སློབ་གསོའི་ཟར་ཟུར། སྟོད་ཆ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཛད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། » སློབ་གསོའི་ཟར་ཟུར། སྟོད་ཆ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་ར
སློབ་གསོའི་ཟར་ཟུར། སྟོད་ཆ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཛད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-09ལྟ་ཀློག (2852)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གསོའི་ཟར་ཟུར།  

 སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་མཛད། 
 ༡
      སློབ་གྲྭ་ཚད་ལྡན་ཞིག་ལས་རྒྱལ་ཁབ་ཀྱི་ཆེས་མཐོའི་སྲིད་འཛིན་མང་བོ་འབྱུང་ཆོག་མོད། སྲིད་འཛིན་དེ་དག་གིས་སློབ་གྲྭའི་སློབ་གཙོ་འཁུར་ཐུབ་པའི་ངེས་པ་གཏན་ནས་མེད་དེ། སློབ་གཙོ་ཟེར་བ་ནི་སློབ་གསོའི་གཞུང་ལུགས་དང་ལག་ལེན་ལ་མཁས་ཤིང་ཉམས་མྱོང་ཡོད་པ། གསར་གཏོད་དང་རྒྱུན་འཛིན། ཐབས་སྐྱོང་དང་ཞི་དྲག་ཀུན་ལ་བྱང་ཆུབ་པ་ཞིག་དགོས་པས་སོ།།
 ༢
    སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་ནི་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་ཡིན་དགོས་པ་ལས། དམིགས་ཡུལ་དང་ལག་ལེན་ཐ་དད་ཡིན་ཚེ། དེས་བསྐྱེད་འབྲས་སམ་ཁོར་ཡུག་ལ་ཡར་རྒྱས་ཡག་པོ་འབྱུང་དཀའ། 
 ༣
      སྒྲིག་ལམ་དང་ཡིག་ཚགས་རྐྱང་རྐྱང་གིས་གཅུན་པའི་སློབ་མ་དག་ནི་ལྕགས་རས་བསྐོར་བའི་ལུག་ཁྱུ་ཞིག་དང་འདྲ་སྟེ།  གོ་སྐབས་ནམ་བྱུང་ལ་ཕྱིར་འདང་མེད་པར་བག་ཡངས་ཀྱི་ཀློང་དུ་ཤོར་འགྲོ། 
 ༤
   སློབ་གྲྭ་ཞིག་ཡར་རྒྱས་ཀྱི་ཆེད་དུ་ཕུལ་བའི་སྒོར་མོ་དང་རམ་འདེགས་སོགས་གང་ཡིན་ཡང་དང་ལེན་བྱེད་ཆོག་མོད། སྔོན་འགྲོའི་ཆ་རྐྱེན་འགའ་བསྒྲུབས་རྗེས་སློབ་གྲྭ་དེའི་ཁ་ཕྱོགས་དང་རྨང་གཞི་ལ་འགྱུར་བ་གཏོང་རྒྱུ་ཟེར་ན་གཏན་ནས་ཁས་ལེན་བྱེད་མི་རུང་།
 ༥
    སློབ་གྲྭ་ཞིག་ལ་ཐུན་མིན་གྱི་ཁྱད་ཆོས་ཅི་ཡང་མེད་ཚེ། དེ་ལས་ཐོན་པའི་སློབ་མ་དག་ཀྱང་གྲག་མེད་འགུལ་མེད་ངང་སྤྱི་ཚོགས་ཀྱི་རྒྱ་མཚོར་ཐིམ་འགྲོ།             ༦
   དགེ་སློབ་ཚང་མ་བྱ་འགུལ་ལམ་ཕྱིའི་རྣམ་འགྱུར་ཙམ་ལ་དགའ་དྲགས་ཚེ། སྐབས་རེ་རེའི་མཐར་ཕྱིན་སློབ་མ་དག་ནི་ཤོག་བུས་བཟོས་པའི་རྒྱ་སྟག་ངར་མ་ཁྱུ་གཅིག་ལྟ་བུར་འགྱུར་སྲིད་པ་ཞིག་གོ།།
 ༧
   གྲོང་ཁྱེར་རམ་ཡུལ་ཕྱོགས་གཅིག་འཇིག་སོང་ནའང་རྒྱལ་ཁབ་བམ་མི་རིགས་ནི་སྔར་བཞིན་གནས་ཐུབ་མོད། རྩ་བའི་སློབ་གསོར་ཉམས་རྒུད་ཐེབས་ན་ཡོད་ཚད་མགོ་རྟིང་བསློག་འགྲོ། 
 ༨
    སྤྱི་ཚོགས་ཀྱི་དགོས་མཁོར་མ་གྲུབ་པའི་སློབ་ཚན་ཅི་ཙམ་མང་ན། རྒྱལ་ཁབ་དང་མི་རིགས་ལ་འགན་མི་ཁུར་བའི་སློབ་ཐོན་པའང་དེ་ཙམ་གྱིས་མང་ངོ་།།
 ༩
    རྒྱུགས་སྤྲོད་ལམ་ལུགས་ལ་ཐན་དུ་བལྟ་བ་དང་། སློབ་གསོའི་བྱེད་སྒོ་ལ་དུག་ཏུ་བལྟ་བའི་ཁོར་ཡུག་ཅིག་ནས། ཡོན་ཏན་ཡོད་ལ་བསམ་སྤྱོད་ལེགས་པའི་མི་སྣ་ཞིག་ཇི་ལྟར་འབྱུང་ཨང་།
 ༡༠
   སློབ་སྦྱོང་བྱེད་སའི་གྲྭའམ་ཁོར་ཡུག་ཅིག་ཡིན་ན། ཤེས་རིག་ཡོན་ཏན་ཁག་ཅིག་ལ་སློབ་གཉེར་གྱི་གོ་སྐབས་སྤྲད་པ་ཙམ་གྱིས་མི་ཆོག་པར། 
སྒོ་གསུམ་གྱི་རྒུད་པ་མཐའ་དག་ལེགས་པར་གསོ་བའི་བདུད་རྩི་མངར་མོ་འདོད་དགུར་འཐུང་ཐུབ་ས་ཞིག་ཅིས་ཀྱང་ཡིན་དགོས།  
 ༡༡
    སློབ་སྦྱོང་གི་གྲུབ་འབྲས་དང་རྒྱལ་ཁ་ནི། སྔ་ལངས་འཕྱི་ཉལ་བྱས་ཏེ་བརྩོན་འགྲུས་ཀྱི་རྒྱུན་བཟང་མི་གཏོང་བའི་མི་ལ་དབང་།
   ༡༢
    དགེ་རྒན་ལས་རིག་གནས་ཡོན་ཏན་བསླབས་ཀྱང་། དེ་ལ་བརྩི་བཀུར་དང་དྲིན་ལན་གཞལ་མི་འདོད་པའི་སློབ་མ་དག་གི་མི་གཞི་ལ་གནད་དོན་ཞིག་ཅིས་ཀྱང་ཡོད། 
  ༡༣
    རང་བཀུར་དང་རང་དབང་གི་བསམ་བློ་ནི་སུ་ལའང་ཡོད་ཆོག་མོད། སློབ་གྲྭའི་སྒྲིག་ལམ་མི་བསྲུངས་པར་གང་འདོད་བྱེད་པ་དང་། 
སློབ་སྦྱོང་ལ་སེམས་མི་འཁོར་བ་དང་དགེ་རྒན་ལ་གུས་བརྩི་བྱེད་མི་ཤེས་པ་ནི། རང་ཉིད་རྗེས་ལུས་དང་ཕོངས་ལ་སྦྱོར་བྱེད་ཀྱི་གཅོང་ནད་ཅིག་གིས་བཟུང་ཡོད་པ་མངོན་སུམ་ཡིན། 
 ༡༤
 སློབ་མའི་ནུས་པ་བསྐྱེད་བསྲིང་བྱ་དགོས་མོད་དེའི་མི་གཞིར་གས་ཁ་ཤོར་དུ་འཇུག་མི་རུང་། 
 ༡༥
     སློབ་གསོའི་ཁ་ཕྱོགས་དྲག་རྩལ་ལམ་ལག་རྩལ་ཁོ་ནར་ཕྱོགས་ཚེ།  མི་དང་དུད་འགྲོའི་ཁྱད་པར་འབྱེད་ཀྱི་ཤེས་རབ་བམ་བསམ་བློའི་མཛེས་སྡུག་གང་མང་ཞིག་གུད་དུ་ལྷུང་ཞིང་བག་ལ་ཞ་བའི་ཉེན་ཁ་ཆེན་པོ་ཡོད། 
 ༡༦
    ནམ་རྒྱུན་སློབ་ར་ཁག་ལས། མཐུན་སྒྲིལ་དང་བོ་དང་རྒྱལ་ཁ་གཉིས་པ་ཟེར་བའི་ཁ་འབོད་ཅིག་ཐོས་ཐུབ་པ་ལས། མི་གཞི་དང་བོ་དང་སློབ་གསོ་གཉིས་པ། འབད་འབུངས་གསུམ་པ་སོགས་ཀྱི་འབོད་སྐུལ་བྱེད་པའི་སྣང་ཚུལ་ཅུང་དཀོན་པར་སྣང་། 
 ༡༧
   སྐུ་འདྲ་དག་ལ་གཟུངས་གཞུག་འབུལ་དགོས་པ་ཇི་བཞིན་མི་ལ་ཡང་ཤེས་རིག་སློབ་གསོའི་གཟུངས་གཞུག་ཅིག་ཅིས་ཀྱང་འཇོག་དགོས། གལ་ཏེ། གཟུངས་གཞུག་མ་བཞག་པའམ་འཇོག་ནོར་བྱས་ན་ངོ་བོ་གཞན་འགྱུར་གྱི་ཉེན་ཁ་དང་ཉེས་པ་གཉིས་ཀ་ཡོད།                            
 ༡༨     

 དམག་འཁྲུག་ལ་བརྟེན་ཏེ་ཁ་ལོ་སྒྱུར་མཁན་ཚོས། ཕ་རོལ་བོ་ནི་དགྲ་བོ་ཡིན་ཞིང་དེ་ཅིས་ཀྱང་གསོད་དགོས་པའི་སློབ་གསོ་གཏོང་མོད།   ཤེས་རིག་གི་ཞིང་ཁམས་སུ་གྲུབ་པའི་བསམ་བློའི་དགའ་ཚལ་དག་ནས། ཚེ་སྲོག་ཡོད་ཚད་འདྲ་མཉམ་དང་རྩ་ཆེན་ཡིན་པས།    གཅེས་སྐྱོང་དང་རང་དབང་སྤྲོད་དགོས་པའི་སློབ་གསོ་བྱེད་འོས།            

༡༩

    ཆེས་འཇིགས་སུ་རུང་བ་དེ་དམག་འཁྲུག་ཡིན་ཡང་།  དེས་མིའི་རིགས་ཡོད་ཚད་མེད་པར་བཟོས་པའི་ལོ་རྒྱུས་ཤིག་བྱུང་མྱོང་མེད། འོན་ཀྱང་། སློབ་གསོའི་དམིགས་ཡུལ་དང་ཁ་ཕྱོགས་མ་འགྲིག་ན། མི་ལ་ཡོད་འོས་པའི་རྣམ་དཔྱོད་དང་འཇོན་ནུས་ཡོད་ཚད་ཁྱུར་མིད་དུ་གཏོང་སྲིད། 
 ༢༠
 སློབ་གསོ་ཡར་རྒྱས་སུ་བཏང་བ་ནི་མིའི་རིགས་ཡར་རྒྱས་སུ་བཏང་བ་ཡིན་ལ། སློབ་གསོར་མཐོང་ཆེན་བྱས་པ་ནི་མིའི་ཐུན་མིན་རྣམ་དཔྱོད་ལ་མཐོང་ཆེན་བྱས་པ་ཞིག་ཀྱང་ཡིན། 
 ༢༡
   སློབ་གསོ་ཞེས་པ་མིའི་ལྷན་སྐྱེས་སུ་གནས་པའི་མི་གཞིའམ་བྱེད་ནུས་ཤིག་ཡིན་ན།  སློབ་པ་དང་གསོ་བ་གང་ཡང་བྱེད་མི་དགོས་ཏེ་ལྷན་སྐྱེས་སུ་གནས་པའི་ཕྱིར་རོ།། ཐབས་ལམ་གང་རུང་ལ་བརྟེན་ནས་ཕྱིར་མངོན་པར་བྱས་པའི་ཕྱིར་རོ་ཟེར་ནའང་འཐད་པར་དཀའ་སྟེ། རྐྱེན་ཙམ་བྱས་པ་ལ་སློབ་གསོའི་གོ་དོན་མི་འཇུག་པས་སོ།། ལྷག་པར་དུ་ནང་བ་སངས་རྒྱས་པས་སྔོན་སྦྱངས་ཀྱི་བག་ཆགས་དང་བག་ཆགས་དེ་སད་རྒྱུ་ཡོད་པ་སོགས་འདོད་མོད། རྒྱུ་སྔོན་དུ་མ་སོང་བའི་ལྷན་སྐྱེས་ཀྱི་མི་གཞི་ཞེས་པ་ཞིག་འཇོག་མི་ཤེས་སོ།།  
 ༢༢
      སློབ་གསོ་ཟེར་བ།  སྐབས་དོན་གྱི་འཚོ་བའི་གནད་དོན་ཐག་བཅད་པ་དང་། མ་འོངས་པའི་འཚོ་བར་གྲ་སྒྲིག་བྱེད་པ་ཙམ་གྱི་ར་བ་ལས་འདས་མེད་ན། སློབ་གསོ་བ་ནི་བཟའ་དཔོན་ཡག་ཤོས་ཙམ་གྱི་གོ་ས་ལས་འཕགས་མེད་པས་ཇི་ལྟར་འཐད།                                                    
 ༢༣
    ཤར་ནུབ་མཁས་པ་མང་བོས་བཞག་པའི་སློབ་གསོའི་གོ་དོན་དང་ངོ་བོ་ལ་བདེན་ལུགས་མེད་ཅེས་བརྗོད་དཀའ་མོད།  སློབ་གསོ་ནི་འཚོ་བའི་སྟ་གོན་དང་འཚོ་བ་ལེགས་བཅོས། ཡང་ན་ཤེས་བྱ་བེད་སྤྱོད་པའི་སྒྱུ་རྩལ་ཙམ་གྱི་ས་ན་འཁོར་ནས་ཡོད་ན། ཤར་ནུབ་མཁས་པ་མང་བོས།  སློབ་གསོའི་གླེགས་བམ་བྲག་ཏུ་བརྩིགས་ཤིང་མི་ཚེ་སློབ་གསོར་གཟད་པ། སློབ་གསོ་ནི་ལོ་བརྒྱའི་ཇུས་ཆེན་ཞེས་རྒྱ་ཆེན་གཏིང་ཟབ་ཅིག་བྱེད་དགོས་མིན་ཡང་སོམ་ཉི་མིན་ནམ།  
 ༢༤
    སློབ་གསོ་ལེགས་ལམ་དུ་སོང་ཡོད་མེད་ནི་བློ་རིག་གོང་འཕེལ་དང་མི་གཞི་ལེགས་བཅོས་ཐུབ་ཡོད་མེད་ཀྱི་སྒོ་ནས་འཇོག་དགོས་པས། ཤེས་སྤྱོད་ཡག་པོ་ཟུང་འབྲེལ་གྱི་མི་ཅི་ཙམ་མང་ན་དེ་ཙམ་གྱིས་སློབ་གསོའི་གྲུབ་འབྲས་མངོན་ཡོང་།  
 ༢༥
     ཤེས་རབ་བསྐྱེད་པའི་ཚེ་སྲོག་གི་གོ་རིམ་ཞེ་ན་གོ་རྒྱུ་ཅང་མི་འདུག་པས། དེ་སློབ་གསོ་ཡིན་ཟེར་བའང་དེ་ལས་མ་འདས་སོ།།འོན་ཀྱང་། སློབ་གསོ་ལ་བརྟེན་ཏེ་ཤེས་རབ་ཀྱི་ངོ་བོ་གོང་འཕེལ་དུ་འགྲོ་རྒྱུ་ཡོད་ལ། དེ་མི་ཚེའི་གོ་རིམ་ལ་སྦྱར་ནས་རང་གཞན་སྐྱིད་ལ་སྦྱོར་བའི་ཡ་རབས་སྤྱོད་བཟང་ལ་གོམས་པ་ནི་རྨད་དུ་བྱུང་བའི་སློབ་གསོའི་བྱེད་ནུས་སོ།།
 ༢༦

   འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་པར་འདོད་པ་འདི་ནང་བ་སངས་རྒྱས་པས་སློབ་གསོར་བཟུང་བའི་སྙིང་སྟོབས་ཤིག་སྟེ།  སློབ་གསོའི་མཐར་ཐུག་གི་གྲུབ་དོན་ཡང་། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཉིད་ལས་གཞན་དུ་ཅི།         

༢༧

     ཚེ་སྲོག་གམ་མི་ཚེའི་དོན་སྙིང་ནི་ཡང་དག་པའི་སློབ་གསོ་མྱང་བ་ལས་རྙེད་ཐུབ། གནད་འགག་ནི།  ཅི་ཞིག་ལ་ཡང་དག་པའི་སློབ་གསོ་ཟེར་ཞིང་དེ་ཇི་ལྟར་མྱོང་རོལ་བྱེད་དགོས་པ་དེ་ཡིན། 
 ༢༨

    ཟ་འཐུང་སྐྱེ་འཆིའི་གོ་རིམ་ཙམ་ལ་གཏིང་ཟབ་པའི་སློབ་གསོ་ཞིག་མ་མྱང་ཡང་ཉེས་སྐྱོན་ཆེན་པོ་མེད་དེ། དུད་འགྲོས་ཀྱང་སླ་བའི་ཆོས་ཉིད་དེ་ཙམ་ཞིག་རོལ་ཤེས་ཀྱིན་ཡོད། དེས་ན། བསམ་ཚུལ་ཡི་གེའི་ལམ་ནས་མཚོན་ཐུབ་པ་དང་།  སྣོད་བཅུད་ཀྱི་གཤིས་ལུགས་ལ་བསམ་བློ་གཏོང་ཤེས་པ། སྒོ་གསུམ་དང་འབྲེལ་བའི་བྱ་སྤྱོད་ཚད་ལྡན་ལ་ཕྱོགས་པ། རང་གཞན་གཏན་བདེའི་ས་རུ་འགོད་པའི་སློབ་གསོའི་གདམས་ངག་ཅིག་ལོན་པར་ཅིས་ཀྱང་བརྩོན་དགོས་པ་ཡིན།                

༢༩

   སློབ་གསོའི་བྱེད་ཐབས་ལ་ལ་དབང་སྒྱུར་གྱི་ལྟ་བས་བསྐྲུན་ཅིང་།  སློབ་གསོར་བསྙད་པ་ཁག་ཅིག་གི་རྒྱུ་ལ་དང་བོ་ནས་སླད་སྐྱོན་ཞུགས་ཡོད།  ཤ་གཟུག་ཟ་རྐྱང་མ་ཡིན་པ་ཇི་བཞིན། སློབ་གསོར་འབོད་པ་ཡོད་ཚད་ཡང་དག་པ་ཡིན་པའི་ངེས་པ་གཏན་ནས་མེད། སློབ་གསོའི་རིགས་འགའ་ཤས་ཀྱིས་ལོག་ལམ་དུ་འཁྲིད་ངེས། སློབ་གསོའི་ནང་དོན་གསར་བཟོ་བ་དང་སློབ་གསོ་གཏོང་བ་བོ། སློབ་གསོ་སྤེལ་སའི་ཡུལ་བཅས་སུ་ཡིན་ཡང་། བླང་དོར་གྱི་བློ་མིག་གསལ་ཞིང་འཕྲལ་ཕུག་གི་དགེ་སྐྱོན་ལ་དཔྱོད་ཅིག                         ༣༠

   སློབ་གསོའི་གདུལ་བྱ་ནི་རྒྱ་ཆེ་བ་ནམ་མཁའ་ལྟ་བུ་ཞིག་སྟེ།  ཕོ་མོ་དང་རྒན་གཞོན། དབུལ་ཕྱུག་དང་མཐོ་དམན་ལ་ཁྱད་པར་མེད་པར་སློབ་གསོ་མྱོང་བའི་ཐོབ་ཐང་འདྲ་མཉམ་ཡིན།  སློབ་གསོའི་ངོ་བོ་ནི་གཏིང་ཟབ་པ་རྒྱ་མཚོ་ལྟ་བུ་ཞིག་སྟེ། ཚེ་རབས་ཕྲེང་རྒྱུད་དུ་མྱང་ཡང་ཟད་མཐའ་མེད།                  

 ༣༡

    ཆོས་རབ་ཏུ་རྣམ་དབྱེད་ཀྱི་ཤེས་རབ་ལ་རྩལ་སྟོབས་རྫོགས་ཤིང་། བྱམས་བརྩེའི་གཤོག་འགྱུར་མཐའ་ཀླས་པའི་འགྲོ་དོན་དུ་ལྡེམ་ལྡེམ་གཡོས་ཚེ་སློབ་གསོའི་མཐར་ཐུག་གི་གོ་འཕང་བརྙེས་ཡོད། 
 ༣༢
   སློབ་གསོ་ལ་ལ་ཆུ་ཡི་ལྦུ་བ་དང་ནམ་མཁའི་འཇའ་ཚོན་ལྟར་འཁྱུག་ཙམ་ལས་མི་གནས་པས། ང་ཚོས་ཀྱང་རྣམ་འགྱུར་ཙམ་སྟོན་པའམ་ལད་ཟློས་རེ་བྱས་པས་ཀྱང་ཆོག་མོད། སློབ་གསོ་ཕལ་ཆེར་ལོ་ངོ་ཁྲི་སྟོང་ངམ།   ཡང་ན་ཇི་སྲིད་མིའི་རིགས་ནམ་གནས་ཀྱི་བར་དུ་ཡང་དག་པ་དང་གཞན་ཕན་གྱི་ངོ་བོར་འགྱུར་མེད་རྟག་བརྟན་དུ་བཞུགས་པས། ཆེས་གཟབ་ནན་དང་ཞིབ་ཚགས་པོས་སྦྱོང་གོམས་བྱེད་དགོས། 
 ༣༣
    སློབ་གསོར་ཁ་གཡར་ཏེ་རང་གི་ལྟ་སྤྱོད་ཁྱབ་སྤེལ་བྱེད་མི་ཆོག་ལ། སློབ་གསོར་ཁག་བཀལ་ཏེ་རང་གི་ཁེ་ཕན་རྩོལ་སྒྲུབ་ཀྱང་བྱེད་མི་ཆོག    སློབ་གསོའི་དམིགས་ཡུལ་དང་ཁྱབ་ཁོངས་ནི་ཅིས་ཀྱང་ཁ་གསལ་མཐིལ་རྟོགས་དང་གཙང་དག་ཡང་དག་ཡིན་དགོས།  
 ༣༤
  མི་ནི་ས་ལས་འོངས་ཤིང་ས་རུ་འཐིམ་དགོས་པའི་སློབ་གསོ་དང་། ལུས་ནི་ཕ་མའི་ཁུ་ཁྲག་ལས་གློ་བུར་དུ་གྲུབ་པས། སེམས་ཀྱང་ཤ་རུས་གདོས་བཅས་ཀྱི་ལུས་ལས་གློ་བུར་དུ་གྲུབ་དགོས་པའི་སློབ་གསོ། ལུས་འཇིག་ན་སེམས་ཀྱང་འཇིག་དགོས་པའི་སློབ་གསོ། སྣོད་བཅུད་དང་བདེ་སྡུག་ཡོད་ཚད་བྱེད་པོ་གཅིག་གིས་བཟོས་པ་ཁས་ལེན་དགོས་པའི་སློབ་གསོ་སོགས་མང་བོ་ཡོད་ཀྱང་། རྒྱུ་རྐྱེན་རྟེན་འབྲེལ་གྱི་རིགས་ལམ་ཕྲ་མོས་གཏན་ལ་དབབ་པ་ལས་ལྷག་པའི་སློབ་གསོ་ཞིག་སུ་ཡིས་འཆད། 
 ༣༥
  ཚིག་ལ་མ་བརྟེན་པའི་སློབ་གསོའི་བྱེད་ཐབས་ནི་ཡིག་རྨོངས་པའི་དགོས་མཁོ་ཙམ་ཡིན་ལ། བརྗོད་དོན་ལ་མ་རེག་པའི་སློབ་གསོའི་གཏམ་བརྗོད་རིང་མོ་ནི་རྨ་ཀླུང་སྔོན་མོའི་འགྱུར་ཁུག་ཙམ་མོ།།
 ༣༦

   རང་གི་འདུག་སྟེགས་མཐོ་དམན་ལས་བསམ་རྒྱུ་མེད་པའི་སློབ་གཙོ་དང་། ཚོང་ཁེ་བུན་ལོག་ལ་འདུར་བའི་དགེ་རྒན། དྲ་རྩེད་སྣ་ཚོགས་ལ་གཡེང་བའི་སློབ་མ་བཅས་གཞི་གཅིག་ཏུ་འཛོམས་ས་ཞིག་ན། སློབ་གསོ་དང་རིག་གནས། ཡར་རྒྱས་དང་གཞན་དོན་སོགས་འཆད་ས་མེད་ལ། གལ་ཏེ་ཨུ་ཚུགས་ཀྱིས་འཆད་པར་བྱས་ཀྱང་དགོས་ཕན་ཅི་ཞིག་ཡོད། 
 ༣༧
    འཛམ་གླིང་ན་སྐད་གྲགས་ཆོད་པའི་སློབ་གྲྭ་ཕལ་ཆེ་བ་ཞིག་ནི། གཞི་ཁྱོན་རྒྱ་ཆེ་ཞིང་འཛུགས་སྐྲུན་སྤུས་ལེགས་པས་མ་ཡིན་པར། མིག་རྒྱང་རིང་ཞིང་ཉམས་མྱོང་ཡོད་པའི་སློབ་གཙོ། ཡོན་ཚད་མཐོ་ཞིང་སྤྱོད་པ་གཙང་བའི་དགེ་རྒན། དོན་གཉེར་ཆེ་ཞིང་རྣམ་དཔྱོད་ལྡན་པའི་སློབ་མ་བཅས་དམིགས་འདུན་གཅིག་གི་ཆེད་དུ་འཛོམས་པས།  འབྲུག་སྟོང་ལྡིར་བ་ཇི་བཞིན། གནམ་འཕང་བསྟད་པ་ཇི་བཞིན།  འགྲན་པའི་ཟླ་དང་བྲལ་བ་ལགས་སོ།།
 ༣༨
   འདྲ་མཉམ་དང་གུ་ཡངས་ཀྱི་གཞི་མ་གྲུབ་ས་ཞིག་ན། ཡང་དག་པའི་སློབ་གསོའི་རང་འོད་འཚེར་གྱིན་ཡོད་ཟེར་མཁན་ནི་གླེན་པའི་མཐར་ཐུག་ཅིག་ཡིན་ལ། དེ་ལ་རམ་སྐྱོར་བྱེད་པའི་སྡེ་ཁག་དག་ལ་ཡང་མིའི་རིགས་ཀྱི་ཁེ་དབང་དང་རྣམ་དཔྱོད་མཐའ་དག་སྡེབ་གསོད་བྱེད་པའི་ནག་ཉེས་ཚབ་ཆེན་པོ་ཡོད། 
 ༣༩
   སློབ་གསོ་སྤེལ་སའི་ཁོར་ཡུག་ཅིག་ལ་མཚོན་ན། ཆེས་འཇིགས་སུ་རུང་བ་ནི་དེང་རབས་ཀྱི་འཕྲུལ་ཆས་དང་ཚད་མཐོ་བའི་ཁང་བརྩེགས་མེད་པ་དེ་མ་ཡིན་པར།  ལྷག་བསམ་གྱི་དྲོད་ཁོལ་མེད་ཅིང་སྒྱིད་ལུག་གི་རྒྱ་ལས་མ་གྲོལ་བ་དེ་ཉིད་ཡིན། 
 ༤༠
  ཚེ་སྲོག་རྩ་ཆེན་དུ་མི་བརྩི་ཞིང་བདེན་དོན་གལ་ཆེན་དུ་མི་འཛིན་པའི་ཁོར་ཡུག་ཅིག་ནས། ཚད་མཐོ་བའི་སློབ་གསོ་དང་དེའི་གྲུབ་དོན་གྱི་མྱུ་གུ་ཡག་པོ་ཞིག་སྐྱེ་ཐབས་མེད།           ༤༡
    སེམས་ཅན་ཁྲི་སྟོང་མང་བོ་འཆི་ལམ་དུ་ཕྱོགས་པ་ལ་བསམ་མི་ཐུབ་པ་དང་དང་ལེན་བྱེད་མི་ཕོད་པ་ཅི་ཡང་མེད་དེ།  འདི་ནི་ཚེ་སྲོག་གི་གོ་རིམ་ཙམ་ཡིན་པས་སོ།། འོན་ཀྱང་། ཡང་དག་པའི་སློབ་གསོ་དར་སྤེལ་དང་ཡུན་གནས་ལ་མི་འབད་པར་མ་ཟད། ཐ་ན་དེ་གཞི་མེད་དུ་གཏོང་རྩིས་ཀྱང་བྱེད་པ་ནི་ཆེས་འཇིགས་སུ་རུང་བའི་ལས་ཤིག་སྟེ། ཚུལ་འདིས་མིའི་རིགས་ཀྱི་བློ་གྲོས་ཡོད་ཚད་ཁྱུར་མིད་དུ་གཏོང་བས་སོ།།
 ༤༢
    མིའི་རིགས་ཆོས་ལུགས་ཀྱི་ར་བ་ལས་འདའ་ཆོག་མོད་སློབ་གསོའི་འོད་ངོགས་དང་འབྲལ་མི་རུང་།  རྒྱུ་མཚན། འོད་ངོགས་དེའི་ཕ་རོལ་ནས་ཁྱོད་ལ་འཐོབ་པ་ནི་མུན་པ་ཁོ་ནའོ།།
 ༤༣
    མི་རྣམས་ཀྱི་འཚོ་བ་དང་དད་མོས། ལྟ་གྲུབ་དང་ཆ་ལུགས་སོགས་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་མྱོང་མོད། སློབ་གསོའི་གལ་ཆེན་དང་ངེས་ཤེས་ལ་སྔར་བཞིན་བརྩི་མཐོང་བྱེད་ཀྱིན་གདའ། མ་འོངས་པར་ཡང་དེ་ལྟར་ཡིན་སྲིད། 
 ༤༤

    ཨར་འདམ་གྱིས་བཟོས་པའི་ཁང་རྩེག་མང་བོ་ཞིག་མེད་ཀྱང་ཅི་སྐྱོན། ཟས་གཡོ་འཁྲུག་རྩོད་སོགས་ཀྱི་སློབ་ཚན་སྣ་མང་ཞིག་མ་འཛོམས་ཀྱང་བློ་ག་ལ་ཕམ། ང་ཚོར་མཁོ་བ། མིའི་རིགས་ལ་གལ་འགང་ཆེ་བ། དབུགས་ལྡན་ཡོད་ཚད་ཀྱི་སྤྱི་ནོར། སྣོད་བཅུད་གཉིས་ཀྱི་གསོས་སྨན། བྱམས་བརྩེ་དང་ཤེས་རབ་ཟུང་འཇུག་གི་སློབ་གསོ་ཡོད་ན། སྙིང་བོ་དང་ཡང་སྙིང་འཛོམས་ཡོད། མེ་ཏོག་དང་འབྲས་བུ་སྨིན་ཡོད།

མུ་འགོད།          


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572084
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།