སློབ་གསོའི་ཟར་ཟུར། སྨད་ཆ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཛད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་གསོའི་ཟར་ཟུར། སྨད་ཆ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མ
སློབ་གསོའི་ཟར་ཟུར། སྨད་ཆ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཛད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-12ལྟ་ཀློག (2466)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གསོའི་ཟར་ཟུར། སྨད་ཆ། 

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཛད། 

༤༥

དཔལ་ཡོན་དར་རྒྱས་ཀྱི་ལོ་རྒྱུས། མཚན་ཉིད་རིག་པའི་བྱུང་འཕེལ། ཆབ་ཁོངས་རྒྱ་བསྐྱེད་ཀྱི་ལས་འགུལ། བླང་དོར་དབྱེ་འབྱེད་ཀྱི་བློ་གྲོས་སོགས། ཡུལ་དུས་གནས་སྐབས་ཀུན་ཏུ་སློབ་གསོས་ཁྱབ་ཅིང་སློབ་གསོས་སྣེ་ཁྲིད་བྱས་དང་བྱེད་ཀྱིན་གདའ་ལ། མ་འོངས་པར་ཡང་དེ་ལྟར་རོ།།               

  ༤༦

      དམག་འཁྲུག་ཅིག་སླེབ་པར་ཉེ་དུས། ན་གཞོན་ཞིག་གིས་ང་དམག་ལ་མི་བསྡུ་བར་སྨོན། ངས་སློབ་ཁྲིད་བྱེད་དགོས་ཟེར། འདི་འདྲའི་རིགས་ནི་སློབ་གསོའི་སྙིང་སྟོབས་ཡིན། དགའ་སྟོན་སྤྲོ་ཚོགས་ཤིག་ལ་ཐམས་ཅད་འུར་ཆིལ་ལེར་འཛོམས་མོད། བྱིས་པ་ཆུང་ཆུང་ཞིག་གིས་ད་རུང་ལས་བྱ་འབྲི་མ་ཚར་བར་ཡོད། འདི་ལྟ་བུ་ལ་སློབ་གསོའི་རེ་བར་འབོད།  ཡ་ཧཱུ་དཱ་པ་བས་དཔེ་ཆའི་སྟེང་ལ་སྦྲང་རྩི་བླུགས་ནས་བྱིས་པར་སྟེར། འདི་དང་རིགས་མཚུངས་ཀུན་ལ་སློབ་གསོའི་ཐབས་ལམ་ཟེར། 

 ༤༧

   སློབ་གསོ་ཞེས་པ་ཤེས་ཡོན་པ་ཁོ་ནའི་སྟེང་དུ་འཁོར་ནས་ཡོད་པ་ཞིག་མ་ཡིན་ཏེ།  རྒྱ་ཆེའི་སྤྱི་ཚོགས་དང་ཁོད་ཆུང་བའི་ཁྱིམ་གཞིས། ཐ་ན། ཞིང་འདེབས་ཕྱུགས་སྐྱོང་མཁན་དང་། འཕྲུལ་བཟོ་ཚོང་གཉེར་བ། རྒན་འཁོག་ཡིག་རྨོངས་པའི་གནས་ནས་ཀྱང་ཚད་མཐོ་བའི་སློབ་གསོའི་རང་སྐད་སྒྲོག་དུས་མང་།  

  ༤༨

   ཁ་གཡང་སྒྲོག་པ་དང་རུ་དཔུང་བསྟར་བ། སྦྱར་ཡིག་བྲིས་པ་དང་རེའུ་མིག་བཟོས་པ། ཡིག་ཚགས་སྤུངས་པ་དང་པར་བརྙན་བསྒྲིགས་པ་སོགས་ཀྱིས་སློབ་གསོར་མཐོང་ཆེན་བྱས་པ་མི་མཚོན་ཏེ། སློབ་གསོ་ཞེས་པ་སེམས་ཡར་རྒྱས་དང་ཀུན་སྤྱོད་ལེགས་བཅོས་བྱས་པ་ལ་ཟེར་གྱི། འཁྲབ་སྟོན་དང་རྣམ་འགྱུར་ཙམ་ལ་མི་ཟེར་བའི་ཕྱིར་རོ།།

  ༤༩

    སློབ་གསོ་བཏང་བ་ནི་ཁྱོད་ལ་བཀའ་འབེབ་དང་དབང་བསྒྱུར་བྱས་པ་མ་ཡིན་པར།  བདེན་ལུགས་ངོ་སྤྲད་ཅིང་ལྷག་བསམ་གྱི་རང་མདངས་བསྟན་པ་ཡིན།  སྐྱོན་ལ་མཛུབ་མོ་བཙུགས་ཤིང་ཞན་ཆ་ཐེར་འདོན་བྱས་པ་ནི། ཁྱོད་ཡར་རྒྱས་སུ་འགྲོ་བའི་སློབ་གསོའི་ཐབས་ལམ་བསྟན་པ་ཡིན། 

༥༠

   ང་ཚོར་ཆག་སྒོ་ཉམ་ང་མང་བོ་མ་བྱུང་ན་བཟང་བ་སྨྲོས་མེད་ཡིན་མོད། ཉམས་ཉེས་མཐའ་དག་ལས་རྒྱལ་ཐབས་ཤིག་ཅིས་ཀྱང་ཡོད་ངེས། སློབ་གསོའི་གསང་བ་འདི་གསེད་དཀྲོལ་བྱོས་དང་། སྡུག་བསྔལ་གཏོང་ལེན་ཞེས་པའང་གླེན་ལས་ཤིག་མིན་ཚུལ་མཁྱེན་འོང་། 

  ༥༡

  མི་ཞིག་གི་བསམ་བློ་དང་གཤིས་སྤྱོད་ལས་སློབ་གསོ་ག་འདྲ་མྱང་ཡོད་མེད་ཤེས་ཐུབ་ལ། དགེ་རྒན་ཞིག་གི་བསམ་བློ་དང་གཤིས་སྤྱོད་ལས་སློབ་མ་ག་འདྲ་ཞིག་བསྐྱེད་བསྲིང་བྱེད་ཐུབ་སྔ་མོ་ནས་ཚོད་དཔག་བྱེད་ཆོག   

  ༥༢

    དགེ་རྒན་ནི་དམིགས་བསལ་བའི་མི་སྣ་ཞིག་སྟེ། ཁོའི་བསམ་བློ་དང་སྐད་ཆ། གཤིས་སྤྱོད་དང་སློབ་གསོ་གཏོང་ལུགས་སོགས་ཀྱིས། སློབ་མ་ཁྲི་སྟོང་མང་བོ་ཡར་ལ་འཁྲིད་ཐུབ་ཅིང་མར་ལའང་འཕེན་སྲིད།  སྔོན་ཐོན་མི་རིགས་ལ་ལས། དགེ་རྒན་ཚད་ལྡན་ཞིག་ཡིན་ན་ཕ་མ་ལས་ཀྱང་ལྷག་པའི་བརྩི་མཐོང་བྱེད་དགོས་པར་གདམས་པ་དེར།  རྒྱུ་མཚན་དང་གནས་ལུགས་ཡོད་པ་རེད།  

  ༥༣

   སྤྱི་ཚོགས་ཤིག་ཡར་རྒྱས་སུ་སོང་མིན་དེ་གཙོ་བོ་རིག་གནས་ལེགས་པོ་ཞིག་སྦྱངས་ཡོད་མེད་དང་། དེ་བཀོལ་སྤྱོད་ཡག་པོ་བྱེད་མི་བྱེད་ཀྱི་སྟེང་ནས་འཇོག་དགོས་པ་ཞིག་ཡིན་ན།  རིག་གནས་ཁྲིད་མཁན་དང་སློབ་གསོ་གཏོང་མཁན་གྱི་དགེ་རྒན་དག་ཆེས་གལ་འགང་ཆེ་བ་ཞིག་གི་འབྱུང་ཁུངས་སུ་གྱུར་ཡོད།   

  ༥༤

  ཉིས་སྟོང་བཅོ་བརྒྱད་ལོར།  ང་ལ་ཨ་རིའི་སློབ་ཆེན་ཁ་ཤས་ཀྱི་ནང་དུ་འཆད་ཁྲིད་དམ་བསམ་བློ་བརྗེ་རེས་བྱེད་པའི་སྐལ་བ་ཞིག་ལྡན་མྱོང་། འཛམ་གླིང་ན་སྐད་གྲགས་ཆོད་པའི་ཀུ་ལུན་པེས་ཡཱ་སློབ་ཆེན་དུ། ངས་དགེ་སློབ་བར་གྱི་དད་དུང་ཞེས་པ་ཞིག་གླེང་ཁུལ་བྱས་པར། ལས་ཐོག་སློབ་གཙོ་ལགས་ཀྱིས། ང་ཚོའི་སློབ་གླིང་ན་སློབ་ཚན་སུམ་སྟོང་ལྔ་བརྒྱ་ཙམ་ཡོད་མོད། ཁྱོད་ཀྱི་བརྗོད་གཞི་ལྟ་བུའི་སློབ་ཚན་ཞིག་མེད་པས་ཁ་སྣོན་བྱེད་འོས་གསུངས་སོང་། འདི་གནས་སྐབས་ཀྱི་གདེང་འཇོག་བྱེད་སྟངས་ཤིག་ཡིན་ཡང་སྲིད་མོད།  རང་རེའི་གཞུང་དག་ཏུ། གཙང་མཁས་ཕན་སེམས་ཅན་གྱི་དགེ་རྒན་དང་། གཟུར་གནས་བློ་ལྡན་དོན་གཉེར་ཅན་གྱི་སློབ་མ་གཉིས་ཀྱི་བར་ན།  བཅོས་མིན་དད་གུས་དང་འགྱུར་མེད་དམ་ཚིག་ཅིག་དགོས་པར་གདམས་པ་དེ་ངོ་མཚར་བའི་སློབ་གསོའི་བྱེད་ཐབས་ཤིག་མ་ཡིན་ཞེས་དཔྱོད་ལྡན་སུ་ཞིག་གིས་སྨྲ་ཐུབ།   

  ༥༥

སློབ་གཙོས་འདུར་རྒྱུགས་བྱེད་པ་དེ་ཁོའི་གོ་གནས་ཀྱི་ཆེད་རེད་སྙམ་པ་དང་། ཉིན་རེ་བཞིན་དགེ་རྒན་རྣམས་སློབ་ཁྲིད་ལ་བྲེལ་བ་ནི་ཟླ་ཕོག་གི་དོན་རེད་འདོད་པ། སློབ་མར་ཡོན་ཏན་འབྱོར་བ་མཐའ་དག་རང་རང་གི་འབད་བརྩོན་དང་རྣམ་དཔྱོད་ཁོ་ནའི་དྲིན་ཡིན་ཚུལ་བརྗོད་པ། ཁྱིམ་བདག་རྣམས་སློབ་གྲྭའི་སློབ་གསོ་དང་འབྲེལ་བ་མེད་པར་བལྟ་བ། སྤྱི་ཚོགས་དང་ཁྱིམ་ཚང་གི་སློབ་གསོ་ཕལ་བར་འཇོག་པ་སོགས་ཀྱིས། སློབ་གསོའི་སྲོག་ལུས་དབང་ཀླུང་རྒུད་པར་གཏོང་བས་ཅིས་ཀྱང་གཟབ་པར་འཚལ་ལོ།།                  

༥༦

    ངོ་བོ་མི་མཚུངས་པའི་ནད་པ་རེ་རེར་ཕན་ནུས་ཅན་གྱི་སྨན་མི་འདྲ་བ་རེ་རེ་སྟེར་དགོས་པ་ཇི་བཞིན།  ཁམས་མོས་ཐ་དད་པའི་སློབ་གཉེར་བ་དག་ལ། ཞི་རྒྱས་དབང་དྲག་དང་ཐོས་བསམ་སྒོམ་གསུམ་སོགས་ཀྱི་སློབ་གསོའི་ཐབས་ལམ་མི་གཅིག་པ་རེ་དགོས་པ་ནི་སྨྲོས་མེད་ཡིན་ནོ།།

 ༥༧

     སྤྱི་བྱེ་བྲག་ལ་ཁྱབ་པའི་རིག་གནས་དང་ཕན་པའི་སློབ་གསོ་རེ་ཡོད་པས། འདི་དར་སྤེལ་གཏོང་རིགས་ཀྱང་དེ་གུད་དུ་འཕེན་ཆོག་པའི་སྒྲིག་ལམ་ཞིག་བཟོས་ཚེ། ཡུལ་དེའི་སློབ་གསོ་ལོག་ལམ་དུ་འཕྱན་པའོ།།

 ༥༨

    རང་གི་བྱ་བའི་དགེ་མཚན་མི་ཤེས་པ་དང་།  ཕན་སེམས་ཀྱི་རྩི་དང་བྲལ་བ། འགན་འཁྲི་དང་ལེན་གྱི་སྙིང་སྟོབས་དང་བྲལ་བའི་དགེ་རྒན་ཚོས། སློབ་གསོ་དར་སྤེལ་དང་སློབ་མ་གསོ་སྐྱོང་གི་ལས་ཀ་མཚམས་འཇོག་བྱས་ཏེ་ལུས་ཤུགས་ངལ་རྩོལ་ལ་ཞུགས་ན་བཟང་།  

  ༥༩

  སློབ་གླིང་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་། དེའི་ཁོར་ཡུག་ན། ཁ་དོག་དང་དབྱིབས་གཟུགས། བྲོ་བ་དང་བྱེད་ནུས་གཅིག་གི་སློབ་གསོ་མ་གཏོགས་མེད་ན། སློབ་གསོ་མྱོང་མཁན་མང་བོ་རིམ་གྱིས་ཡུལ་གཞན་དང་གཞན་དུ་འབྱེར་འགྲོ། 

  ༦༠

སློབ་གསོ་བ་ཞེས་པ་དེ་དགེ་སློབ་ཁྲི་འབུམ་གྱི་མཐོ་སར་བཞུགས་པའི་སློབ་གཙོ་ཡིན་པའི་ངེས་པ་མེད་ལ། བརྩམས་ཆོས་བྲག་བཞིན་བརྩིགས་པའི་མཁས་པ་ཡིན་པའི་ངེས་པའང་མེད།  ཆེས་སྤྱིར་བཏང་བའི་ཕ་མ་དང་མང་ཚོགས། ཐ་ན་ཁ་ཟས་འཚོལ་བའི་སྤྲང་བོའི་ནང་དུའང་རླབས་ཆེ་བའི་སློབ་གསོ་བ་ཡོད་ཆོག    

 ༦༡

  སློབ་གསོའི་རིན་ཐང་ནི་སྤྱི་ཚོགས་ཀྱི་ཁྲོད་ནས་མངོན་དགོས་པ་ལས། གསར་འགྱུར་ལས་རིགས་ཀྱི་སྡེ་ཁག་དག་གིས་ཁྱབ་བསྒྲགས་བྱས་པ་ཙམ་གྱིས་མི་འགྲུབ། 

 ༦༢

    སློབ་གསོ་ནི་མཐའ་མེད་པའི་རྒྱ་མཚོ་ཞིག་ཡིན་པའི་དབང་དུ་བྱས་ན། ཁོའི་འགན་འཁྲི་གཙོ་བོ་ནི་སྔོ་ལྡེམ་མེར་འཁྱིལ་ནས་སྡོད་པ་དེ་མ་ཡིན་པར། མཐའ་ཀླས་སྐྱེ་བོའི་སྐོམ་གདུང་སེལ་ཞིང་དྲི་མ་འཁྲུད་རྒྱུ་དེ་ཡིན།   

  ༦༣

   སློབ་གསོའི་ཐབས་ལམ་མང་བོ་གསར་བཏོད་བྱས་པ་ནི་མིའི་རིགས་ཀྱི་བློ་གྲོས་དང་ཀུན་སྤྱོད་ཡར་རྒྱས་ཀྱི་གསོས་སྨན་དུ་འགྱུར་དགོས་པ་ལས། འཆང་རྒྱ་དང་དབང་བསྒྱུར་གྱི་ལག་ཆ་ཙམ་དུ་སོང་ན་དགོས་ཕན་མེད་དོ།།

 ༦༤

     ངས་སློབ་གསོ་ཟེར་བ་ནི་མཐའ་གཅིག་ཏུ་འདི་འདྲ་ཞིག་ཡིན་དགོས་ཞེས་སྡོམ་ཚིག་འཇོག་མི་ཐུབ་སྟེ། སློབ་གསོའི་རྒྱ་ཁྱོན་དང་བདག་གི་རྣམ་དཔྱོད་གཉིས་ཀྱི་བར་ན་འགྱང་ཆེན་པོ་ཡོད། འོན་ཀྱང་།  ལྟོས་བཅས་དང་སྤྱི་ཡོངས་ལ་གཞིག་སྟེ་ཡང་དག་པའི་སློབ་གསོའི་ངོ་བོ་གླེང་ན་མི་ཆོག་པ་ག་ལ་ཡོད།                                   

  ༦༥

     སློབ་གསོ་བ་ལས་སློབ་གསོ་མྱོང་དུས། ཡང་དང་ཡང་དུ་རང་སེམས་ལ་ལྟོས། གནད་དོན་རེ་རེ་རང་གི་གཤིས་རྒྱུད་དང་སྦྱོར། ཁྱོད་ཀྱིས་སློབ་གསོ་བ་དེའི་ངག་རྩལ་དང་རྣམ་དཔྱོད་ཙམ་ལས་གཞན་མ་མཐོང་ན། ཁྱོད་སློབ་གསོས་བསྐྱང་དགོས་ཀྱི་གདུལ་བྱ་ཞིག་ཏུ་འགྱུར་ཐབས་མེད། 

  ༦༦

   བསམ་གཞིག་མི་གཏོང་བ་དང་བཅོས་བསྒྱུར་བྱེད་མི་འདོད་པ། རང་གི་བསམ་སྤྱོད་ཀྱི་ཚད་གཞི་མི་ཤེས་མཁན་ཞིག་ཡིན་ཚེ། སློབ་གསོ་དར་བའི་ཡུལ་ཁམས་གང་དུ་བསྐྱོད་ཀྱང་། སློབ་གསོའི་ཆེད་མཁས་པ་སུ་དང་འཕྲད་ཀྱང་། ཁྱོད་དང་ཡར་རྒྱས་གཉིས་ཀྱི་བར་ཐག་གནམ་དང་ས་ཡིན།  ཤར་དང་ནུབ་ཡིན། 

  ༦༧

   ལོ་ངོ་བརྒྱ་སྟོང་གི་འགག་ཕྲེང་བརྒྱུད་མྱོང་བའི་སློབ་གསོ་ལ་འཁང་ར་མ་བྱེད། སློབ་གསོ་དེས་དུས་རབས་གསར་བའི་དགོས་མཁོ་སྐོང་མི་ཐུབ་ས་ཡོད་ངེས་ཀྱང་། ཁོ་ནི་མེས་པོ་རུས་རྐང་ཅན་ཚོའི་རྣམ་དཔྱོད་ལས་འཁྲུངས་པར་མ་ཟད། རང་རྐྱ་ཐུབ་པའི་སློབ་གསོའི་ས་བོན་དང་རྒྱུན་བཟང་བའི་བདུད་རྩི་དྭངས་མ་ཡིན། 

 ༦༨

འཛམ་གླིང་ཡུལ་གྲུ་ཀུན་ལ་མཆོང་འཕུར་གྱིས་སླེབས་པའི་དེང་རབས་སློབ་གསོར་ཐན་དུ་མ་བལྟ།  སློབ་གསོ་འདིའི་རིགས་ལ། མི་རིགས་རང་བཞིན་དང་ལོ་རྒྱུས་རང་བཞིན་མི་ལྡན་པ་བདེན་དུ་ཆུགས་ཀྱང་།  ཁོ་ནི་ས་མཚམས་མེད་པའི་སློབ་གསོའི་ནམ་མཁའ་དང་།  དངོས་ཡོད་འཚོ་བའི་སྒུལ་ཤུགས་འདྲེས་པའི་དགོས་འདོད་ནོར་བུ་ཡིན་པས། དང་ལེན་མ་བྱས་ན་རྗེས་སུ་ལུས་འགྲོ།              

༦༩

    མིའི་ལྷན་སྐྱེས་ཀྱི་གཤིས་ན་བཟང་ངན་གང་རུང་ཞིག་གབ་ནས་ཡོད་པས། སློབ་གསོ་ནི་དེ་སྔོག་འདོན་བྱེད་སྤྱད་ཅིག་རེད་ཟེར་ན་རྒྱ་འབྲས་གོ་ལྡོག་པའི་སྣང་ཚུལ་ཞིག་འབྱུང་བས།  ཡང་དག་པའི་སློབ་གསོས་མིའི་རིགས་ཀྱི་སྒོ་གསུམ་ཚད་ལྡན་དུ་གཏོང་བར་ཡིད་ཆེས་རྙེད་སོང་། 

 ༧༠

    མིའི་རིགས་ཞེས་པའི་སྡེ་ཁག་དམིགས་བསལ་བ་འདི། རྒྱུ་ནོར་གཅིག་བུས་ཡར་རྒྱས་སུ་གཏོང་མི་ཐུབ་པས།  སློབ་གསོ་ཞེས་པའི་གཤོག་ཡ་སྟོབས་ཤུགས་ཅན་ཞིག་ཅིས་ཀྱང་ཡོད་དགོས། 

  ༧༡

  ཕ་མ་དང་རྒན་བགྲེས། ཤེས་ཡོན་པ་དང་དགེ་རྒན་སོགས་སློབ་གསོ་གཏོང་བའི་བདག་སྒྲ་ཅན་མང་མོད།  ཁོ་ཚོར་ཡང་སློབ་གསོའི་མདའ་རྩལ་དང་མི་ལྡན་ན་དམིགས་འབེན་ལ་འཕོག་དཀའ། 

 ༧༢

  སློབ་གསོ་གླེང་བ་ནི་འོད་ཀྱི་ཕུང་བོར་གྱུར་བའི་རིན་པོ་ཆེ་ཞིག་ཇེ་གསལ་དུ་བཏང་བ་ཡིན་ལ། སློབ་གསོའི་དམིགས་ཡུལ་ཡང་སློབ་གསོ་མ་ཡིན་པར་མི་རྣམས་ཚད་ལྡན་དུ་བསྒྱུར་བའོ།།

 ༧༣

  མི་ཚེ་ནི་ཕྲ་ཞིང་ཐུང་བའི་ཞག་སྒྲོན་རྐང་གཅིག་དང་མཚུངས་མོད། སློབ་གསོའི་འབར་ཞུན་གྱིས་ལེགས་པར་སྦར་ན་ཁོར་ཡུག་གི་མུན་པ་སེལ་ཞིང་། རང་ཉིད་ཀྱང་འོད་ཀྱི་གོང་བུར་བཞེངས་ཐུབ། 

  ༧༤

    གཞན་དོན་དུ་འཚོ་བའི་ཚེ་སྲོག་ལ་རིན་ཐང་ཆེས་ཆེར་ལྡན་མོད། དེ་ཡང་རང་སྟོབས་ལས་བྱུང་བ་མ་ཡིན་པར། སློབ་གསོ་ཞེས་པའི་གཟུགས་མེད་ཀྱི་སྒུལ་ཤུགས་ཁྱད་མཚར་བ་ཞིག་ལ་རག་ལས་ཡོད། 

  ༧༥

     དགེ་རྒན་གྱིས་སློབ་ཁྲིད་བྱས་ན་རང་གི་མི་ཚེར་སྙིང་བོ་ལོན་གྱིན་ཡོད་ལ། སློབ་མས་སློབ་སྦྱོང་བྱས་ན་རང་གི་མི་ཚེར་འོད་སྣང་སྣོན་ཐུབ་ཀྱིན་ཡོད། གོང་རིམ་གྱིས་སློབ་གསོར་མཐོང་ཆེན་བྱས་ན་རང་གི་རྒྱལ་ཁབ་དར་རྒྱས་སུ་འགྲོ་ཐུབ་ཅིང་། ཁྱིམ་བདག་གིས་སློབ་གསོའི་གལ་གནད་རྟོགས་ན་ཕྱི་རབས་པར་ཤེས་རིག་གི་གཤོག་རྩལ་རྒྱས་འོང་། དེའི་ཕྱིར། སློབ་གསོ་དང་སློབ་སྦྱོང་ཟེར་བ་ནི་དགའ་སྤྲོ་དང་འཛུམ་དཀར་གྱིས་བསུ་དགོས་པའི་མགྲོན་པོ་གལ་ཆེན་ཞིག་ཡིན། 

 ༧༦

    གསལ་བོར་བརྗོད་ན། སློབ་གསོ་ཞེས་པ་གླེགས་བམ་ཁྲོད་དུ་མེད་ཅིང་ཁ་ལྕེའི་བར་ནས་ཀྱང་མི་རྙེད་པར།  ཉམས་མྱོང་དང་བསམ་གཞིག  ལག་ལེན་དང་བསྒྱུར་བཅོས་ཀྱི་རྫོང་ལས་དལ་བུར་འཁྲུངས་འོང་། 

  ༧༧

   སློབ་པ་དང་ཁྲིད་པ་གཉིས་ལ་གོ་དོན་སོ་སོ་རེ་ཡོད་པ་བདེན་མོད། སློབ་མ་ནི་སློབ་པ་བོ་ཡིན་ནོ་ཞེས་དགེ་རྒན་གྱི་སློབ་ཁྲིད་ལ་ཅི་མི་སྙམ་པར། གང་ལའང་འོལ་ཚོད་དང་འུར་ཆིལ་ལེ་བྱེད་པ་ནི། བསླབ་བྱའི་གནད་དོན་མི་རྟོགས་ཤིང་གཟབ་ནན་མི་བྱེད་པ། སྒྱིད་ལུག་ཅན་རྣམས་བག་ལ་ཞ་བྱེད་ཅིག་ཡིན། དེ་བས། དགེ་རྒན་གྱི་འགྲེལ་བཤད་ལ་ཞིབ་ཚགས་ཀྱིས་ཉན་རྗེས་རང་གིས་བསམ་གཞིག་བྱེད་པ། དྲི་བར་ལན་འདེབས་ཤིང་དོགས་གནས་རྣམས་ཐད་ཀར་འདྲི་ཕོད་པ།  སློབ་གསེང་དུ་སློབ་གྲོགས་རྣམས་དང་བགྲོ་ཞིང་འབྲེལ་ཡོད་ཡིག་ཆ་ཀློག་པ་སོགས་ནི། ཉིན་རེར་ཡར་རྒྱས་སུ་འགྲོ་བའི་ཐབས་མཆོག་ཉག་གཅིག་གོ།།                   

༧༨

  སློབ་ཁྲིད་ནི་དགེ་སློབ་ཐུན་མོང་ལ་དབང་བའི་བྱ་འགུལ་ཞིག་རེད་ཟེར་ནའང་མི་ཆོག་པ་ཅང་མི་འདུག་མོད། ཐུན་མོང་ཞེས་པར་གོ་བ་ལེན་སྟངས་མ་ནོར་བ་བྱེད་རྒྱུ་གལ་ཆེ་སྟེ། ལ་ལས། དགེ་རྒན་གྱིས་བསླབ་བྱའི་ནང་དོན་གསལ་བཤད་བྱེད་ཡུན་རིང་མི་ཉན་པ། དགེ་སློབ་བར་དུ་བསམ་བློ་བརྗེ་རེས་བྱེད་དགོས་པ། གནད་དོན་གསར་རྙེད་ལ་བརྩོན་དགོས་པ། སློབ་མ་ལ་ཅིས་ཀྱང་ཁ་གྲག་པའི་དུས་ཚོད་སྟེར་དགོས་པ་སོགས་ནི་ཐུན་མོང་ལ་དབང་བའི་བྱ་འགུལ་མཆོག་དང་རབ་པོ་ཟེར་ན།  རྒྱུ་སྔོན་དུ་མ་སོང་བའི་འབྲས་བུ་དང་། སློབ་ཁྲིད་ཀྱི་ངོ་བོ་བགྲོ་གླེང་ཚོགས་འདུར་འཕོས་པ། དཀའ་གནད་དང་གནད་དོན་གཞི་གཅིག་ཏུ་སོང་བ། རང་དབང་དང་ཁེ་ཕན་རྩོད་ལེན་གྱི་བྱ་འགུལ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཆེ་མིན་སོགས་ལའང་བསམ་དགོས་སོ།།

༧༩

  སློབ་གསོ་ཡར་རྒྱས་སུ་མ་སོང་ན་སྤྱི་ཚོགས་ལོག་ལམ་དུ་འཕྱན་ངེས་པས། སྤྱི་ཚོགས་དང་རྒྱལ་ཁབ། མི་རིགས་དང་རུ་སྡེ། ཁྱིམ་ཚང་དང་མི་སྒེར་བཅས་གང་ལའང་ཁྱབ་ཅིང་སུ་ལའང་དབང་ཆོག་པའི་ཚད་མཐོའི་སློབ་གསོ་ལ་འབུངས་ཤིག     

 ༨༠

  ཕ་མས་བུ་ཕྲུག་ལ་གུ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་པ་དེ་ཡང་སློབ་གསོའི་རིགས་ཤིག་ཡིན་ཆོག་མོད།   སྒོ་གསུམ་གྱི་སྤྱོད་པ་བཟང་བོས་བུ་ཕྲུག་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་རྒྱུ་ནི་དེ་ལས་ཀྱང་ཤིན་ཏུ་གལ་ཆེ་བར་མ་གྱུར་ཏམ།

  ༨༡

 འདི་ནས་མི་རབས་གཅིག་གཉིས་ཀྱི་རིང་དུ། སློབ་གསོའི་ཁ་ཕྱོགས་དང་སློབ་གསོའི་ལྟ་བ་ག་འདྲ་ཞིག་ཏུ་འགྱུར་འགྲོ་ཚོད་དཔག་བྱེད་དཀའ་མོད། མཐར་སློབ་གསོའི་ཁ་ཕྱོགས་གཞན་དོན་གཙོ་བོར་འཇོག་པ་དང་། སློབ་གསོའི་ལྟ་བ་བྱམས་བརྩེ་དང་ཤེས་རབ་ཟུང་འཇུག་ཏུ་ངོས་འཛིན་པའི་དུས་ཚོད་ཅིག་ཅིས་ཀྱང་ཡོད་ངེས། འདི་ནི་འདས་ཟིན་པའི་ལོ་རྒྱུས་ཀྱིས་ང་ལ་སྤྲད་པའི་གདེང་ཚོད་ཅིག་ཡིན།  

  ༨༢

   འཇིག་རྟེན་གྲགས་ཚོད་དང་བསྟུན་ཏེ་བཤད་ན།  དབུལ་ཕྱུག་གི་ཁྱད་པར་རྒྱུ་ནོམ་ཡོད་མེད་ཀྱིས་འབྱེད་མོད། ངོ་བོའི་གནས་ཚོད་ལྟར་བརྗོད་ན།  མིའི་སེམས་ཀྱི་བདེ་སྡུག་རྒྱུ་ནོམ་མང་ཉུང་གིས་བསྐྱེད་པ་མ་ཡིན་ཚུལ་ར་འཕྲོད་ནས་ཡོད། དེའི་ཕྱིར། ཅི་ཙམ་དངོས་ཡོད་གནས་ཚུལ་དང་མཐུན་པའི་སློབ་གསོ་དར་ན། དེ་ཙམ་གྱིས་འཚོ་བ་དང་ཚེ་སྲོག་གི་སྙིང་བོ་རྟོགས་ཐུབ། 

  ༨༣

སད་སེར་ཐན་པས་མ་གོས་པའི་གཞོན་སྐྱེས་དག་ལ། ཁྱིམ་ཚང་སོ་སོས་ཡ་རབ་གོམས་སྲོལ་བརྒྱུད་སྤྲོད་བྱེད་ཐུབ་དགོས་ཤིང་། སློབ་གྲྭ་ཁག་གིས་སློབ་ཁྲིད་གཙོ་བོར་འཛིན་དགོས། དེ་ལྟར་བཙོ་སྦྱང་གི་ཆོས་ཉིད་བརྒྱུད་མྱོང་བ་དག་སྤྱི་ཚོགས་སུ་ཞུགས་ཚེ། ཁ་བཤད་ཙམ་དུ་མ་སོང་བའི་གཉིས་ཕན་བྱ་བཞག་ལ་འཇུག་འོང་། འདི་ལྟ་བུ་ལ་གོ་རིམ་དང་བགོ་སྐལ་མ་ནོར་བའི་སློབ་གསོ་ཟེར་ཆོག          

༨༤

  ནང་བསམ་བློའམ་སེམས་ཁམས་རིག་པའི་སློབ་གསོ་ནི་རྒྱལ་བོ་ལྟ་བུ་ཡིན་མོད།  བཟོ་ཞིང་ཕྱུགས་ཚན་གྱི་རིག་པ། དངོས་ཁམས་རྫས་འགྱུར་གྱི་གསང་བ། སྐྱེ་དངོས་གནམ་གཤིས་ཀྱི་ཆོས་ཉིད།   ས་གཤིས་ལོ་རྒྱུས་ཀྱི་བྱུང་འཕེལ། སྤྱི་ཚོགས་རིག་པ་དང་སྐད་བརྡའི་ཁྱད་ཆོས་སོགས་བློན་པོ་དང་འབངས་མི་ལྟ་བུའི་རིག་ཚན་དག་ཀྱང་འཐུས་ཤོར་དུ་འགྲོ་མི་རུང་སྟེ། ཆ་ཚང་བའི་སློབ་གསོ་ཟེར་བ་ཚད་གཞིར་ལོངས་པའི་རྒྱལ་ཁབ་ཅིག་དང་ཤིན་ཏུ་མཚུངས།           

༨༥

  འབངས་མི་ཕལ་བོ་ཆེའི་སེམས་ཁམས་ཀྱི་སྤུས་ཚད་དང་ཤེས་རིག་ཡོན་ཏན་གྱི་མཐོ་དམན་ལ་གཞིགས་ཏེ། རྒྱལ་ཁབ་བམ་མི་རིགས་ཤིག་གི་མ་འོངས་པའི་དར་རྒུད་ལ་ཁ་ཚོན་གཅོད་པའམ་ལུང་བསྟན་སྩོལ་ཐུབ་ཀྱིན་ཡོད་།            

  ༨༦

     ཚན་རིག་ལག་རྩལ་དང་ཤེས་རིག་ཡོན་ཏན་གྱི་རླབས་ཤུགས་མཐོ་རུ་མཆེད་བཞིན་པའི་དུས་འདིར། ཡང་དག་པའི་བསམ་བློའི་སྟོབས་ཤུགས་དར་སྤེལ་བྱེད་པ་ལས་ལྷག་པའི་སློབ་གསོའི་ཁ་ཕྱོགས་དང་ཐབས་ཤེས་ཤིག་གཞན་གང་ནས་འཚོལ།              

 ༨༧

     སློབ་གསོ་ཟེར་བ་མི་ཁོ་ནར་དབང་བའི་རིག་ཚན་གྱི་བང་མཛོད་ཅིག་ཡིན་མོད། སློབ་གསོ་ལེགས་གྲུབ་བྱུང་ན་སྣོད་བཅུད་གཉིས་ཀར་ཟད་མཐའ་མེད་པའི་བདེ་དགའི་དངོས་གྲུབ་སྩོལ་འོང་།                 

༨༨

    སློབ་གསོའི་ཕན་ནུས་དང་གཟི་བྱིན། སློབ་གསོའི་འགན་འཁྲི་དང་ལྟ་བ། སློབ་གསོའི་ཁ་ཕྱོགས་དང་དམིགས་ཡུལ། ཡང་ཡང་གླེང་སྟེ་འདོར་ལེན་ཚུལ་བཞིན་བྱས་རྗེས། སློབ་གསོའི་ལག་ལེན་དངོས་ལ་ཞུགས་ན། ཡང་དག་པའི་གྲུབ་འབྲས་ཀྱི་རང་འོད་འཚེར་ཐུབ།  

  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང ་གི་དབུས་མི་འགྱུར་རབ་བརྟན་གླིང་དུ་བྲིས།

                                               ༢༠༢༣-༥-༩ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570383
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།