​ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། » ​ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ།
​ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-04-20ལྟ་ཀློག (2186)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   ཁམས་སྨྱོན་ཧེ་རུ་ཀ གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ། ཁམས་སྟོད་ཡུལ་ཤུལ་ནང་ཆེན་ཟུར་མང་སྐྱོ་ཉིན་དུ་སྐྱེས། གདན་ས་ཟུར་མང་དགོན་དང་རྭ་རྒྱ་སོགས་ནས་སློབ་གཉེར་བྱས། ༢༠༡༠ལོར་རྭ་རྒྱ་ཤེས་རིག་ནོར་བུ་སློབ་གླིང་དུ་ཞུགས་ནས་༢༠༡༤ལོར་སློབ་མཐར་ཕྱིན། སྔ་རྗེས་སུ་ཡུལ་ཤུལ་དབྱངས་ཅན་མ་རྩོམ་རིག་བྱ་དགའ་དང་། ཁོར་ཡུག་རྩོམ་རིག་བྱ་དགའ། སྤྱི་ལོ་༢༠༡༨ལོ་ནས་སྤྱི་ལོ་༢༠༢༠ལོའི་བར་ནང་ཆེན་རྫོང་རིག་རྩལ་ལས་རིགས་ཁྲོད་འབུར་ཐོན་མི་སྣའི་བྱ་དགའ། སྤྱི་ལོ་༢༠༡༩ལོར་གངས་དཀར་རི་བོའི་རྩོམ་རིག་བྱ་དགའ་བཅས་ཐོབ། སྔ་ཕྱིར་བརྩམས་དེབ་དང་བསྒྲིགས་དེབ་ཉི་ཤུ་ལྷག་དཔར་བསྐྲུན་བྱས། «གངས་དཀར་རི་བོ»དང་། «ཁ་བཏགས་དཀར་པོ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»«གཙང་གསུམ་རིག་གནས་ཞིབ་འཇུག» «གཏན་ཚིགས» «ཁམས་པའི་རྩོམ་རིག་སྒྱུ་རྩལ»«གཙང་གསུམ» «ཤྭ་སྐྱ» «ཁྲིམས་ལུགས་ཚགས་པར» «ཁམས་པའི་ཚགས་པར»«དྲི་ཟའི་གླིང་བུ»སོགས་སུ་དཔྱད་རྩོམ་དང་ལྷུག་རྩོམ། སྙན་ངག་སོགས་བརྒྱ་ལྷག་སྤེལ། ད་ལྟ་«ཟུར་མང་»ལོ་དེབ་ཀྱི་རྩོམ་སྒྲིག་པའི་ལས་འགན་ཁུར་ཡོད།

 ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ།

    མི་རྒས་ཀྱིན་རྒས་ཀྱིན་ཡུལ་དྲན། བྱ་རྒས་ཀྱིན་རྒས་ཀྱིན་ཚང་དྲན་ཟེར་བའི་གནའ་མི་བོད་ཀྱི་དཔེ་ལྟར།མི་དང་དུད་འགྲོ་འདབ་ཆགས་སོགས་གང་ཡིན་རུང་ཚེ་ཡི་མཐའ་མར་རང་གི་སྐྱེ་ས་སྐྱེ་ཡུལ་ལ་དགའ་བ་ཇེ་ཆེ་དང་། དུངས་པ་ཇེ་ཟབ་ཏུ་འགྲོ་བ་ནི་ཀུན་གྱི་རྒྱུད་ལ་གཅིག་མཐུན་དུ་གྲུབ་ཡོད་པ་རེད། ཁོ་བོ་ནི་ལོ་ཚོད་ཀྱི་དབང་དུ་བྱས་ན་ད་དུང་མི་རྒན་གྱི་གྲས་སུ་བསླེབས་མེད་ནའང་། ཕ་ས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་སོགས་ལ་དགའ་བ་དང་དུངས་པའི་འདུན་པ་ནི་སྔོན་ཆད་ལས་ཇེ་ཟབ་ཏུ་གྱུར་བ་འདི་ཅི་ཞིག་གི་རྐྱེན་རེད་དམ།ང་རང་ཕ་ཡུལ་དང་བྲལ་ནས་ཡུན་རིང་སོང་ལ། ཕ་མ་སྤུན་མཆེད་དང་ལྷན་དུ་ལོ་གསར་ལ་རོལ་མ་ཐུབ་པར་ཡང་ལོ་ངོ་བཅུ་ཕྲག་གཉིས་ལྷག་འགོར་འདུག དེའང་ཕ་ཡུལ་ནས་སེན་མགོ་ཁྲག་དང་སེན་རྟིང་རྣག་གི་རྩོལ་བ་ལ་བརྟེན་པའི་དྲིན་ཆེན་ཕ་མ་གཉིས་མི་ཡུལ་དང་ཁ་བྲལ་བ་ནས་བཟུང་། ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ་དེ་རྣམ་པ་གཞན་ཞིག་ཏུ་གྱུར་ཟིན་པ་རེད་དམ།  

   ནམ་ཡང་ས་ལ་ལྷུང་མ་མྱོང་བའི་དབུ་རྨོག་བཙན་པོ་དང་། གཞར་ཡང་ཐང་ལ་དྲུད་མ་མྱོང་བའི་མེས་པོ་གོང་མ་ཚོའི་རྟུལ་ཕོད་ཀྱི་གཟི་མདངས་ཀྱིས་ངའི་ཕ་ཡུལ་ལ་ལོ་རྒྱུས་ཀྱི་བང་མཛོད་ཅིག་བསྐྲུན་ཡོད། ད་ལྟ་བསམ་ཞིང་བསམས་ན་ངོ་མ་བྲང་ཁོག་དྲོད་ཀྱིས་གཏམས་ཤིང་ངའོ་སྙམ་པའི་ང་རྒྱལ་ཞིག་དབང་མེད་དུ་སྐྱེས་འོང་། དེ་དུས་ཀྱི་ཕ་ས་ཕ་ཡུལ་གྱི་རྐང་རྗེས་ད་ལྟ་ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་པོ་ཞིག་ཏུ་གྲུབ་ཡོད་ཅིང་། དེ་དུས་ཀྱི་ཕ་ས་ཕ་ཡུལ་གྱི་གཏམ་རྒྱུད་ཡོད་ཚད་ད་དུང་ངའི་སེམས་ཀྱི་ཉིན་སྲིབ་གཉིས་ཀར་འོད་ཀྱིས་འཚེར་ཡོད། དེ་དུས་ངས་ཕ་ཡུལ་གྱི་རྫ་རིའི་མགུལ་ནས་བྲེ་སེར་འབྲོང་ཁྱུ་བཤར་བ་མཐོང་མྱོང་ལ།ངག་རྒཡུན་དུ་ཕ་ཡུལ་གྱི་རྩི་རོང་ནགས་རྫུབས་ནས་སྟག་མོས་ངར་སྐད་ཀྱང་བསྒྲགས་མྱོང་ཟེར། ཕ་ཡུལ་གྱི་དྭངས་གཙང་རྩི་ཀླུང་སྔོན་མོའི་ཀློང་ནས་གསེར་མིག་ཉ་མོས་གཤོག་རྩལ་ངོམ་བཞིན་པ་ད་ལྟའང་སྐྱེ་འགྲོ་ཀུན་གྱི་མིག་ལམ་དུ་མངོན། ཕ་ཡུལ་གྱི་རྫ་རི་དང་གཡའ་རི་དང་ཚང་ཚིང་ནགས་ཀླུང་དུ་རི་སྐྱེས་འདྲ་མིན་ཞོགས། མཐོ་ཨ་སྔོན་དབྱིངས་ནས་རྒོད་པོས་གནམ་འཕང་བསྟད། དམའ་དོག་མོ་ས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀྲ། ད་ནི་སྔོན་ཆད་ཀྱི་གནས་སྟངས་དང་བསྡུར་ཚེ་རྣར་འགྲོ་དཀའ་བ་ཞིག་ཡིན་མོད།ང་ཚོས་མ་འོངས་པའི་དུས་ཤིག་ན་སྐྱེ་ཁམས་ཁོར་ཡུག་སོར་ཆུད་ཡོང་བར་ཡིད་ཆེས་བྱ་ཆོག

         ངའི་མེས་པོ་གོང་མས་གཞིས་སྒར་འདེབས་ས་དང་། ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ་སྟེ། སྣོད་ཀྱི་འཇིག་རྟེན་དགེ་བཅུ་དཔལ་གྱིས་གཏམས། བཅུད་ཀྱི་སེམས་ཅན་འཚེ་མེད་ཞི་བས་འཚོ། སྟོད་ཀྱི་གངས་རི་དང་རྫ་རི། བར་གྱི་ནགས་ཀླུང་དང་ཚང་ཚིང་། སྨད་ཀྱི་སྤང་ལྗོངས་དང་ཆུ་བོ་སོགས་འདོད་རྒུ་ནོར་གྱི་གཏེར་མཛོད། རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་དུ་བཀྲ། འབྲུ་དྲུག་སྣ་ལྔ་མཚོ་མོ་འཕྱུར་འདྲའི་ཡུལ་དེ་ནི་ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ་ཡིན། ངའི་མེས་པོ་ཚོས་ཉིན་ཞག་གི་ཕྲེང་བ་དགའ་སྐྱོའི་དར་སྐུད་ལ་བརྒྱུས་པའི་ལོ་རྒྱུས་ཀྱི་བཞུད་ལམ་རེ་རེར། ཕྱི་རབས་པ་ཚོས་འཚོལ་སྙེག་གི་སྨོན་ལམ་གསར་བ་བཏབ་ཡོད། འོན་ཀྱང་ང་ཚོས་ཁོ་ཅག་གི་ལྷག་བསམ་དང་སྙིང་སྟོབས་ལ་ཁྲེལ་མེད་བྱས་ཏེ། མ་འོངས་འཚོལ་སྙེག་དེ་དྲང་བདེན་དང་སྤོབས་པ།ཡིད་ཆེས་དང་དག་གཙང་ཡིན་པའི་ཁས་ལེན་ཞུ་ཐུབ་མེད། དེ་བས། དེང་གི་དུས་འདིར་ཕ་ས་ཕ་ཡུལ་གྱི་སྣང་བརྙན་མཐོང་ཐེངས་རེ་རེར། བསམ་ཞིང་བསམས་ན་ངོ་མ་བྲང་ཁོག་འཁྱག་པས་བསྡམས་ཤིང་། ལྷ་ཆོས་དང་མི་ཆོས་ཀྱི་རྫོང་སྟུག་པའི་གནའ་བོའི་ཡུལ་གྲུ་ཞིག་ནས་རང་སྲོལ་མི་སྐྱོང་ཞིང་། གཞན་ལུགས་མི་འཁྱོངས་པའི་ཨ་གསར་གྱི་ཁྱུ་ཚོགས་ཤིག་དལ་གྱིས་བསླེབས་བྱུང་། འདོད་ཡོན་བསླུ་བྲིད་ཀྱི་བརྡབ་གསིག་གིས་ཁྱིམ་མཚེས་ཁག་ཡོམ་ཡོམ་སྐྱོམ་དུས། རང་ཚུགས་མི་འཛིན་པའི་ངའི་ཕ་ས་ཕ་ཡུལ་གྱི་མི་ཚོགས་སྐོར་ཞིག་ཁྱི་སྨྱོན་བཞིན་གཡམ་རྒྱུག་གི་མགོ་བོ་རི་ལས་མཐོ། དུས་བཞིའི་ཁ་ཆར་འདྲེས་མའི་གཡོ་ཟོལ་དང་། འཐོར་རླུང་འཚུབ་མའི་ང་རོའི་བར་ནས། ང་ཚོས་མེས་པོ་གོང་མ་ཚོའི་ལང་ཚོའི་མཛེས་སྡུག་གི་རི་མོ་ཕབ་མྱོང་བའི་ཕ་ས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ནས། ཐང་གི་རྡོ་ལེན་བཞིན་རུམ་གྱི་བྲོ་སྟོར་མཁན་ཤིན་ཏུ་མང་པོ་མཐོང་བྱུང་། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཞེས་གཅིག་མགོ་གཅིག་གིས་གཅོག་པའི་དུས་ཤིག་ལ། ཕ་ཡུལ་དུ་གཡོ་ཚོང་གི་རྦ་རླབས་དྲག་ཏུ་འཕྱུར་ཞིང་། ཕྲག་དོག་གི་དུག་ཆུ་དྲག་ཏུ་འཁོལ། ཁ་དགོད་ཞོར་ལ་ཁོག་རྩུབ་པའི་མི་གཤིས་ཅན་མང་དུ་འཕེལ་བཞིན་འདུག ཧམ་སྲེད་ཀྱི་ལག་པས་ཕ་ས་ཕ་ཡུལ་ནི་སྐྱ་ཐིང་ཐིང་གི་གྲམ་གཞུང་ཞིག་ཏུ་སྒྱུར་མགོ་བརྩམས་ཤིང་། རྡོ་སྲུབས་ནས་གཉོམ་ཆུང་གིས་བཞུར་བའི་ཆུ་ལག་དག་གིས་ཕ་ཡུལ་གྱི་མི་གཙང་བའི་སྙིགས་རོ་ཡོད་དོ་ཅོག་ཁུར་ནས་ཟླ་བ་གཙང་པོའི་རྒྱུན་ལ་འདྲེས། ཞིབ་ཏུ་ལྟ་དུས། ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ་དེའི་རང་ཚུགས་ཀྱི་ངོ་གདོང་ཉིན་རེ་ལས་ཉིན་རེར་འགྱུར་གྱིན་འདུག་ལ། ཐ་ན་ཕ་ཡུལ་ནས་གཞུང་དྲང་གཉོམ་ཆུང་གིས་འཚོ་བའི་གྲོང་སྟོད་སྨད་ལ་ཉུལ་བའི་ཁྱི་གུ་དག་ཀྱང་ཚར་ལ་ཉེ་འདུག ངས་ཕ་ས་ཕ་ཡུལ་གྱི་འབྱུང་འགྱུར་གྱི་གནས་སྟངས་རེ་རེ་ལ་བསམ་གཞིགས་འདི་ལྟར་བྱེད་དུས། སེམས་པ་རབ་ཏུ་སྙི་བའི་དབང་གིས་ང་ལ་སྡུག་གི་སྣོན་མ་ཞིག་བཏབ་ཅིང་སྐྱོ་བའི་སྨུག་ལོང་ཞིག་གཏིང་ནས་འཐིབས་བྱུང་།  

   མགོ་ནག་མི་ཡི་ཕ་གཙོ། དུད་འགྲོ་ཕྱུགས་ཀྱི་མ་གཙོ་ཞེས་མ་ལས་ཕ་གཙོར་འཛིན་པའི་རིག་གནས་ཁོར་ཡུག་ལས། ཕ་ས་ཕ་ཡུལ་ཞེས་པའི་མིང་ཡང་རང་གི་ཕ་གཙོ་བ་རྒྱུ་མཚན་དུ་བྱས་ཏེ་བཏགས་པ་ལོས་ཡིན་སྙམ། ཡིན་ན་ཡང་དེང་གི་བྱིས་པ་མང་པོ་ཞིག་ལ་ཕ་ས་ཕ་ཡུལ་འདི་ཡིན་ཟེར་བ་མེད་པའི་གནས་སུ་ལྷུང་ཡོད། དཔེར་ན། ཁྱོད་གང་ནས་ཡིན་ཞེས་འདྲི་དུས། ངའི་ཨ་ཕའི་ཕ་ཡུལ་ནི་ས་ཆ་ག་གེ་མོ་དང་། ངའི་ཨ་མའི་ཕ་ཡུལ་ནི་ས་ཆ་ཆེ་གེ་མོ་ཡིན་ཟེར་བ་ལས། དོན་དུ་རང་གི་ཕ་ས་ཕ་ཡུལ་དེ་གནས་གང་ཞིག་ལ་ངོས་འཛིན་དགོས་མིན་ལའང་ཐེ་ཚོམ་ཟ་བཞིན་ཡོད། ཕ་ས་ཕ་ཡུལ་གྱི་འདུ་ཤེས་མེད་པའི་བསམ་བློ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དོན་ངོ་མར་ཕ་ས་ཕ་ཡུལ་མེད་ན་ས་ཆུའི་བདག་པོ་ཟེར་བ་མེད་ལ། མི་དང་རང་བྱུང་ཁམས་ཆེན་མོའི་བར་བརྩེ་བའང་ཇི་ལྟར་ཆགས་སམ། ལོ་ཟླའི་གཙང་པོ་ཡི་བཞུར་རྒྱུན་རེ་རེ་ལས། སྐྱེ་བོ་དེ་ཚོའི་འཚོ་བའི་རིན་ཐང་གང་འདྲ་ཞིག་ལ་འགྱུར་སྲིད་དམ། ང་ཚོའི་འཚོ་སྟངས་ནི་མ་གཞི་ནས་སྣ་མང་སྣེ་འཛིངས་སུ་སྣང་ལ། འཚོ་སྟངས་རིགས་ཤིག་གི་ཆེད་དུ་རང་གི་ཕ་ས་ཕ་ཡུལ་བརྗེད་དུ་འཇུག་བཞིན་ཡོད། དེ་བས་ནམ་ཞིག་གི་ཚེ་ང་ཚོ་ནོངས་འགྱོད་སྐྱེ་སྲིད། སྐབས་དེར་ང་ཚོས་རྟོགས་སད་དང་ངེས་ཤེས་ལ་བརྟེན་ནས་རང་ཉིད་ཐེར་འདོན་བྱེད་དུས་ངོ་མ་འཕྱིས་སོང་བ་མ་ཡིན་ནམ། ཕ་མེས་ཀྱིས་ང་ཚོར་བཞག་པའི་ཤུལ་ནོར་ཉུང་མི་སྲིད། མི་བདེན་ན་ཚང་མས་རང་སེམས་ལ་ཚང་རྩིས་ཤིག་རྒྱོབས་དང་གསལ་བོར་རྟོགས་འོང་།

   ཕ་ས་ཕ་ཡུལ་ནི་ངའི་མི་ཚེ་འདིའི་ངོས་ཤིག་ཡིན་པས།དེའི་གྲུ་ཟུར་རེ་རེ་ན་ང་ལ་ནམ་ཡང་གླེང་མི་ཚར་བའི་གཏམ་རྒྱུད་ཀྱི་བང་མཛོད་ཅིག་ཡོད་ལ། རྟག་ཏུ་བརྗོད་མི་ཚར་བའི་སྐྱིད་ལ་སྡུག་པའི་ལོ་ཟླ་རེ་རེ་ཡང་དེ་རུ་ཐིམ་ནས་ཡོད། སེམས་སྙི་བའི་ང་ལ་མཚོན་ན། རྒྱུན་པར་དྲན་པའི་མེ་ལོང་གི་ངོས་སུ་ཕ་ས་ཕ་ཡུལ་འཁོར་ཞིང་། ཕ་ས་ཕ་ཡུལ་གྱི་གྲུ་ཟུར་རེ་རེ་གསལ་ལེར་འཆར་ཡོང་། ངས་དེ་ལྟར་དྲན་དོན་ནི་ང་ནི་ཆུང་ཆུང་གི་དུས་ནས་ཕ་ཡུལ་གྱི་སྣོད་བཅུད་ལ་འདྲེས་ཤིང་། དུས་བཞིའི་འཁོར་སྐྱོད་ཀྱི་ཁྲོད་དུ་རྩྭ་རྩི་ཤིང་གང་ཞིག་གནས་གང་དུ་ཐོག་མར་འབུས་ཤིང་། དུས་ནམ་ཞིག་ལ་མེ་ཏོག་སེར་ཆེན་སྤང་ཁར་འབུས་པ། བྱ་ཚང་སྙིང་ལ་རྗེ་བོ་ཞིག་ཏུ་བྱིའུ་མ་ཡིས་བྱིའུ་ཕྲུག་ལ་རྒུམ་བུ་སྟེར་བའི་གནས་དང་སྣང་བརྙན་ཐམས་ཅད་དུས་ད་ལྟའང་གཏན་དུ་བརྗེད་ཐབས་མི་འདུག ད་དུང་རང་གིས་ཁྱིམ་མཚེས་དག་ལ་ཕོག་ཐུག་བཏང་བ་སོགས་ད་ལྟ་བསམས་ན་ཡོད་ཚད་དགོད་བྲོ་བ་ཞིག་རེད་ཨང་། ང་རང་ཕ་ས་ཕ་ཡུལ་ལ་དགའ་ཞིང་ཕ་ས་ཕ་ཡུལ་ལ་དུངས་དྲགས་པས། མི་མང་པོ་ཞིག་ལ་ཕོག་ཐུག་བཏང་ཡོད་དེ། ངའི་ཕ་ཡུལ་ནི་རི་བཟང་པོ་ལྗོན་པས་ཁེངས་ཤིང་ཐང་ཡངས་མོ་སྤང་གིས་བརྒྱན་ཅིང་། ཆུ་གཙང་བོ་གྱ་གྱུས་བཞུར་བའི་ཉམས་དགའ་ཡིད་དབང་འཕྲོག་པའི་གནས་ཤིག་ཡིན་ཞེས་རྣམ་ཀུན་གླེང་བས་ཡིན་པ་འདུག དོན་དུ་ཕ་ས་ཕ་ཡུལ་དུ་ངའི་བྱིས་དུས་ཀྱི་དྲན་པ་ཡོད་ལ། རྨི་ལམ་གྱི་ས་བོན་ཡང་ཡོད་པས།  ཇི་ལྟར་བཙལ་ཡང་དགའ་སྐྱོ་ཆགས་སྡང་གི་བརྩེ་བ་ངོ་མ་དེ་ཕ་ཡུལ་ལས་གཞན་གང་ནས་ཀྱང་འཚོལ་མ་ཐུབ་པས་ཡིན། ངའི་དྲན་པའི་ཀློང་གི་ཕ་ས་ཕ་ཡུལ་དེ་རྨི་ལམ་དུའང་ཡང་དང་ཡང་དུ་རྨིས་ཤིང་། ཕ་ས་ཕ་ཡུལ་ཁོ་ན་ད་གཟོད་ངའི་དག་ཞིང་ལྟ་བུའི་སེམས་ཀྱི་གནས་མལ་དེ་ཡིན།

   ཕ་ཡུལ་དྲན་པའི་གདུང་སེམས་དང་གནས་དེ་རུ་ལོག་འདོད་ཀྱི་འདུན་པ་ཞིག་ནམ་ཡང་སེམས་སུ་ལྗིག་ཏིག་གེར་གནས་ནའང་། ངའི་ཕ་ས་གསེར་གྱི་གཞོང་བ་འདྲ་བོའི་པང་ནས་ཡིན་མདོག་དང་འཇོན་མདོག་སྟོན་མཁན་མང་དྲགས་པའི་སྟབས་ཀྱིས། ང་ཕ་ཡུལ་དུ་ལྡོག་པ་ཇེ་ཉུང་དུ་ཕྱིན་མོད། འོན་ཀྱང་ངའི་དྲན་པའི་རྩིག་ལྡེབས་སུ་ཕ་ས་ཕ་ཡུལ་གྱི་འབྱུང་འགྱུར་གྱི་གནས་བབ་འཁོར་ཡོང་། ཕྱིས་སུ་ང་ལ་ནོངས་འགྱོད་ཅིག་སྐྱེ་ཡོང་བསམ་སྟེ། རྒྱལ་པོ་ཁྲི་དང་བྲལ་ན་སྲིད་མགོ་འཆོར། བུད་མེད་རྒྱན་དང་བྲལ་ན་མཛེས་པ་ཤོར། སྟག་ཤར་ཡུལ་དང་བྲལ་ན་ཕ་ཡུལ་ཤོར་ཟེར་བའི་དཔེ་བཞིན། ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་ཕ་ས་ཕ་ཡུལ་ཞེས་པ་དེའི་རིན་ཐང་ཤེས་པས་ཕ་ས་ཕ་ཡུལ་ལ་བདག་པོ་རྒྱག་ཤེས། ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་མང་པོ་ཞིག་གི་རྩ་བ་མདོར་དེད་ན་ཕ་ས་ཕ་ཡུལ་གྱི་བདག་དབང་ཁོ་ནའི་ཆེད་ལོས་ཡིན་སྙམ།  

   སྲོལ་བཟང་གི་དྲི་བསུང་འཐུལ་བའི་བྱིས་པ་ག་ཚོད་ཅིག ནམ་ཞིག་ཚེ་ཡི་དབང་ཐང་རྫོགས་ནས་རྒས་པའི་མཐའ་མ་འཆི་བ་ལ་ཐུག་དུས། ཕྱིར་ཕ་ས་ཕ་ཡུལ་གྱི་པང་དུ་ལོག་ནས་ཕ་ས་ཕ་ཡུལ་གྱི་འབྱུང་གཞིར་འཐིམ་མཁན་ག་ཙམ་ཡོད་དམ། སེམས་ཁྲལ་ལྕི་མོ་དེས་ང་ཚོས་ཕ་ས་ཕ་ཡུལ་ལ་མཐོ་ས་ནས་རྒྱང་ལྟ་མི་བྱེད་པར། ང་ཚོས་ཤེས་རབ་ཀྱི་སྒྲོན་མེ་སྦར་ནས་རྨོངས་མུན་གྱི་དྲ་བ་གཅོད་དགོས། ང་ཚོས་གྲོང་ཁྱེར་གྱི་ངོ་གདོང་ལ་སུན་སྣང་སྐྱེས་ཏེ་ཕ་ས་ཕ་ཡུལ་གྱི་མཛེས་པ་དང་ལྷིང་འཇགས་དྲན་དུ་བཅུག་དགོས། ཕ་ས་ཕ་ཡུལ་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཀླུང་། སྐར་ཚོགས་ས་ལ་འཕོས་འདྲའི་རྟ་ནོར་ལུག་གསུམ་བཅས་གཞལ་དུ་མེད་པའི་ནོར་བུའི་བང་མཛོད་ཅིག་ཡོད་པ་ཤེས་སུ་བཅུག་དགོས། ཕ་ས་ནི་འཚོ་བའི་རྨུ་ཐག་འཐེན་ས་ཡིན་པར་ངེས་ཤེས་སྐྱེས་སུ་བཅུག་དགོས། ཕ་ཡུལ་ནི་བྱིས་བློ་གཙང་མའི་འབྱུང་གནས་སུ་བསྒོམ་དུ་བཅུག་དགོས། མདོར་ན། ཕ་ས་ཕ་ཡུལ་ནི་ང་ཚོ་སྐྱེ་བོ་ཐམས་ཅད་ཀྱི་སེམས་ཀྱི་བར་སྣང་གི་ཕོ་བྲང་དེ་ཡིན་པ་རྟོགས་ཨང་།

   དབེན་གྲོང་གི་འཚོ་བ་ཧ་ཅང་ལྷིང་འཇགས་ཆེ་ནའང་ང་ནི་སེམས་ཀྱི་ཁུར་བོ་ལྕི་དུས་ཕ་ཡུལ་དུ་ལྡོག་པའི་འདུན་པ་ཤིན་ཏུ་དྲགས་ནའང་། ལོ་འདི་འགར་ཕ་ཡུལ་དུ་ལོག་པའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་དེས་ཕ་ཡུལ་དྲན་པའི་མཚོ་མོ་དྲག་ཏུ་སྐྱོམ། རྐྱེན་ག་གེ་མོ་ཞིག་གམ། ཡང་ན་བྱ་བའི་དབང་གིས་ངས་སྔར་བཞིན་རང་གི་ཕུགས་འདུན་བཞིན་དབེན་གྲོང་བདམས་ཡོད། མཚམས་རེར་དབེན་གྲོང་དེར་མི་ཚོགས་མང་ཞིང་འདུ་འཛིའི་རྣམ་པ་ཅུང་ཆེ་བར་བརྟེན།ཚང་མས་དབེན་གྲོང་ནི་ལྷིང་འཇགས་ངང་ཏིང་འཛིན་བསྒོམ་པའི་གནས་མཆོག་ཅིག་ཡིན་མོད་དབེན་གནས་ཀྱང་ཟིང་ཟིང་ལོང་ལོང་དུ་བཏང་འདུག་ཟེར།འོན་ཏེ་ང་ལ་མཚོན་ན་ངལ་གསོའི་སྐྱིད་སྣང་ཞིག་སྦྱིན་ཏེ་ཕ་ཡུལ་དྲན་པར་འགྱུར། ང་ཆུང་དུས་ཕ་ཡུལ་ལ་ལྡོག་ཐེངས་རེར་སེམས་ཀྱི་ན་ཟུག་དང་། ཁུར་བོ། ངལ་བ་མཐའ་དག་རེ་ཞིག་ལུས་སེམས་ནས་ཡོངས་སུ་འདག་ཐུབ། དེ་བས་ཕ་ས་ཕ་ཡུལ་ནི་ངའི་སེམས་ཀྱི་བདེ་སྡུག་བཤད་ས་དང་། ང་ལ་ལྷིང་འཇགས་སྟེར་བའི་གནས་མཆོག་དེའང་ཡིན་པར་འདོད། ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ཕ་ས་ཕ་ཡུལ་གྱི་ཡོད་དོ་ཅོག་དེ་ལྟར་གསལ་ཞིང་བརྗེད་མི་ཐུབ་པ་ཅི་ཞིག་གི་རྐྱེན་ཡིན་ནམ། ང་རང་ཕ་ས་ཕ་ཡུལ་གྱི་ལག་མཐིལ་དུ་ལྷུང་བའི་ཁ་བའི་འདབ་མ་གཅིག་ཡིན་པས་རེད་དམ། ཡང་ན། ང་རང་ཚ་གདུང་གིས་གཙེ་བའི་ཕ་ཡུལ་གྱི་མར་རྡོག་ཅིག་དང་མཚུངས་པས་ཡིན་ནམ། གང་ལྟར། དུས་ད་རག་བར་དུ་ངའི་དྲན་པའི་ཕྱི་ནང་གསང་གསུམ་དུ་ཕ་ས་ཕ་ཡུལ་ཞེས་པའི་ཡིག་འབྲུ་དེ་བསྐུངས་འདུག

   ལྷག་ཏུ་ཕ་ས་ཕ་ཡུལ་ན་ཆ་མེད་རྒྱུས་མེད་དུ་འགྱུར་བཞིན་པའི་མི་རྣམས་ཀྱིས། ཁྱོད་ཀྱི་ཕ་ས་ཕ་ཡུལ་གང་ནས་ཡིན་ཞེས་དྲིས་ཚེ། མགོ་བོར་འཕྲུག་ནས་སྡོད་པ་ལས་ཕ་ས་ཕ་ཡུལ་འདི་ཡིན་ཞེས་སྟོན་མི་ཐུབ་མཁན་མང་དུ་བྱུང་བའི་སྣང་ཚུལ་སྐྱོ་བོ་དེས། ང་རང་ཕ་ས་ཕ་ཡུལ་དང་རྒྱང་དུ་བཀྱེད་མི་འདོད། ཆ་མེད་རྒྱུས་མེད་ཀྱི་མི་མང་པོ་ཞིག་ཕ་ཡུལ་གྱི་རུམ་ཁོང་ལ་བཙན་དུ་འཛུལ་བ་དེས། མ་འོངས་པར་ཕ་ས་ཕ་ཡུལ་གྱི་གནས་སྟངས་གཞན་ཞིག་ཏུ་བསྒྱུར་བར་ཤིན་ཏུ་དོགས། དེའི་ཕྱིར་ངས་ཕ་ཡུལ་གྱི་དུས་གསུམ་གྱི་གཏམ་རྒྱུད་དང་གནས་བབ་གླེང་དགོས་བྱུང་། ཕ་ས་ཕ་ཡུལ་དུ་ངའི་རྩོམ་རིག་གི་ས་བོན་འབུས་ཤིང་། ང་ལ་རྒྱུན་འཁྱོངས་དང་ཞིབ་ཚགས་ཀྱི་རང་གཤིས་ཤིག་ཀྱང་གནང་སོང་།

   ངས་ཕ་ས་ཕ་ཡུལ་ལ་བཀའ་དྲིན་ཞུ་འདོད་དེ། ལོ་ཟླའི་འཁོར་སྐྱོད་ཁྲོད་ཞེ་ལ་ཡང་ཡང་འཁོར་བའི་ཕ་ས་ཕ་ཡུལ་ཨེ། ནམ་ཞིག་གི་དུས་སུ་མི་གཤིས་གསེར་ལ་འདྲེས་ཤིང་། རང་གཤིས་དུང་ལ་འཁུ་བའི་ཕ་ས་ཕ་ཡུལ་གྱི་མི་ཚོགས་དག་རྒྱུ་འབྲས་ཀྱི་དབུ་འཕང་མཐོ་བར་ཤོག་ཅིག  ང་ཚོས་ཕ་ས་ཕ་ཡུལ་གྱི་མི་གཤིས་དྲང་མོའི་བདེན་ལུགས་མཐོང་དགོས་ཤིང་། ནམ་ཞིག་གི་ཚེ་ང་ཚོ་ཕ་ས་ཕ་ཡུལ་གྱི་པང་དུ་ལོག་སྟེ་གསེར་ལས་ལྷག་པའི་ཕ་ས་ཕ་ཡུལ་གྱི་ས་ཆུ་མེ་རླུང་གང་རུང་ཞིག་ལ་འཐིམ་དགོས། དེ་ནི་ངས་དུས་དང་རྣམ་པ་ཀུན་ཏུ་གསོལ་བ་འདེབས་ཀྱིན་པའི་སྨོན་འདུན་ཉག་གཅིག་ཡིན་ནོ། །



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23556364
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།