ངའི་དཔེ་ཀློག་དང་རྩོམ་འབྲིའི་མྱོང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངའི་དཔེ་ཀློག་དང་རྩོམ་འབྲིའི་མྱོང་བ།
ངའི་དཔེ་ཀློག་དང་རྩོམ་འབྲིའི་མྱོང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-06ལྟ་ཀློག (2053)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ངའི་དཔེ་ཀློག་དང་རྩོམ་འབྲིའི་མྱོང་བ།

 རྩོམ་པ་པོ།  སྟག་འབུམ་རྒྱལ།

ངོ་མ་བཤད་ན། མི་ཞིག་གིས་དཔེ་ཀློག་བྱེད་པ་ནི་རང་གིས་རང་ལ་བཟའ་ཆས་མཁོ་སྤྲོད་བྱེད་པ་དང་གཉིས་སུ་མ་མཆིས་ཏེ། བཟའ་ཆས་ཇི་ལྟར་བཟས་ན་ལུས་སྟོབས་དེ་ལྟར་རྒྱས་པ་བཞིན་དུ་དཔེ་ཀློག་ཇི་ལྟར་བྱས་ན་རིག་པའི་འཇོན་ཐང་དེ་ལྟར་འཕེལ་བར་འགྱུར་བ་སུས་ཀྱང་བསྙོན་དུ་མེད་པའི་བདེན་དོན་ཡང་དག་ཅིག་རེད། 

ངའི་སློབ་གསོ་མྱོང་བའི་དུས་སྐབས་ནི་ཀྲུང་གོའི་དེང་རབས་ལོ་རྒྱུས་སྟེང་གི་ཆེས་གྱོང་གུད་ཆེ་བའི་ལོ་བཅུ་སྟེ། རིག་གནས་ཆེན་པོ་ཕར་ཡོལ་ལ་ཉེ་བའི་དུས་ཡིན་པས། སྐབས་དེར་འབྲོག་ཁུལ་དུ་ད་ལྟ་ལྟ་བུའི་གཏན་ཆགས་ཀྱི་སློབ་གྲྭ་ཞིག་མེད་པར་སྦྲ་གུར་སློབ་ཆུང་ཞེས་པའི་དབྱར་དགུན་གཉིས་ཀར་རུ་བ་འདུས་སྡོད་བྱས་ཡོད་སྐབས། ཉིན་བཅུ་གྲངས་རེར་འཚོགས་ཀྱིན་པ་དེ་རེད་ཅིང་། སློབ་དེབ་ཀྱང་དེབ་དང་པོ་དང་གཉིས་པ་ཙམ་ལས་འཁྱེར་ཡོང་གིན་མི་འདུག སྟོན་དཔྱིད་རུ་བ་ཚང་མ་འཐོར་སྡོད་བྱས་ཡོད་སྐབས་ཀྱང་སློབ་གྲྭ་ཨེ་འཚོགས་དང་། སླར་ཡང་དཔེ་ཆ་གསར་བ་རེ་ཨེ་སྟེར་ལ་རེ་སྒུག་བྱེད་ཀྱིན་ཡོད། སྐབས་དེའི་སློབ་ཚན་གྱི་ནང་དོན་ཡང་གསར་བརྗེ་དང་འཐབ་རྩོད་ལ་འབྲེལ་བ་ཤ་སྟག་རེད། དཔེར་ན།《ཁྲེ་རྒོད་འདི་ནི་ཐོན་སྐྱེད་ཏོས་ཀྱི་ཡིན》《འཇམ་དབྱངས་ཁ་ལུག》ལྟ་བུ་རེད། 《ཁྲེ་རྒོད་འདི་ནི་ཐོན་སྐྱེད་ཏོས་ཀྱི་ཡིན》ཞེས་པའི་ནང་དུ། “ཉིན་ཞིག  ཨ་ཕ་དང་ཨ་མ་གཉིས་ཀ་ཀུང་ཧྲེའི་ནང་དུ་སོང་བས། ཕུ་བོ་དང་ངེད་གཉིས་ཀྱིས་གཡུལ་ཁ་བསྲུངས་པ་ཡིན། ཉིན་གུང་ཕུ་བོ་དང་ངེད་གཉིས་དྲོས་ཇ་འཐུངས་ནས་ཕྱིར་ཡོང་དུས། བྱ་ཕོ་སྐོར་ཞིག་ཡོང་སྟེ་གཡུལ་ཁའི་ནང་གི་ཁྲེ་རྒོད་ལ་གཏོར་ལུང་གཏོར་བྱས་འདུག  ཕུ་བོ་མགྱོགས་པོར་བརྒྱུགས་ཏེ་ཕྱོགས་གཅིག་ནས་བྱ་ཕོ་དག་ཕར་བདའ་བ་དང་། ཕྱོགས་གཅིག་ནས་སྐད་གསེང་མཐོན་པོས། ཁེ་རྒོད་འདི་ནི་ཐོན་སྐྱེད་རུ་ཁག་གི་ཡིན། ཟ་མི་ཆོག་ཅེས་བཤད”ཅེས་པ་དེ་རེད། 《འཇམ་དབྱངས་ཁ་ལུག》ཅེས་པའི་ནང་དུ། “ཉིན་ཞིག་ཨ་ཅེ་ཚོགས་འདུར་སོང་བས་ཁྱིམ་དུ་ང་གཅིག་པུ་མ་གཏོགས་མེད། གློ་བུར་དུ་མི་ཞིག་ལྐོག་ལྐོག་སུད་སུད་ངང་ངེད་ཚང་ལ་ཡོང་སྟེ། ཕར་ལྟ་ཚུར་ལྟ་འགའ་བྱས་རྗེས། ང་གཅིག་པུ་ཡིན་པ་མཐོང་འཕྲལ་ངོ་དགའ་སྤྲེལ་ལད་ངང་། ང་ཁྱོད་ཚང་གི་ཤག་པོ་ཡིན། ཟེར་བཞིན་རུམ་ནས་ཝ་ལྤགས་ཤིག་བླངས་ནས་བྱིན་པ་དང་། དེ་མ་ཐག་ཏུ་ད་སྔོན་ལྟར་ལྐོག་ལྐོག་སུད་སུད་ངང་ཕྱིར་བུད་སོང་། ཕྱི་དྲོར་ཨ་ཅེ་ཁྱིམ་དུ་ཐོན་དུས་ངས་རྒྱུ་མཚན་དེ་དག་བཤད་པ་ན། ཨ་ཅེས་ཁུ་ཚུར་གཉིས་ཀ་དམ་པོར་བཅིངས་ནས། ཁོ་ནི་ཕྱུགས་བདག་འཇམ་དབྱངས་ཁ་ལུག་ཟེར་བ་དེ་རེད། ང་ཚོ་གྲལ་རིམ་དགྲ་བོའི་གཡོ་འོག་ཏུ་གཏན་ནས་ཚུད་མི་ཉན། ཞེས་ཟེར”ཞེས་པ་དེ་རེད་ཅིང་གཤམ་དུ་ད་དུང་མགོ་ལ་ཝ་ཞྭ་གྱོན་ཅིང་ངོ་གདོང་སྤྱང་ཀི་དང་འདྲ་བའི་ཕྱུགས་བདག་དེའི་རི་མོ་ཞིག་ཀྱང་བྲིས་འདུག 

ད་ལྟ་བལྟས་ན་དོན་སྙིང་ཅི་ཡང་མི་འདུག་ཀྱང་། སྐབས་དེར་ཧ་ཅང་ལྟ་དགའ་བོ་བྱུང་། སྐབས་དེར་ངའི་ཕ་དྲིན་ཆེན་ཁོང་ཐོན་སྐྱེད་རུ་ཁག་གི་རུ་གཙོ་གཞོན་པ་ཡིན་པ་དང་། གླུ་དང་ཆང་ལ་དགའ་བར་མ་ཟད་ཡིག་ངོའང་ཅུང་ཆོད་ཀྱིན་ཡོད་པས། གོང་རོལ་ནས་ལས་བྱེད་པ་ཡོང་ན་སྡོད་ཡུལ་ངེད་ཚང་ཡིན་ཞིང་སྡེ་བའི་ནང་གི་ཚགས་པར་བསྐྱལ་ཡོང་སའང་ངེད་ཚང་རེད། རེ་ཞིག་རིང《མཚོ་སྔོན་བོད་ཡིག་གསར་འགྱུར》ངའི་གྲོགས་པོར་གྱུར་ཅིང་། ཐེངས་ཤིག་སྡེ་བའི་ནང་གི་སྐྱེས་པ་ཞིག་དང་བུད་མེད་ཅིག  བྱིས་པ་གཅིག་བཅས་ཀྱིས་ཏིན་ཞའོ་ཕིང་ལ་དགག་པ་ངརྒྱག་དགོས་པས། ངས་ཚགས་པར་ལས་དེ་དོན་གྱི་ཚན་པ་གཅིག་བཤུས་ཏེ་བཏོན་པའང་ཡོད། སྲིད་ཇུས་ཇེ་བཟང་ལ་སོང་བ་དང་བསྟུན་ནས《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་པར་ངོས་ཀྱི་གཤམ་དུ་གེ་སར་རྒྱལ་བོའི་སྒྲུང་གི་ཚན་པ་རེ་མུ་འགོད་བྱེད་ཀྱིན་པ་དེས་ངའི་ཡིད་སེམས་ཡོངས་སུ་དྲངས་བྱུང་ལ། དེ་ཡང་བཟླས་བསྐྱར་བཟླས་ཀྱིས་བཏོན་ནས་བློར་ཡོང་གིན་འདུག་ཅིང་། ཡང་ཚགས་པར་རྗེས་མ་ནམ་འབྱོར་ལ་རེ་སྒུག་བྱེད་དགོས་བྱུང་། ཆེས་ཡིད་སྤྲོ་བ་ནི་སྐུ་འབུམ་བྱམས་པ་གླིང་གི་ཆོས་སྒོ་འབྱེད་སྐབས་ཕ་དྲིན་ཆེན་དང་སྡེ་བའི་རྒན་པོ་གཉིས་རྟར་ཞོན་ཏེ་སྐུ་འབུམ་ལ་མཇལ་དུ་སོང་ཞིང་། ཕྱིར་ལོག་དུས《མི་རོ་རྩེ་སྒྲུང》གི་དཔེ་ཆ་ཞིག་ཉོས་ཡོང་བ་དེ་སྐབས་དེའི་ངའི་སློབ་དེབ་ཀྱི་ཚབ་མར་གྱུར་སོང་། ཉིན་བཞིན་བསྐྱར་ཟློས་ཀྱིས་དེར་བལྟས་པ་ཡིན་ལ། དེའི་ནང་གི་གནའ་གཏམ་རེ་རེ་ཁྱིམ་མིར་བཤད་ཅིང་། དོན་མི་གོ་བའི་ཐ་སྙད་འགའ་རེ་ཕ་དྲིན་ཆེན་ལ་དྲིས་ནས་ཤེས་སུ་བཅུག་པ་ཡིན། དེར་མཐུད་ནས་གླིང་སྒྲུང་གི《ལྷ་གླིང་གབ་རྩེ་དགུ་སྐོར》དང་། 《འཁྲུངས་གླིང་མེ་ཏོག་ར་བ》《རྟ་རྒྱུགས་ནོར་བུ་ཆ་བདུན》 《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་སྨད་ཆ་སོགས་དཔར་སྐྲུན་བྱས་སོང་། སྒྲུང་དཔེ་འདི་དག་ནི་གླིང་སྒྲུང་གི་ཆེས་མགོ་མ་ཡིན་པའི་མི་ཚད། བརྗོད་བྱའི་གཏམ་རྒྱུད་ངོ་མཚར་བ་དང་། རྗོད་བྱེད་ཚིག་ལ་སྙན་ཆ་ཆེ་བ། ཚིག་རེ་རེའི་གཏམ་དཔེ་རེ་ཡོད་པ་དང་། གཏམ་དཔེ་དང་བརྗོད་ཚིག་གཉིས་ཀ་ཆུ་དང་འོ་མ་བཞིན་དུ་འདྲེས་འདུག  དོན་ངོ་མ་ད་ལྟ་ངས་སྒྲུང་གཏམ་ཁག་ཏུ་སྤྱོད་བཞིན་པའི་གཏམ་དཔེ་དེ་དག་ཀྱང་། སྒྲུང་དཔེ་འདི་དག་གི་ནང་ནས་བློར་བཟུང་བ་ཤ་སྟག་ཡིན། 

1980ལོ་ང་རང་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས། སྐབས་དེར་དམའ་འབྲིང་དང་མཐོ་འབྲིང་གཉིས་ཀ་དེ་གར་འདོན་གྱིན་ཡོད། ང་ཚོའི་འཛིན་གྲྭའི་ནང་དུ་གེ་སར་སྒྲུང་ལ་ལྟ་ཆེས་དགའ་མཁན་མི་གསུམ་ཡོད། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་དང་སྒྲུང་གཏམ་རྩོམ་མཁན་གྲགས་ཅན་བཀྲ་བྷ་དང་། ད་ལྟ་སྦྲང་ཆར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་དང་མིང་དུ་གྲགས་པའི་སྒྲུང་གཏམ་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ། ད་ལྟ་གཞི་རིམ་གྱི་དགེ་རྒན་བྱེད་པའི་ང་རང་བཅས་སོ། ། དེ་ནས་བཟུང་དཔེ་སྐྲུན་ཁང་སོ་སོ་ནས་གེ་སར་སྒྲུང་དཔེ་མང་པོ་དཔར་བྱུང་། 《འཛམ་གླིང་སྤྱི་བསང》《ཤན་འདན་སྟག་སེང་ཁ་སྤྲོད》《འཇང་གླིང་གཡུལ་འགྱེད》《མོན་གླིང་གཡུལ་འགྱེད》《སྟག་གཟིག་ནོར་རྫོང》《ཚ་བ་མདའ་རྫོང》《འདན་མའི་ནས་རྫོང》《མངའ་རིས་གསེར་རྗོང》《མི་ནུབ་དར་རྫོང》《ཁ་ཆེ་གཡུ་རྫོང》《གྲུ་གུ་གོ་རྗོང》《བྱེ་རུའི་བྱུར་རྫོང》སོགས། རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་དུ་མ་ཕབ་པའི་སྒྲུང་དཔེ་མང་པོ་འདུག སྐབས་ཐོག་ང་ཚོར་དཔལ་འབྱོར་གྱི་ཆ་རྐྱེན་ཧ་ཅང་ཞན་ན་ཡང་། གེ་སར་གྱི་སྒྲུང་དཔེ་དཔར་སྐྲུན་བྱས་ཡོད་ཚད་ངས་ཉོས་པ་ཁོ་ལ་གཡར་བ་དང་ཁོས་ཉོས་པ་ལ་ངས་བལྟས་པ་སོགས་བྱས་ཏེ་མ་བལྟས་པ་གཅིག་ཀྱང་མེད། ལན་རེར་ང་ཚོ་གསུམ་པོ་དཔེ་ཁང་དུ་སོང་བའི་ཚེ་ན། སྒྲུང་དཔེ་གསར་བ་འགའ་རེ་ཡོད་ཚེ། མི་རེ་རེས་ཚང་མ་ཉོ་སྤྱད་མེད་པས། མི་རེ་རེས་སྣ་རེ་ཉོས་ཏེ་གཡར་རེས་བྱས་ཏེ་བལྟས་པ་ཡིན། ཐེངས་ཤིག་སློབ་གྲོགས་བཀྲ་བྷ་ལགས་ཀྱིས་སྐད་ཆ་འདི་འདྲ་ཞིག་བཤད་པ་ངས་བརྗེད་རྒྱུ་མི་འདུག ཁོས་བཤད་རྒྱུར། གེ་སར་སྒྲུང་འབྲི་རྒྱ་སླ་མོ་འདུག རྒྱལ་ཁབ་གཞན་ཞིག་གི་དམག་དཔོན་སྐོར་ཞིག་ལ་མིང་འཇིགས་པོ་འགའ་བྲིས་ཏེ། རྗེས་ནས་གླིང་གི་དཔའ་ཐུལ་རྣམས་ཀྱིས་དེ་དག་དཀའ་དཀའི་ངང་བཏུལ་ཚུལ་བརྗོད་ན་དེ་རེད་ཟེར། ངོ་མ་བཤད་ན་སྐབས་དེར་ངའི་སེམས་ལའང་གླིང་སྒྲུང་ཞིག་དངོས་གནས་འབྲི་དགོས་པ་ཡིན་ནའང་འབྲི་མི་ཐུབ་སྙམ་པའི་ཚོར་བ་སྐྱེས་སྲིད་རྒྱུ་མ་རེད། འདི་ནི་འཕྲུལ་སྣང་ཞིག་ཡིན་ནའང་ཐང་། གང་ལྟར་བཤད་ཀྱང་རྗེས་ཕྱོགས་ཀྱི་ལོ་ཟླ་རིང་མོའི་ཁྲོད་ནས་ངེད་གསུམ་པོ་བོད་ཀྱི་སྒྲུང་གཏམ་འབྲི་མཁན་ཞིག་ཏུ་གྱུར་བ་དེ་ནི། ང་ཚོ་གེ་སར་སྒྲུང་དཔེ་ལ་ལྟ་བར་དགའ་བ་དང་ཁ་འབྲལ་མི་ཐུབ་པ་ནི་ངས་ཁ་ཚོན་བཅད་ནས་བཤད་ཐུབ། 

ངས་འདི་དག་གསལ་བོར་བཤད་དོན་ནི། ད་ལྟ་རྒྱ་རིགས་ཀྱི་སློབ་མ་དག་ལ་མཚོན་ན། དམའ་འབྲིང་མཐར་ཕྱིན་དུས་ཕལ་ཆེར་སྒྲུང་རིང་གྲགས་ཆེན་བཞི་ལ་བལྟས་ཚར་འདུག ཡིན་ནའང་གེ་སར་རྒྱལ་བོའི་སྒྲུང་ནི་རྒྱ་གར་གྱི་མ་ཧཱ་བྷ་ར་ཏ་དང་ཀེ་རི་སའི་ཧོ་མའི་ལོ་རྒྱུས་སྙན་རྩོམ་ལས་ཀྱང་འགོངས་ཏེ། འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་དུ་གྲགས་པ་ནི། བོད་མི་རིགས་ཀྱི་ཆེས་སྒྲུན་དུ་མེད་པའི་གཟི་བརྗིད་ཅིག་རེད་མོད། འོན་ཀྱང་ད་ལྟ་བོད་ཀྱི་སློབ་གྲྭ་བའི་ནང་དུ་དེར་ཆ་རྒྱུས་ཡོད་མཁན་ཧ་ཅང་དཀོན་པ་ནི། ད་སྔོན་གྱི་གཟི་བརྗིད་དེ་ལས་ཀྱང་ཆེ་བའི་ངོ་ཚ་ཞིག་རེད། ང་ཚོ་ལ་མཚོན་ན་མ་མཐའ་ཡང《འཁྲུངས་སྐོར》དང《རྟ་རྒྱུག་རྒྱལ་འཇོག》《ཧོར་གླིང་གཡུལ་འགྱེད》གསུམ་ལ་ཆ་རྒྱུས་ཤིག་ཡོད་འོས་པ་རེད། རྗེས་ནས་ཕྱི་གླིང་བའམ་མི་རིགས་གཞན་པ་ཞིག་གིས་གེ་སར་སྒྲུང་གི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ནའང་བཤད་རྒྱུ་ཅུང་ཙམ་ཡོད་པ་རེད། དེ་མ་གཏོགས་ངས་རྒྱ་ཚ་ཞལ་དཀར་ཟེར་བ་ཞིག་ཐོས་མ་མྱོང་ཞེས་བཤད་ཚེ་ཕ་རོལ་བོའི་ཡི་ག་གཏིང་ནས་ཆད་རྒྱུ་རེད། 

དམའ་གསུམ་སྐབས་ནས་བཟུང་ང་ཚོར་སྙན་ངག་ཁྲིད་པ་རེད། སློབ་དེབ་ནི་ཨ་ལགས་དུང་དཀར་གྱིས་བརྩམས་པའི《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》རེད། ལེའུ་གསུམ་པོ་ཁ་ཚང་ལ་ཁྲིད་པ་རེད། ད་ལྟ་ང་ཚོའི་སློབ་དེབ་ངོས་སུ་བཀོད་པའང་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས་དྲངས་པ་རེད་མོད། ཡིན་ནའང་དེ་དག་ནི་རང་བཞིན་བརྗོད་པའི་རྒྱན་བཞི་བོ་དང་། དཔེ་རྒྱན་དང་གཟུགས་རྒྱན་སོགས་ལས་ཉུང་འཕྲི་བྱས་ཏེ། རྒྱུན་སྤྱོད་རང་བཞིན་ལྡན་པ་འགའ་རེ་བཀོད་པ་དེ་རེད་པས། ང་ཚོས་འདི་དག་ལའང་དཔེར་བརྗོད་འབྲི་མི་ཤེས་འདུག་ཟེར་ནས་བཤོལ་ཐབས་བྱེད་པ་ནི་། མཐར་གཏུགས་ནས་བཤད་ན་རང་ཉིད་ཀྱིས་རང་ཉིད་དམའ་འབེབས་བྱས་པ་དང་། རང་ཉིད་ཀྱི་གོང་འཕེལ་ལ་རང་ཉིད་ཀྱིས་སྔོན་འགོག་བྱས་པ་ཁོ་ན་རེད། དཔེར་བརྗོད་འབྲི་ཤེས་ན་འབྲི་དོན་ཡང་ཡོད་པ་མ་རེད། འབྲི་མ་ཤེས་པས་ད་གཟོད་འབྲི་ཨེ་ཐུབ་ལ་ཧུར་བརྩོན་བྱ་དགོས་པ་རེད། ངོ་མ་བཤད་ན་དེང་ཐོག་ང་ཚོས་དཔེར་བརྗོད་འབྲི་དུས་ཅུང་དཀའ་ངལ་ཡོད་གི། རང་གི་ཚིག་སྦྱོར་དེ་དེ་འདྲའི་སྡེབ་ལེགས་ཤིང་སྙན་ཆ་དོད་པ་ཞིག་མ་རེད། གལ་ཏེ་མཁས་པའི་སྙན་ངག་དག་ལས་ཚིག་རྐང་གཅིག་རེ་རང་གི་དཔེར་བརྗོད་ཀྱི་ནང་དུ་དྲངས་ན་ཡང་། ཕལ་ཆེར་བོང་བུ་ཞིག་ལ་རྟ་ཡི་མགོ་སྤྲད་པ་བཞིན་དུ་ལྷང་དུ་བུད་འདུག དེའི་རྒྱུ་མཚན་ནི་ཁྱོད་ཀྱིས་སྙན་ངག་གི་དཔེ་ཆ་ཇི་འདྲ་བལྟས་ཀྱང་། བློ་རུ་མ་བཟུང་བར་དཔེར་བརྗོད་འབྲི་དུས་དཔེ་ཆ་དེ་བཙལ་ནས་ནང་གི་ཚིག་བླངས་ན། དེ་ནི་བརྐུས་འབྲི་བྱས་པ་ཙམ་ལས་ཁྱོད་ལ་ཕན་ཐོགས་མི་འདུག དེ་ལས་རང་གིས་བལྟས་ན་དོན་གོ་བའི་ཚིག་སྙན་ཆ་ཅན་དག་བློར་བྱང་བར་བྱས་ན། རྗེས་ནས་དཔེར་བརྗོད་འབྲི་དུས་ཀྱང་། ཚིག་དེ་དག་ཟུར་ག་གང་རུང་ནས་རང་གི་སྨྱུག་རྩེ་རུ་ཐོན་ཡོང་ལ། ལན་རེར་ཚིག་དེ་གང་ཞིག་ནས་མཐོང་མྱོང་བ་དང་འདྲ་ལ། རང་གི་ཡིན་ནམ་གཞན་གྱི་ཡིན་པའང་མི་ཤེས་པའི་སྐབས་སུ། དེ་ནི་གཞན་གྱི་མ་ཡིན་པར་རང་གི་ཡོན་ཏན་དུ་གྱུར་ཟིན་པ་རེད། དེའི་རྐྱེན་གྱིས་ངས་དུས་རྒྱུན་དུ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་གྱི་སྙན་ངག་དཔེར་བརྗོད《སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས》ཀྱི་དཔེར་བརྗོད་ཕལ་ཆེར་བློ་ལ་བཟུང་བ་ཡིན། རང་ཉིད་ཆེས་དགའ་བའི་སྐོར་ཞིག་ད་དུང་ཡང་བརྗེད་མི་འདུག དཔེར་ན། ཕུལ་བྱུང་གི་རྒྱན་གྱི་ཁྲོད་ཀྱི། རྣམ་འདྲེན་ཁྱོད་ཐུགས་བསླབ་གསུམ་རིན་པོ་ཆེས།། ཡོན་ཏན་ཕུང་བོས་མངོན་པར་ཁེངས་པས་བརྗིད།། གཡོ་མེད་འདེགས་པར་བཟོད་པའི་ནོར་འཛིན་མ།། ཆུ་གཏེར་ཀློང་དུ་མ་བྱིང་ངོ་མཚར་ཆེ།། དང་སེམས་ལྡན་རབ་བཏགས་ལ། གངས་ལྗོངས་བསིལ་བས་རེག་བྱས་དབྱངས་ལྷ་མོ།། གྲང་བས་ཉེན་ཏེ་ཁོ་བོའི་སྙིང་དབུས་སུ།། དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་ཚིག་གླུ།། ལེན་པའི་ཟོལ་གྱིས་བག་ཕེབས་གནས་སམ་སྙམ།། ཡང་འགོག་པའི་རྒྱན་གྱི་ནང་དུ་ཡང་། དཔལ་ལྡན་ཟླ་བས་རི་མོའི་བ་དྲུས་ལས།། འོ་བཞོས་པས་བདེན་ཞེན་ལྡོག་ཅེས་པ།། མི་སྲིད་ཡང་ན་རྟེན་དང་འབྲེལ་འབྱུང་གི། ནུས་མཐུ་ཚུར་མཐོང་བསམ་བརྗོད་ཡུལ་ལས་འདས།། ཡང་། བཟད་ལུང་ཁྲོ་ཕུའི་ཕྱོགས་ནས་བསྟན་པའི་ཁུར།། ལོངས་ཞེས་སྤྲིངས་ཡིག་དམར་པོ་ཐོག་ཏུ་རྒོད།། བདག་ལུས་བཞི་བརྒྱ་རྩ་བཞིའི་འབྱུང་ནད་ཀྱི།། ཁྱིམ་ལགས་དེ་དང་བགྲོ་གླེང་བགྱིད་འཚལ་ལོ།། གྲོགས་ཁྱོད་ལོངས་སྤྱོད་བཞེད་ན་འདྲེན་བྱེད་ཀྱིས།། མཐོང་ཚད་བྱི་བ་བཞིན་དུ་ལྐོག་གསོག་འཚལ།། ནམ་ཞིག་འཆི་བདག་བཙན་པོས་ཤབ་རྒྱུགས་ཀྱིས།། ཁབ་ཙམ་འཁྱེར་དབང་མེད་པའི་དུས་ཤིག་མཆིས།། ད་དུང་བསྡུས་བརྗོད་ཀྱི་རྒྱན་ལས་རྒྱལ་དབང་ལྔ་བ་ཆེན་མོར་ཟུར་ཟ་བྱས་ཡོད་པ་རེད་ཟེར་བའི། ལུས་གྲིམས་རྐང་བ་བརྒྱད་པའི་ཤ་ཚུགས་ཀྱིས།། དུས་ཀུན་གན་རྡོ་ལར་འགྱིང་རྔམ་རྔམ་འདྲ།། དོན་གྱི་བྱ་བར་ཞུགས་ཚེ་བེམ་པོ་དངོས།། དེ་འདྲ་མཚར་དུ་འཛིན་པ་བྱིས་པའི་བློ།། ཕྲ་མོའི་རྒྱན་དུ། ཚོགས་དབུས་ལང་ཚོ་རབ་རྫོགས་ཟླ་གཞོན་མས།། དངུལ་དཀར་ཞུན་མ་ལས་གྲུབ་བཞིན་གྱི་སྣོད།། མཁའ་རུ་འཕྱར་ཏེ་ས་རུ་བཞག་པའི་འགྲམ།། ཀུན་དའི་མེ་ཏོག་ཟུང་གཅིག་བཙུགས་ནས་སོང་།། 

གཞན་ཡང་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པའི་ཡོངས་འཛིན་བློ་བཟང་དཔལ་དན་གྱི་ཆབ་ཤོག་ལས་ཕོ་ཉ་གཞོན་ནུ་དོན་གྲུབ་དང་། ཀུན་མཁྱེན་གྲུབ་པའི་དབང་བོ་འཇིགས་མེད་ལ་ཕུལ་བ་ཞུ་འཕྲིན་རིག་བྱེད་དབྱངས་ཀྱི་སྙིང་བོ། རྟོགས་བརྗོད་གསེར་གྱི་མེ་ཏོག་སོགས་བློར་བཟུང་བ་ཡིན། འདི་ནས་བྱང་དུ་དཔག་ཚད་ཁྲི་ཕྲག་ན།། རྒྱལ་ཀུན་ཡེ་ཤེས་ཐིག་ལེ་ལྟར་ཆགས་པ།། བདག་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་།། མཚན་ཙམ་གྱིས་ཀྱང་རྣ་བའི་བཅུད་ལེན་ཡོད།། དེ་རུ་ལས་བཤོལ་མེད་པར་དགོས་པའི་དོན།། ཆ་གཅིག་རིངས་པར་སྒྲུབ་པའི་ཕོ་ཉ་བ།། རིག་བྱེད་ཚིག་གིས་སྤྱི་བོར་དབང་བསྐུར་ན།། ཡོན་ཏན་ཁོ་ལག་རྫོགས་པ་འགའ་ཡོད་དམ།། …… བདག་གི་ཁྱིམ་ན་རྟ་དང་གླང་བོའི་ཁྱུ།། བྱ་རྒོད་ཤུགས་ཀྱིས་ཉིན་ཞག་བཅོ་བརྒྱད་ཙམ།། ཉུལ་ཡང་ཕྱི་མའི་མཐའ་ནི་མི་དམིགས་པའི།། སྟོབས་དང་འབྱོར་བ་ནོར་རྩེན་ཕོ་བྲང་བཞིན།། …… ཆོས་དང་ཕྱི་མ་བཏང་ནས་འདོད་ཆེན་གྱི།། མེ་གང་སྟོང་གསུམ་དངོས་འདིས་མི་ངོམས་ན།། ནམ་ཞིག་རང་གི་ཕ་མའི་མགོ་བོ་ཡང་།། བསྲེག་བྱའི་བུད་ཤིང་བྱེད་ལ་ཐེ་ཚོམ་ཅི། ། …… གང་ཞིག་ཁྱོད་ཞལ་མཐོང་བ་ལ།། བྲེལ་བའི་ཡིད་ཀྱིས་བརྣངས་བྱས་པ།། རིན་ཆེན་གླིང་ཕྱིན་དེད་དཔོན་ནི།། རང་སྲས་མཐོང་ལ་དེ་ལྟ་མིན།། ཁ་བ་ནག་པོའི་མདངས་ཀྱིས་འབབ།། སྦྲུལ་གྱི་སྐྲ་ལོ་སྐྱེས་ཀྱང་སྲིད།། མྱུར་དུ་ཁྱོད་ཞལ་མི་མཇལ་རི།། ཞེས་པའི་བྲོ་ཚིག་བཟླས་ལ་བརྩོན། ཀུན་མཁྱེན་གྲུབ་པའི་དབང་བོ་འཇིགས་མེད་ལ་ཕུལ་བའི་འཕྲིན་དུ། ལས་ཀྱི་རི་དྭགས་བས་མཐའི་དགའ་ཚལ་ན།། ལས་ཀྱིས་རྩེན་པའི་ཆོ་ག་མ་རྫོགས་ཀྱང་།། ཡིད་ཀྱི་ཆུ་བོ་དད་པའི་ཡུར་བ་ནས།། ཉིན་བཞིན་ཁྱོད་ཕྱོགས་རྒྱུ་ལ་རྒྱུན་ཆད་གང་།། དགོངས་ཤིག་བྱེས་སུ་འཕྱན་པ་མ་མའི་ངག། ཕྱིར་མིག་ཨོམ་ཚུགས་བརྟན་པའི་སྟངས་ཀ་ན།། གདུང་བ་སེམས་ལ་བརྣག་སྟེ་དབུགས་དང་བཅས།། གྲེ་བ་འགེངས་ལ་བརྩོན་པའི་ཚུལ་དེ་འོ།། སོགས་ད་ལྟ་ཡང་བློ་རུ་འདུག ད་དུང་ཆབ་ཤོག་གཞན་དག་ལས་ཀྱང་རང་གིས་དོན་གོ་ཞིང་ཧ་ཅང་ངོ་མཚར་སྙམ་པ། གཞུག་ནས་རང་ཉིད་ལ་མཁོ་ས་ཡོད་འདུག་སྙམ་པའི་ཤོ་ལོ་ཀ་རེ་ཡིན་ནའང་བློར་བཟུང་བ་ཡིན། དཔེར་ན། རྗེ་བཙུན་ཤེས་རབ་རྒྱ་མཚོའི་རྩོམ་གཤིས་ལ་ཧ་ཅང་བཙན་ཞིང་བརྗིད་པའི་ཉམས་ལྡན་ནི་རེད། ང་ནི་སྒྲ་རྒྱན་ལ་སྦྱར་ནས་རང་གི་མིང་སྙན་ངག་གི་ཐོག་མཐའ་བར་གསུམ་དུ་ཚོར་མེད་ངང་སྦྱར་ཡོད་པ་དེ་ལ་དགའ། དཔེར་ན། གངས་དཀར་བླ་མར་ཕུལ་བའི་འཕྲིན་གྱི་མགོར། ཤེས་བྱའི་ག་བུར་དགོངས་ལ་འཕྱོ་བའི་གངས།། རབ་གསལ་སོ་མའི་སྣང་བ་དུང་ལས་དཀར།། རྒྱ་བོད་གཞུང་ལུགས་མང་ཐོས་ཐར་བའི་བླ།། མཚོ་དང་འདྲ་བར་མཛོད་ཅིག་ཨོ་མཛད་མ།། ཡང་འཕྲིན་ཡིག་ཅིག་ཏུ།། ཤེས་བྱའི་གནས་ལ་བློ་ཡི་རྩེ་རྟུལ་ཡང་།། རབ་འབྱམས་སྨྲ་བའི་མིང་གི་སྒྲོ་མདོངས་ཅན།། རྒྱ་བོད་མཁས་མང་དད་པས་མཆོད་པ་བདག། མཚོ་ན་གནས་པའི་ངང་ངུར་བཞིན་དུ་བདེ།། ཡང་རྩོམ་ཡིག་ཅིག་ཏུ་བླ་བྲང་བཀྲ་ཤིས་འཁྱིལ་ལ་བསྟོད་པ་བྱེད་པར་། བཀྲ་བ་ཆོས་སྲིད་ཚངས་བའི་རི་མོ་འབུམ།། ཤིས་པ་ཐོག་མ་བར་དང་ཐ་མར་དགེ། འཁྱིལ་བ་ལུང་རྟོགས་སྨན་གྱི་ཆུ་བོ་སྟོང་།། བཀྲ་ཤིས་འཁྱིལ་དུ་གྲགས་པ་དོན་དང་མཐུན།། དེ་དང་དེ་ལ་སོགས་པ་མང་པོ་ཞིག་བློར་བཟུང་རྗེས་བརྗེད་རྒྱུ་མི་འདུག ང་ཚོ་སློབ་བུ་ཚོས་ཀྱང་བློ་ལ་ཅི་ཞིག་འཛིན་ནའང་དེ་རང་ཉིད་ཀྱིས་རྗེས་སུ་ཇི་ལྟར་བཀོལ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས་བློར་བཟུང་ན་ནམ་ཡང་བརྗེད་རྒྱུ་ཡོད་མི་སྲིད་ལ། དེས་ཁྱོད་ཀྱི་ཕྱི་དུས་ཀྱི་རྩོམ་ཡིག་འབྲི་སྦྱོང་ལ་ཕན་པ་རྒྱ་ཆེན་པོ་ཐོན་པར་བྱེད་དོ།། རིམ་བཞིན་དུ་ངའི་སྙན་ངག་གི་དཔེར་བརྗོད་འབྲི་བའི་ཆུ་ཚད་ཀྱང་མངོན་གསལ་ངང་ཇེ་བཟང་དུ་སོང་བར་མ་ཟད། རང་ཉིད་ཀྱང་སྙན་ངག་ལ་ཅུང་མཁས་འདུག་སྙམ་པའི་བསམ་བློ་བྱུང་སོང་། ད་དུང་རྒྱ་ཤར་བའི་ལུགས་ཀྱི་སྙན་ངག་གི་ཁ་དམ་པ་དང་། ལྷོ་བའི་ལུགས་ཀྱི་ཁ་ལྷོད་པའམ་གོ་སླ་བ་ཡིན་པས། ང་རང་ཉིད་ཀྱི་བསམ་པ་མ་བཟང་བ་ཡིན་ཡང་སྲིད་མོད། ཤར་བའི་ལུགས་ལྟར་གཞན་གྱིས་གོ་དཀའ་བའི་སྙན་ངག་འབྲི་བར་དགའ། གཞན་གྱིས་མ་གོ་ན་དེ་བཟང་བོ་ཞིག་ཏུ་བརྩི་བར་བྱེད། ཤོ་ལོ་ཀ་འགའ་རེ་བྲིས་ཏེ་སློབ་གྲྭའི་ར་སྐོར་ནང་གི་སྒོ་སམ་ཚགས་པར་དུ་ཡང་སྤེལ་མྱོང་། ངས་དངོས་སུ་ཐོས་པ་མིན་ཡང་། དགེ་རྒན་ཚོས་ར་བཟང་གི་ཞེས་བསྟོད་པ་བྱེད་ཀྱིན་འདུག་ཟེར། དེ་བས་ངའི་སེམས་ལ་གནོན་མི་ཐུབ་པའི་དགའ་སྤྲོའམ་རང་ཉིད་གནས་གང་ཞིག་ཏུ་ཡོད་པའང་མི་ཤེས་པའི་ཚོར་བ་ཞིག་སྐྱེས་བྱུང་།

ཡོངས་ཁུངས། ཀོས་ནན་ཉི་འོད་སྲིད་དོན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570220
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།