རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ​ཡི་དམ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ​ཡི་དམ་མཚོ།
རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ​ཡི་དམ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-17ལྟ་ཀློག (2429)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཕ་ཡུལ།   

ཡི་དམ་མཚོ།  རེ་བའི་མེ་དཔུང་འཛིན་གྲྭ    

ཕ་ཡུལ།    མཚོ་ལྷོ་འབའ་རྫོང་།

       ཕ་ཡུལ། ཁྱེད་ཀྱི་རུམ་ཁོང་དྲོན་མོའི་ཟབ་ས་ནི། ངའི་ཆེས་ཐོག་མའི་དྭངས་གཙང་གི་ངུ་སྐད་ཤོར་ས་དང་། ལྟེ་ཁྲག་དམར་པོའི་ལང་ཚོ་འཐོར་ས་ཡིན་ལ། ལྷད་མེད་འཛུམ་བག་གི་གང་བུ་བཞད་ས་དང་། འགྱེལ་ལངས་གྲངས་མེད་ཀྱི་ཅ་ཅོའི་གོམ་ཆུང་སྤོ་ས་ཡིན། ཁྱེད་ཀྱི་སྐྱིལ་མོ་ཀྲུང་གི་པང་ཁུག་ནི། ངས་གསལ་དག་སྙན་གསུམ་གྱི་ཀ་མད་སུམ་ཅུའི་དབྱངས་སྙན་མཐོན་པོར་ལེན་ས་དང་། དགའ་སྐྱོ་འདྲེས་མའི་བྱིས་དུས་ཀྱི་ལོ་ཟླ་ལ་རྫོགས་ཚིག་འགོད་ས་ཡིན།    ཁྱེད་ཀྱི་པང་ཁུག་ནས་ངས་འཚོ་བའི་མངར་སྐྱུར་ཁ་གསུམ་ལ་རོལ་ཞིང་།ཁྱེད་ཀྱི་བྱམས་བརྩེའི་ཐུ་འོག་ནས་ནར་སོན་གྱི་གཉོམ་ལག་རྒྱས། ཁྱེད་ཡོད་ན་གཞན་ཡུལ་གྱི་མཛེས་པ་དེ་ལ་ཡིད་སྨོན་བྱེད་མི་དགོས་ལ། གནས་ཡུལ་གཞན་གྱི་ཁྲ་ཚོམ་གྱི་མེ་ཏོག་ལ་ཡིད་དབང་འཆོར་མི་དགོས།    

    ངའི་ཕ་ཡུལ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པར་མ་ཟད་ད་དུང་རི་ཆུ་དང་རིན་ཆེན་གཏེར་མཛོད་ཀྱིས་བསྐོར་ཡོད་པ། བདེ་ཞིང་ཁོད་ཡངས་པ།བརྗིད་ཉམས་ལྡན་པ། མི་ཚང་མ་ཡིས་མཐོང་མ་ཐག་ཡིད་དབང་འཕྲོག་པ་ཞིག་ཡིན་པས། ང་ངའི་ཕ་ཡུལ་ལ་ཧ་ཅང་དགའ་བ་དང་ཧ་ཅང་དུངས།རི་རྣམས་བརྗིད་ཆགས་ཀྱིས་ལུང་བ་རེ་རེར་ཁེབས་ཡོད། རི་ནི་མཐོ་ཞིང་མཛེས་ལ་བརྗིད་ཉམས་ལྡན་པ་ཞིག་ཡིན། ཆུ་བོ་ནི་དྭངས་ཤིང་གཙང་བ་ཞིག་ཡིན། རི་བོ་རེ་རེའི་ཁོང་གསེང་དུ་ཆུ་བོ་རེ་རེ་བཞུར་ཏེ་ཐོན་གྱིན་ཡོད་ལ། ཆུ་བོ་རེ་རེ་ཡིས་རི་བོ་ཚང་མ་བརྟོལ་ཏེ་བཞུར་བཞིན་ཡོད།ཆུ་བོ་རེ་རེར་ཆུ་མགོ་རེ་ཡོད། དེའི་ཆུ་ནི་ཧ་ཅང་དྭངས་ལ་ཧ་ཅང་གཡའ་དག་པ་ཞིག་ཡིན་པར་མ་ཟད་རིག་མ་ཐག་འཐུང་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་བྱུང་། དེའི་རྐྱེན་གྱིས་འཐུང་ན་ཧ་ཅང་ཞིམ་པའི་སྣང་བ་ཡང་འཆར་རོ།། 

    དེའི་རྐྱེན་གྱིས་ཕ་ཡུལ་གྱི་མི་རྣམས་ཆུ་དེ་འཐུང་བར་ཧ་ཅང་དགའ་བར་མ་ཟད་ང་རང་ཉིད་ཀྱང་ཆུ་དེ་འཐུང་བར་ཧ་ཅང་དགའ། ཆུ་དེ་འཐུང་ན་ཧ་ཅང་ཞིམ་པར་མ་ཟད་ད་དུང་གཏེར་ཆུ་དང་མཚུངས་སོ།། དེར་མ་ཟད་ད་དུང་ཆུ་མགོའི་ནང་གི་ཉ་ཚང་མ་ཡང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པ་མཐོང་ཐུབ།དེ་ནི་ལྷད་མ་འདྲེས་པའི་ཆུ་མགོ་ཞིག་ཡིན་པ་སྨོས་ཅི་དགོས།       དཔྱིད་ཀར། དྲོད་འཇམ་གྱི་བསེར་བུ་དལ་གྱིས་ལྡང་ཞིང་། ཆུ་ཕྲན་གྱིས་གླུ་སྒྲ་ཤག་ཤག་ཏུ་ལེན། སོ་ནམ་པ་དག་གིས་རེ་སྨོན་དང་འཛུམ་མདངས་ཀྱིས་ས་བོན་ཕྱོགས་སུ་གཏོར་ཞིང་། རྨོ་འདེབས་ཆུ་གཏོང་གི་འཚོ་བའི་ཡོ་ལང་རྣམ་པར་རྒྱས།  རེ་སྨོན་གྱིས་ཁྱབ་ཅིང་མཛེས་སྡུག་གིས་བརྒྱན་པའི་ཕ་ཡུལ་གྱི་དཔྱིད་ཀ    

  དབྱར་ཁ་སླེབས་བྱུང་། སྔོ་ལྗང་ལྗང་གི་ཕ་ཡུལ་གྱི་རྩྭ་ཐང་སྟེང་དུ་མེ་ཏོག་སྣ་ཚོགས་ལྷུག་པར་བཞད་དེ། ཕ་ཡུལ་གྱི་མཛེས་ཤིང་སྡུག་པའི་རྩྭ་ཐང་སྟེང་གི་མེ་ཏོག་སྣ་བརྒྱ་ཡི་དྲི་ཞིམ་གང་སར་ཐུལ་ཡོད་པའི་རྐྱེན་གྱིས་བྱ་བྱེའུ་འབའ་འབུ་ཡིས་ཀྱང་དྲི་ཞིམ་ཚོར་ཏེ་གང་ས་གང་དུ་ཟས་འཚོལ་བཞིན་ཡོད། ཕ་ཡུལ་གྱི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་ཚོམ་བུ་ཚོམ་བུ་བྱས་ཏེ་གནས་ཡོད་པར་མ་ཟད། གསར་སྐྱེས་ཀྱི་གཞོན་ནུ་ཚོ་རྟ་ཕོ་ལ་བཅིབས་ཏེ་སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་དུས་དེར་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་གྱི་འཚེར་སྒྲ། ངུར་སྒྲ། འབའ་སྒྲ་སོགས་ལུང་བའི་གང་སར་ཁྱབ་ཡོད་པར་མ་ཟད་མེ་ཏོག་གི་དྲི་ཞིམ་དང་མཉམ་དུ་རྩྭ་ཟ་བཞིན་ཡོད་ལ། དབྱར་ཁ་ནི་དྲོ་ཞིང་འཇམ་ལ་བསིལ་ཞིང་ཡངས། དེའི་རྐྱེན་གྱིས་མི་རྣམས་ཀྱིས་སྦྲ་ནག་གྲུ་བཞིའི་ནང་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཟས་ཞིམ་པོ་ཟ་ཞིང་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད།      

   སྟོན་ཁར། སྐྱེ་བོ་ཐམས་ཅད་ལྷན་དུ་འདུས་ཤིང་། ལོ་ཕྱུགས་ལེགས་པའི་དགའ་སྤྲོའི་གླུ་སྐད་ཀྱིས་སྔོ་ལྗང་ལྗང་གི་རྩྭ་ཐང་ཡངས་པོར་འབོད་པའི་ཆུ་གཏེར་རླབས་སུ་སྐྱོམ། སེར་ཐིག་ལྷུང་བའི་སྡོང་བོའི་ལོ་མ་རྣམས་ལྗོན་རྩེ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ས་རུ་ལྷུང་། ཁྲུང་ཁྲུང་དང་ཁུ་བྱུག་གིས་འཁྲེང་ཞེན་ཅི་ཞིག་ཕྱིར་འཕེན་གྱིན་གཤོག་པའི་ནུས་རྩལ་ལྷོ་མཐའ་རུ་གཏད་དེ་བཞུད། རྩི་ཤིང་གི་མགོ་བོ་དུད་ཅིང་སྨུག་སྤྲིན་གྱིས་རི་ཚོགས་བཏུམས། མཚར་སྡུག་གིས་བཞད་པའི་ཕ་ཡུལ་གྱི་སྟོན་ཁ།     

   དགུན་ཁར། གྲང་ངར་གྱི་ཟིལ་ཤུགས་བཙན་པོས་སྐྱེ་འགྲོ་ཀུན་ལ་ཡུལ་ཡིད་མི་སྡུག་པའི་སྣང་བ་སྟེར་ཞིང་། སྡོད་པར་དཀའ་བའི་དྲན་འཆར་སྣ་ཚོགས་སྦྱིན། དཀར་བོང་བོང་གི་ཁ་བའི་འདབ་མས་རི་ཐང་ཐམས་ཅད་དཀར་བོ་ཤོག་བུ་གཅལ་བཀྲམ་དང་མཚུངས་པར་གཏོང་ལ། ཁ་བའི་འཇིག་རྟེན་དུ་འབོད་པ་ལས་མཚན་གཞན་ནི་གདགས་སུ་མི་རྙེད་པར་བསྒྱུར། འཇིག་རྟེན་མཛེས་པར་བཞད་པའི་ཕ་ཡུལ་གྱི་དགུན་ཁ།       བདག་གི་གཅེས་སུ་འོས་པའི་ཕ་ཡུལ་གྱི་རྩྭ་ཐང་གི་མཛེས་སྡུག་ལ་རྫོགས་མཐའ་བྲལ་བས་ཁྱེད་ནི་དུས་རྒྱུན་ངའི་མིག་ལམ་དུ་ནམ་ཡང་མཛེས་སྡུག་ལྡན་པའི་གནས་མཆོག་ཅིག་ཡིན་ནོ། །

ལྷུག་རྩོམ་འདི་ནི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཅུ་གཉིས་པའི་ཁྲོད་ཨང་གཉིས་པ་ཐོབ། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23569678
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།