལོ་ན་ཆུང་ཞིང་ས་ཐག་རིང་བོ་འདི་ལྟ་བུ་ཞིག་ན་ངོ་ཤེས་དང་གཉེན་ཉེ་གཅིག་ཀྱང་མེད་པས། སློབ་གླིང་འདི་ནས་ཆགས་རྒྱུ་མ་རེད་བསམ་ནས་ང་ལ་སེམས་འཁུར་ཞིག་འདུག   ལྷག་ཏུ་ད་ཐེངས་ངས་ཞི་ལའི་ཁ་ལ་མ་ཉན་པར་བཙན་གྱིས་ཁྲིད་ཡོང་བ་ཡིན་ལ། ཁོའི་ཁ་ནས་ཅི་ཡང་མི་བཤད་ནའང་སེམས་ནས་སློབ་གྲྭ་འདི་ནས་འདུག་བསམ་གྱིན་མེད་པ་འདྲ་”ཟེར།  མོས་ང་ལ་“འཛིན་བདག་དགེ་རྒན་ལའང་བཅོལ་གདམ་ཞིག་གནང་དགོས་པས་ངེད་གཉིས་ཁོང་གི་མདུན་ལ་ཁྲིད་རོགས་”ཟེར།   ངས་ཀྱང་ཁོ་མ་བུ་གཉིས་འཛིན་བདག་དགེ་རྒན་རུ་མིང་འཕྲིན་ལས་རྒྱ་མཚོ་མཆོག་གི་མདུན་ལ་ཁྲིད་ནས་བུ་ཆུང་ལ་ཁ་ཏ་སློབ་གསོ་རེ་གནང་དགོས་ཞེས་ཞུ་རོགས་བྱས་པ་ཡིན ། ད་ནི་དགེ་རྒན་ལ་ཞུས་ཟིན་ལ་སློབ་གྲྭར་ཡང་ཞུགས་ཐུབ་སོང་བས་ངའི་བསམ་དོན་ཡང་འགྲུབ་པ་ཡིན།   “ད་ནས་བཟུང་ངའི་བུ་ཆུང་འདི་ལ་ཁྱོད་ཀྱིས་ཁ་བལྟ་མིག་བལྟ་རེ་བྱེད་རོགས་”ཟེར་ནས་ང་ལ་ཡང་དང་བསྐྱར་དུ་བཤད་ཡོང་བས་ངས་ཀྱང་ཁྱོད་ཀྱི་སེམས་བདེ་མོ་བྱོས་དང་། ངས་རང་གི་ནུས་ཚོད་ཀྱིས་ཁོའི་འགྲོ་འདུག་ལ་ཉམས་འཇོག་གི་འདུག་ཅེས་བཤད།

       རྗེས་ནས་ངའི་ཨ་བུ་སྙན་གྲགས་ཀྱི་ཁ་ནས་གོ་བ་ཡིན་ན་དགོང་མོ་དེར་ངེད་ཚོ་ཡུལ་ལ་ལོག་ཁར་ཨ་ཅེ་མེ་ཏོག་སྐྱིད་དང་མེ་ཏོག་མཚོ་གཉིས་ལམ་གྱི་རིང་ཐུང་དེར་ངུས་པ་རེད་ཟེར།    དེ་དུས་ངས་ཅིའི་ཕྱིར་ངུས་པ་ཡིན་ནམ་སྙམ་པ་ལས་བསམ་བློ་ཞིབ་མོ་ཞིག་བཏང་མ་མྱོང་།   ད་ལྟ་བསམ་ན་དེ་ནི་རིན་ཐང་བྲལ་བའི་ཨ་མ་མཛངས་མ་ཞིག་གི་བྱམས་བརྩེ་རེད།   ལོ་ན་ཤིན་ཏུ་ཆུང་བའི་བུ་ཆུང་གཉིས་འདི་ལྟར་ས་མཐའ་ནས་བཞག་པར་དྲན་གདུང་གིས་མནར་བ་རེད། 

བུ་ཆུང་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཡིན་པ་ཤེས་ནའང་འཁྱག་ལྟོགས་ཀྱི་དཀའ་ངལ་རེ་ལ་འཕྲད་ཨེ་ཡོང་བསམ་ནས་སེམས་ཁུར་གནང་བ་རེད།   འདི་ནི་ཨ་མ་མཛངས་མ་ཞིག་གི་ནང་སེམས་རེད།    དེ་ལྟར་བསམ་བཞིན་ངས་གློ་བུར་དུ་རང་གི་ཨ་མ་དྲིན་མོ་ཆེ་རྒས་བཞིན་པ་ཚོར་བྱུང་།    ངེད་ཅག་གི་འཚོ་བའི་ཆེད་དུ་སྐྲ་འདབས་དཀར་བོར་གྱུར་ཞིང་གདོང་གི་གཉེར་མ་ཇེ་མང་ལ་འགྲོ་བཞིན་པ་ཚོར་བྱུང་།  ཅོལ་ཆུང་ངས་ནམ་རྒྱུན་དོན་དག་ཕྲན་བུ་ཙམ་ཞིག་གི་ཆེད་དུ་མི་དགའ་བའི་རྣམ་འགྱུར་བསྟན་པ་ལ་སེམས་གཏིང་ནས་འགྱོད་པ་སྐྱེས་ཡོང་།

       རྗེས་ནས་ཨ་ཅེ་མེ་ཏོག་སྐྱིད་ཀྱིས་རྒྱུན་པར་ཐུན་གསུམ་པོར་ང་ལ་འཚམས་འདྲི་དང་“ངེད་ཀྱི་བུ་ཆུང་སློབ་གྲྭ་ན་སུན་གྱིན་མེད་དམ་”ཟེར་ནས་ཉིན་བཞིན་བཤད་ཡོང་གི་འདུག      ངས་ཀྱང་མོ་ལ་སེམས་གསོའི་ཚུལ་དུ་ཁྱོད་ཀྱི་སེམས་བདེ་མོ་བྱོས་དང་འདི་ན་ང་ཡོད་པས་བུ་ཆུང་གཉིས་ཀྱི་འགྲོ་འདུག་ལ་ངས་རྒྱུན་པར་ཉམས་འཇོག་གི་ཡོད།    མཚམས་རེར་ངས་ཁྱེད་ལ་བརྙན་ཐུང་རེ་ཡང་བསྐུར་ཡོང་ཞེས་པ་ན། མོས་“ཁ་དྲོ། “སློབ་གླིང་དེ་ན་ཁྱོད་མ་གཏོགས་ངོ་ཤེས་ཤིག་མེད་པས། ཁྱོས་འདི་ལྟར་ཞི་ལིའི་གནས་ཚུལ་རེ་བཤད་ཡོང་བས་སེམས་བདེ་ནི་ཡིན་”ཟེར་མོད།    རྒྱུན་པར་ཐུན་གསུམ་པོར་སྐད་འཇོག་ཚུལ་ལ་བལྟས་ན་སེམས་བདེ་ཡི་མེད་པ་ཤེས་ཐུབ།    དེ་ལྟར་ཕལ་ཆེར་ཟླ་ཕྱེད་ཅིག་འགོར་ཡོད་སྙམ། ཉིན་ཞིག་ང་ལ་སྐད་འཕྲིན་ནས་“ཁ་ཉིན་ཞི་ལིར་གནང་བ་ཞུས་ནས་ཡུལ་ལ་ཡོང་བ་རེད།   ཡུལ་གྱི་མི་དག་གིས་མི་མངགས་པས་ཕྱིར་སློབ་གྲྭར་ཡོང་འདང་མེད། དེ་བས་དགེ་རྒན་ལ་ཇི་ལྟར་ཞུས་ན་འགྲིག་གམ་”ཟེར།  ངས་གནས་ཚུལ་ཇི་མ་ཇི་བཞིན་བཤད་ན་འགྲིག་རྒྱུ་རེད།    གཙོ་བོ་ཁྱེད་ཚོས་ལྟོས། ཕྱིར་སློབ་གྲྭར་ཡོང་ཐུབ་ན་བཟང་རྒྱུ་རེད་ཞེས་བཤད་མོད། “ད་ནི་ཡོང་ཐུབ་རྒྱུ་མ་རེད།  སློབ་གྲྭ་གཞན་ཞིག་ལ་འགྲོ་རྒྱུ་བྱས་ཡོད། ཁྱེད་ཅག་ལ་དཀའ་ལས་གཏད་སོང་”ཟེར།    རྒྱུ་མཚན་ཅིའི་ཕྱིར་ཡོང་མ་ཐུབ་པར་ངས་ཀྱང་གཏིང་འདྲི་མ་བྱས།  དེ་ནས་བཟུང་ངེད་ཅག་གིས་འབྲེལ་བ་མང་བོ་བྱས་མ་མྱོང་།  

      དོ་ནུབ་ངས་ནུབ་ཚ་འཐུང་རྗེས་ལོབ་ཕྱོགས་ལྟར་དུ་ཁ་པར་ལག་ལ་བཟུང་སྟེ་གྲོགས་ཚོམས་ཉུལ་བ་ཡིན།   ངས་ངོ་ཤེས་མང་དག་ཅིག་གི་གྲོགས་ཚོམས་སུ་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལེ་ཚན་<མེ་ཏོག་ལྟ་བུའི་གླུ་མ་མེ་ཏོག་སྐྱིད་>ཟེར་བ་ཞིག་བསྐུར་བཞིན་ཡོད་པས་ངས་ཀྱང་ལེ་ཚན་དེ་ལ་ཐེངས་གཅིག་བལྟས་པ་ཡིན།    

         ལེ་ཚན་དེ་ནི་ཕལ་བའི་འབྲོག་མོ་ཞིག་གི་ཁྲེལ་གཞུང་གི་སྐུད་པས་མི་ལོ་བཅུ་གཉིས་ཀྱི་རིང་ལ་“ཁྱོ་གའི་མིག་ཟུང་བྱས་ཤིང་། སྒྱུག་མོའི་ལག་རྟེན་དུ་གྱུར་”ནས་དགའ་སྐྱོ་ཟུང་གི་མི་ཚེ་བྱམས་བརྩེ་ཡི་འོད་སྣང་གིས་བཙེམ་པའི་གཏམ་རྒྱུད་རིང་མོ་ཞིག་རེད།   རང་གི་དགའ་ཕྱོགས་དང་ཕུགས་འདུན་བསྐྱུར་ནས་ཕལ་བའི་ཁྱིམ་ཚང་ཞིག་ནས་ལང་ཚོའི་ལོ་ཟླ་རྒས་པའི་མཛངས་མ་ཞིག་གི་སྙིང་སྟོབས་རེད།  ཁྲེལ་དང་ཕྱི་ཐག་ཡོད་པའི་ཆུང་མ་རླབས་ཆེན་ཞིག་གི་ནང་སེམས་ཀྱི་དྲོད་ཁོལ་གྱིས་བསྐྱངས་པའི་གཞིས་ཁྱིམ་ཞིག་རེད། ཕལ་བའི་དུད་ཚང་ཞིག་གིས་ཐེག་དཀའ་བའི་བདེ་སྡུག་གི་རི་མོ་ཐོད་ལ་བྲིས་པའི་མནའ་མ་མཛངས་མ་ཞིག་གི་བརྗོད་མི་ཚར་བའི་ནང་སེམས་ཀྱི་གདུང་བ་རེད། སུས་ཀྱང་མི་ཚོར་བའི་སེམས་ཚེགས་མོད་པོ་གདོང་གིས་བསུ་ཕོད་པའི་གངས་རིའི་ཨ་མ་ཞིག་གི་དཔའ་སྐད་རེད། 

        མི་ལོ་བཅུ་གཉིས་ཀྱི་རིང་ལ་ཁོ་མོས་སྐྱོ་སྡུག་གི་ཞེ་རྩ་མཆི་མས་བརྣངས་ཡོད་ནའང་ཨུ་ཚུགས་ཀྱིས་བཙུར་བའི་འཛུམ་མདངས་ཀྱིས་རང་ཉིད་ལ་སྙིང་ཕུར་བརྡབས་ཏེ་འབྲོག་ཁྱིམ་ཞིག་བྱ་སྒོང་བཞིན་རུམ་ནས་སྙོར་ཡོང་བ་འདི་སླ་མོ་ཞིག་ག་ལ་ཡིན།   ཁོ་མོས་འདི་ལྟར་སྡུག་གི་མཆི་མ་ཁོག་ལ་སྦས་ནས་ལོ་ཟླ་གང་མང་ཞིག་ཇི་ལྟར་བསྐྱལ་ཡོང་བ་སུ་ཡིས་ཚོར།    

  མཐར་ཁོ་མོའི་མི་ཚེར་བདེ་སྐྱིད་ལྡན་ཞིང་བཟའ་མི་ཀུན་གྱི་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།   ཚེ་རིང་ནད་མེད།


       ཞེས་སྤྱི་ལོ་༢༠༢༢ལོའི་ཟླ་༡༠བའི་ཚེས་༢༦ཉིན་གྱི་ནམ་སྨད་ཁོ་མོའི་སྐྱོ་སྡུག་གི་གཏམ་རྒྱུད་རིང་མོར་ཐེངས་གཅིག་བལྟས་པས་སེམས་གསོ་ཞིག་གི་དོད་དུ་ཡིག་ངོ་ཏོག་ཙམ་ཆོད་པའི་སྤུ་ལི་དབང་ཆེན་གྲགས་པར་འབོད་པས་རྨ་ཁུག་འགོ་ནོར་བུ་དགའ་འཁྱིལ་ནས་བྲིས་པ་དགེ་གྱུར་ཅིག   

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574378
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།