ངེས་ཤེས་ཆིག་བརྒྱ་མ། ཁག་དྲུག་པ། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ངེས་ཤེས་ཆིག་བརྒྱ་མ། ཁག་དྲུག་པ། ལྡོང་ཡོན་ཏན་རྒྱ་མཚོ།
ངེས་ཤེས་ཆིག་བརྒྱ་མ། ཁག་དྲུག་པ། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-21ལྟ་ཀློག (1681)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   

ངེས་ཤེས་ཆིག་བརྒྱ་མ། 

ལྡོང་ཡོན་ཏན་རྒྱ་མཚོ། 

༥༡

     ཉ་སྟོང་ཚེས་བརྒྱད་དང་ས་ག་ཟླ་བ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་དགའ་ལྡན་ལྔ་མཆོད་སོགས་སུ། དགོན་པར་ཕྱག་སྐོར་དང་མཆོད་མཇལ་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་མོད། ལྷ་སའི་བར་སྐོར་གྱིས་གཙོས་འཛུགས་སྐྲུན་ལེགས་པའི་དགོན་མཐའ་དག་ཏུ། ཉིན་རེ་བཞིན་གཉེན་སྟོན་གྲ་སྒྲིག་ལ་པར་ལེན་མཁན་གྱི་གཞོན་ནུ་ཕོ་མོ་མང་བོས་འཚང་ཁ་རྒྱག་གིན་འདུག  འདི་ལྟ་བུ་ལ་དད་མོས་ཀྱི་འགྱུར་ལྡོག་གམ་ཉམས་རྒུད་ཟེར། 
   ༥༢
    བྱ་བ་རེ་འགའ་ལམ་ལྷོང་དང་ལེགས་གྲུབ་བྱུང་བ་ཙམ་གྱིས་ཁེངས་ཤིང་ངའོ་སྙམ་པའི་ང་རྒྱལ་བྱ་མི་རུང་སྟེ།  སྟབས་ལེགས་སྟེས་དབང་དང་སྔོན་བསགས་བསོད་ནམས་ཀྱི་སྟོབས་ཟེར་བ་ཞིག་ཀྱང་ཡོད། 
 ༥༣
     དར་རྒུད་དང་འཕོ་འགྱུར་མང་བ་འཁོར་བའམ་འཇིག་རྟེན་གྱི་རང་གཤིས་ཡིན་པས། ཚད་ལས་བརྒལ་བའི་ཚོར་འདུ་དང་བྱ་སྤྱོད་སྤེལ་མི་ཉན།  བཟང་ངན་གྱི་གནས་ཚུལ་གང་ཡིན་ནའང་སྔར་གྱི་རང་བབས་སུ་འཁོད་པའི་སྐབས་ཤིག་ཅིས་ཀྱང་ཡོད་ངེས། 
 ༥༤
    དབང་ཐང་ལ་དར་རྒུད་དང་དབང་ཤུགས་ལ་ཆེ་ཆུང་ཡོད་རུང་། ལས་འབྲས་ཀྱི་རྒྱ་མར་གཞལ་ཉིན།  དབུལ་ཕྱུག་དང་དཔོན་གཡོག་ལ་ཁྱད་པར་མེད་པར་ཐམས་ཅད་འདྲ་མཉམ་ཡིན། 
 ༥༥
     གནས་ཚུལ་ཙག་ཙིག་ཅིག་གི་ཆེད་དུ་འཁོན་རྩོད་ཆེན་མོ་བརྒྱབ་ན་དོན་མེད། དེས་ཚེ་སྲོག་འཆོར་བའི་ཚད་ལ་མ་སླེབས་ཀྱང་། སེམས་ཁམས་ལ་འགྱུར་བ་ཐེབས་ཏེ་ཡུན་རིང་བོར་རང་ཉིད་མནར་གཅོད་ཀྱི་ཀློང་དུ་ཚུད་འགྲོ། དེ་བས། གུ་ཡངས་ཅུང་ཙམ་གནོངས་དང་ཕ་རོལ་བོས་ཀྱང་བསམ་ཤེས་བྱེད་འོང་།    
 ༥༦
    གཏིང་ཟབ་པའི་རིག་གཞུང་དང་རྒྱུན་རིང་བའི་གོམས་སྲོལ་བཟང་བོ་དག་ལ་ཅི་ཙམ་དགག་པ་བརྒྱབ་ཀྱང་མེད་པར་གཏོང་དཀའ་མོད། སྣང་ཚུལ་དེས་རང་ཉིད་ཁོར་ཡུག་ཅིག་དང་ཚོགས་སྡེ་དག་ལས་ལོགས་སུ་གྱེས་ཏེ་ཁེར་རྐྱང་དུ་འགྱུར་འགྲོ་བས། གསར་བའི་སྣང་བ་དང་ཅོལ་ཆུང་གི་གཤིས་ལུགས་ལ་དང་བོ་ནས་བདག་པོ་བྱེད་ཚུལ་ཤེས་དགོས།  
  ༥༧
   ཚོགས་སྡེ་ཞིག་ལ་མཚོན་ན། ཕྱོགས་དང་རིས་སུ་གཅོད་པར་དགའ་བའི་མི་དག་ལས་གནོད་ཚབ་ཆེ་བ་ཞིག་མེད་དེ།  དེས་ཕྱིའི་སྟོབས་ཤུགས་དང་ནང་གི་མཐུན་སྒྲིལ་སོགས་སིལ་བུར་གཏོར་འགྲོ།  
 ༥༨
    གཡོ་སྒྱུས་བྱས་པའི་ལས་དག་ཀྱང་གནས་སྐབས་ལམ་འགྲོ་རྒྱུགས་པ་སོགས་ཡོད་སྲིད་མོད། ནམ་ཞིག་ཅིས་ཀྱང་ལྷང་ལ་འབུད་ངེས་ཏེ། དྲི་ངན་གྱིས་བཟུང་བའི་སྐྱག་ལུད་དག་ཐུམ་དུ་གཅུག་པའམ་ས་འོག་ཏུ་སྦས་པ་སོགས་གང་བྱས་ཀྱང་། ཡུན་མི་རིང་བར་རང་མཚང་ཕྱི་ལ་མངོན་འོང་། 
 ༥༩
   མི་ལ་ལྷན་སྐྱེས་སུ་ཡོད་པའི་རང་གཤིས་དེ་ཇི་འདྲ་ཞིག་ཡིན་ཡང་།  སེམས་ཁམས་ཀྱི་ཆ་ལ་ལེགས་བཅོས་བྱས་ན་བཟང་ཕྱོགས་སུ་འཕེལ་ཐུབ་ཅེས་ཚན་རིག་པ་དག་གིས་ཀྱང་འདོད་ཀྱིན་ཡོད། དེ་ལྟར་ན། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་དུས་ཤིག་ཀྱང་ཡོད་མི་ཆོག་ཅེས་གཟུར་གནས་དཔྱོད་ལྡན་སུ་ཞིག་གིས་སྨྲ་ཐུབ་ཨང་། 
  ༦༠
      འབྱོར་ཕྱུག་དང་དབང་ཐོབ། སྙན་གྲགས་དང་མཛེས་སྡུག་སོགས་ཡོད་ཚད་གཞན་ལ་གཤིབ་བསྡུར་གྱིས་བརྩོན་ལེན་བྱེད་པ་ནི་རང་སྡུག་རང་གིས་ཉོས་པ་ཙམ་ལས་མེད། ཐབས་ལམ་དེ་བསྐྱུར་ནས། ནམ་རྒྱུན་རང་ཉིད་ལ་བདོག་ཅིང་དབང་བ་དེས་ཡིད་ཚིམ་པར་བྱས་ན། ཁྱོད་ལ་སོས་དལ་བག་ཕེབས་ཀྱི་འཚོ་བ་དང་བདེ་སྐྱིད་ཅིག་ངང་གིས་ཐོབ་འོང་།  
 མུ་འགོད། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23588406
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།