ཡིག་ཚང་རྙིང་བའི་ཁྲོད་ཀྱི་རྭ་རྒྱ། རྭ་རྒྱ་བཟོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »ཡིག་ཚང་རྙིང་བའི་ཁྲོད་ཀྱི་རྭ་རྒྱ། རྭ་རྒྱ་བཟོད་པ།
ཡིག་ཚང་རྙིང་བའི་ཁྲོད་ཀྱི་རྭ་རྒྱ། རྭ་རྒྱ་བཟོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-05-08ལྟ་ཀློག (2413)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡིག་ཚང་རྙིང་བའི་ཁྲོད་ཀྱི་རྭ་རྒྱ།

རྭ་རྒྱ་བཟོད་པ།

 

   ལོ་མང་བོ་ཞིག་གི་ཡར་སྔོན་ནས་བདག་གིས་རྭ་རྒྱ་ཞིབ་འཇུག་ཅེས་པའི་རྩོམ་ཡིག་ཅིག་འབྲི་བའི་འགོ་བརྩམས་ཡོད། འོན་ཀྱང་རྩོམ་ཡིག་དེ་བྲིས་ཀྱིན་བྲིས་ཀྱིན་མཇུག་སྡུད་མི་ཤེས་པ་ཞིག་ཏུ་གྱུར་སོང་། རྒྱུ་མཚན་རྭ་རྒྱ་ནི་བྲིས་མི་ཚར་བའི་གླེགས་བམ་ཞིག་དང་ཞིབ་འཇུག་བྱེད་དཀའ་བའི་ལྐོག་གྱུར་གྱི་གསང་བ་ཞིག་ཏུ་མཐོང་། ཡིན་ནའང་བདག་གིས་འདིའི་སྐོར་མུ་མཐུད་ནས་བྲི་བར་མཚམས་བཞག་མེད། དེ་བས་ལོ་ཁ་ཤས་རིང་དཔེ་ཀློག་ཁྲོད་ནས་རྭ་རྒྱ་དང་འབྲེལ་ཡོད་དག་ལ་ཉམས་འཇོག་བྱས་པ་ཡིན། ཉེ་སྔོན་ལས་གྲོགས་ཤིག་གི་ལག་ནས་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་གཡར་ཏེ་དེའི་ནང་དབུ་ནག་མིའུ་འདྲ་ཆགས་ཞེས་པར་རགས་ལྟ་ཞིག་བྱས་ཤིང་། དེ་རྗེས་སླར་ཡང་དེབ་དེའི་འཕྲུལ་དེབ་ཅིག་བཙལ་ཏེ་རྩིས་འཕྲུལ་ལས་ཞིབ་ལྟ་ཞིག་བྱས་པ་ཡིན། དབུ་ནག་མིའུ་འདྲ་ཆགས་ནི་བོད་ཀྱི་རུས་མཛོད་ཡིག་ཚང་ཐོག་མར་བགྲང་ཆོག་ཅིང་དེའི་ནང་གདོད་མའི་འཇིག་རྟེན་ཆགས་ཚུལ་དང་། རིགས་རུས་བྱུང་སྟངས། ས་བབ་ཀྱི་གནས་ཚུལ་སོགས་བཀོད་འདུག་པས་ཤིན་ཏུ་རྩ་ཆེན་པོར་བརྩིས་ཆོག་པའི་ཡིག་རྙིང་ཞིག་ཡིན། ཡིག་ཆ་འདི་ཐོག་མར་འཚོལ་མཁན་བོད་རིག་པའི་མཁས་པ་ཧོའོ་ཧྥོས་མན་(霍夫曼)ཞེས་པ་ཡིན་ཞིང་ཁོང་གིས་བོད་ཀྱི་ཆོས་ལུགས་ཞེས་པའི་དེབ་ཏུ་བཀོད་འདུག ཕྱིས་སུ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་《ཁུ་བྱུག་སྔོན་མོའི་གསུང་དབྱངས་》ཞེས་པའི་དེབ་ཏུ་བཀོད་དེ་ཀུན་གྱི་མཐོང་ལམ་དུ་ཕུལ་བ་ནས་བཟུང་འདི་ལ་དཔྱད་བརྗོད་གནང་མཁན་དང་ཞིབ་འཇུག་བྱེད་མཁན་རྒྱལ་ཕྱི་ནང་ཀུན་ན་ཤིན་ཏུ་མང་། དེབ་འདི་ནི་བོད་ཀྱི་རུས་མཛོད་ལོ་རྒྱུས་ཀུན་གྱི་ཁུངས་ལྟ་བུ་ཡིན་པས་རུས་མཛོད་མེ་ཏོག་སྐྱེད་ཚལ་སོགས་ཀྱིས་ཀྱང་འདི་ལ་ཁུངས་བཅོལ་ཡོད་པར་སེམས། འོན་ཀྱང་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས་གནའ་སྒྲུང་ལས་ཞེས་པ་དང་། གནའ་མིའི་ངག་རྒྱུན་བྲིས་མའི་དཔེ་རྙིང་ལས་ཞེས་ལུང་ཚིག་མང་བོ་བཀོད་ཡོད་པ་ནི་དབུ་ནག་མིའུ་འདྲ་ཆགས་ཀྱི་ཚིག་རིས་ཇི་བཞིན་མིན། གང་ལྟར་སྔོན་གྱི་རུས་མཛོད་དག་གི་གཞི་བཅོལ་སའི་དཔེ་རྙིང་འདི་ལས་བདག་གིས་རྭ་རྒྱ་དང་འབྲེལ་བའི་ཚིག་གལ་འགངས་ཆེ་བ་ཞིག་མཐོང་བ་ནི་ར་རྒྱ་གྲུ་སོ་ཞེས་པ་དེ་ཡིན། དེ་བས་བདག་གིས་ར་རྒྱ་གྲུ་སོ་ཞེས་པའི་མིང་འདི་ནི་ཆེས་སྔ་བའི་དུས་ཞིག་ནས་འབོད་ཀྱིན་ཡོད་པ་དང་གཅིག་བྱས་ན་སྤུར་རྒྱལ་བཙན་པོའི་དུས་རབས་ནས་ཐོགས་ཡོད་པར་བྱས་ཀྱང་སྐྱོན་ཅི་ཡང་མེད་པར་སེམས་ཏེ། དབུ་ནག་མིའུ་འདྲ་ཆགས་ནི་ཁྲི་སྲོང་ལྡེ་བཙན་གྱི་གསུང་ཡིན་པར་ཡིག་རྙིང་དེའི་མཇུག་བྱང་ལས་གསལ་བའི་ཕྱིར། འོན་ཀྱང་ཕྱིས་ཀྱི་དཔྱད་བརྗོད་གནང་མཁན་དག་གིས་དེབ་འདིར་རྗེ་བཙུན་མར་བའི་མཚན་ཡང་དེབ་དེར་གསལ་བས་དུས་རབས་བཅུ་གཅིག་པའི་ནང་གི་གསུང་རྩོམ་ཞིག་ཏུ་འདོད་མཁན་ཡང་ཡོད། གང་ལྟར་དབུ་ནག་མིའུ་འདྲ་ཆགས་ནི་བོད་ཀྱི་ཡིག་ཚང་ཆེས་རྙིང་བའི་གྲས་སུ་གཏོགས་པས་འདི་ལ་གཞན་ལས་ལྷག་པའི་རིན་ཐང་ཆེས་ཆེར་ལྡན་ངེས།

 

   དབུ་ནག་མིའུ་འདྲ་ཆགས་ལས་རྭ་རྒྱའི་སྐོར་འདི་ལྟར་བཤད་ཡོད། ‘‘ཁམས་ཀྱི་ར་རྒྱ་གྲུ་སོ་དེར། ཕ་རོ་ཆུ་ལ་འཕངས་ནས་སྙིང་དེ་བཟུང་། རྒྱས་ཕ་རོ་ཆུ་ལ་འཕེན་པ་དེ་ནས་སྲིད།’’ཅེས་གསལ་ཞིང་མཚམས་འདིར་གཏམ་རྒྱུད་མཚར་ལ་སྡུག་པ་ཞིག་བཤད་ཡོད་པའི་དོན་མདོར་བསྡུས་སུ་བཀོད་ན། སྲིད་པའི་རྒྱལ་བུ་འཐིང་གེ་ཞེས་པ་རྨ་ཁ་བཞེར་ཡག་གི་གོང་ཁར་བསྡད་ཡོད་ཙ་ན། ཁོའི་བུ་རྒྱ་བོད་ཧོར་གསུམ་གྱིས་རེ་རེས་ཇ་གསོལ་ཞེས་ཇ་དྲངས་པར་ཁོས་བུ་གསུམ་ལས་གཅིག་གདམ་པ་ལ་བུ་གསུམ་ནང་དམེ་འོང་དོགས་ནས། ཕ་གི་ན་ཁྱེད་གསུམ་གང་མགྱོགས་ཅན་དུ་འགྲོ་ཟེར་ནས་མངགས། ཤུལ་དུ་ཕ་ནི་ལྷམ་སྒྲོག་གིས་བཅིངས་ནས་ཤི། དེས་ནས་བོད་ཀྱིས་གསོན་ཚེ་ཞབས་ཏོག་ངས་བྱས་པས། ཕ་ཤི་བའི་སྤུར་དེ་ང་དབང་ཟེར། གཞན་གཉིས་ཀྱིས་ཀྱང་དེ་ལྟར་ཟེར། དམེ་འོང་ལ་ཁད་ལ་ཐུག་ཙ་ན། དེ་ནས་སྲིད་པ་གསུམ་གྱི་ལྷ་རྣམས་བཀུག་སྟེ་སྲིད་པ་རྒྱལ་བུ་འཐིང་གེའི་སྤུར་དེ་ཕྱོགས་གསུམ་དུ་བགོས་ཤིང་རྒྱ་བོད་ཧོར་གསུམ་གྱིས་རང་གི་བགོས་སྐལ་དུ་གྱུར་བའི་ཕའི་སྤུར་ལ་ཞབས་ཏོག་བྱས་ཏེ། བོད་ཀྱིས་སྤུར་སྦྱིན་བསྲེགས་བྱེད་པའི་སྲོལ་དང་། ཧོར་གྱིས་སྤུར་དུང་དུ་སྦས་པ། རྒྱས་སྤུར་ཆུ་ལ་འཕེན་པའི་སྲོལ་སོགས་དུས་དེ་ནས་བྱུང་ཚུལ་བཤད་ཡོད།

   བདག་གིས་དབུ་ནག་མིའུ་འདྲ་ཆགས་ལས་ཁམས་ཀྱི་ར་རྒྱ་གྲུ་སོ་ཞེས་པ་དེར་བསམ་བློ་ཞིབ་ཏུ་བཏང་བ་ན་ཁམས་ཞེས་པའང་མདོ་ཁམས་ཀྱི་ཁོངས་སུ་གཏོགས་པའི་ད་ལྟའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་འདི་ནི་བོད་དབུས་གཙང་གི་ཡུལ་གྲུ་ལས་ཁམས་སམ་མཐར་གཏོགས་པ་དང་། ར་རྒྱ་གྲུ་སོ་ཞེས་པའང་རྗེ་ཀརྨ་བ་རྒྱ་ནག་ཏུ་ཕེབས་སྐབས་ཀྱི་བཞུད་ལམ་ལས་ཀྱང་ར་རྒྱ་གྲུ་སོ་ཞེས་བྱུང་བ་སོགས་གང་ཅིའི་ཐད་བསམ་ཡང་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ཡུལ་གྲུ་འདི་ལས་གཞན་པའི་ཡུལ་ཞིག་མེད་པས་མིང་འདི་ནི་ཤིན་ཏུ་གལ་ཆེ་བར་འདོད། འོན་ཀྱང་གནས་སྐབས་མིང་ཚིག་འདི་གཞིར་བཞག་སྟེ་དཔྱད་བརྗོད་ཚད་དང་ལྡན་པ་ཞིག་བྱེད་ལོངས་མ་བྱུང་ཡང་མ་འོངས་པར་ར་རྒྱ་གྲུ་སོ་ལས་འཕྲོས་པའི་རྩོམ་ཡིག་གང་མང་རེ་འབྱུང་བའི་རེ་བ་དང་ཡིད་ཆེས་ཟབ་མོ་ཡོད།

   འོན་ཀྱང་ར་རྒྱ་དང་རྭ་རྒྱ་ཞེས་ར་ལ་ཝ་བཏགས་ཡོད་མེད་ཀྱི་ཁྱད་པར་ནི། སྔོན་གྱི་ཡིག་རྙིང་མང་ཆེ་བར་ར་རྐྱང་བར་བྲིས་པ་མང་ཞིང་ཕྱིས་སུ་ར་ལ་ཝ་བཏགས་ཅན་བྲིས་དང་འབྲི་བཞིན་ཡོད། འོན་ཀྱང་འདི་ལ་འགལ་བ་མེད་དེ། སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོས་མཁའ་འགྲོའི་བརྡ་སྐད་ཐུན་མོང་མ་ཡིན་པ༌དང་། ཇོ་བོ་ཡབ་སྲས་ཀྱི་གསུང་བཀའ་གདམས་གླེགས་བམ་གྱི་ལུང་དང་བསྟུན་ཏེ་བྱང་རྭ་སྒྲེང་དགོན་པ་དང་གཉིས་སུ་མེད་པར་རྭ་རྒྱའང་ལུང་གིས་ཟིན་པས་རྭ་རྒྱ་ཞེས་བཏགས་པ་ཡིན་ཏེ། ཁོང་གི་གསུངས་ལས། རྭ་ཡིས་རྡུལ་བྲལ་གྲོལ་བའི་ཡོན་ཏན་མཚོན། །རྣམ་དག་རིག་པའི་ཡོན་ཏན་རྒྱས་མཚོན་ཕྱིར། །རྭ་རྒྱ་ཞེས་བྱ་རྡོ་རྗེས་བརྡས་བཅིངས་པའི། །རྡོ་རྗེ་གླུ་ཡིས་དབྱངས་སྙན་ཅི་ཡང་བསྒྱུར། ། ཞེས་གསུངས་ཤིང་། ར་རྒྱ་ཞེས་དུས་སྔ་མོ་ནས་འབོད་ཀྱིན་ཡོད་ཀྱང་དུས་དེ་ནས་བཟུང་ར་ལ་ཝ་བཏགས་འབྲི་བའི་སྲོལ་བྱུང་བ་མ་ཟད་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཞེས་དགོན་པའི་མཚན་ཡང་གཏན་ལ་ཕབ་འདུག་པ་སོགས་ཀྱིས་ཀྱང་གསལ་ལོ།། དགེའོ།།

 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557339
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།