དཔེ་ཀློག་ཇི་ལྟར་བྱ་དགོས་པ་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དཔེ་ཀློག་ཇི་ལྟར་བྱ་དགོས་པ་ཡིན།
དཔེ་ཀློག་ཇི་ལྟར་བྱ་དགོས་པ་ཡིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-30ལྟ་ཀློག (2493)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དཔེ་ཀློག་ཇི་ལྟར་བྱ་དགོས་པ་ཡིན། 

རྨེ་གྲྭ་ཚེ་རིང་བསམ་འགྲུབ།   

༡༽དཔེ་ཀློག་གི་མོས་པ་སྐྱེད་སྲིང་བྱེད་པ།


  ཐོག་མར་དཔེ་ཆ་ལ་ལྟ་བའི་དགེ་མཚན་ཤེས་དགོས།དཔེ་ཀློག་ལས་མཁས་པར་ཆགས་པ།དཔེ་ཆ་ལས་རྨོངས་མུན་སེལ་བ།དཔེ་ཆ་ལས་སྐྱེས་བུ་མཆོག་སྐྱེད་སྲིང་ཐུབ་པ།དཔེ་ཆ་ལས་མིའི་འཇོན་ཐང་མངོན་པ།དཔེ་ཆའི་ཤེས་རབ་བོར་དུ་མེད་པ།བརླག་མི་ཐུབ་པ།བསླུ་བ་མེད་པ་སོགས་ཀྱི་དཔེ་ཀློག་གི་དགེ་མཚན་རྟོགས་དགོས།  ཨེན་དབྱིན་སི་ཐེན་གྱིས།ཤེས་རབ་དང་བརྩོན་འགྲུས་གཉིས་ལས་ངས་ནི་ཐེ་ཚོམ་མེད་པར་བརྩོན་འགྲུས་གདམས་ཏེ།འཇིག་རྟེན་ཐོག་གི་གྲུབ་འབྲས་ཐོབ་བྱེད་ཀྱི་ཨ་མ་ནི་བརྩོན་འགྲུས་རེད།ཅེས་བཤད།ཧྥུ་ཕུའུ་ཨེར་གྱིས།སློབ་སྦྱོང་ནི་གཙོ་བོ་གོ་རྟོགས་དང་སྙིང་རུས་ལ་རག་ལས་པ་ལས་སློབ་ཁྲིད་བཟོ་མཁན་ཁོ་ན་ཡོད་མེད་ལ་རག་ལས་མེད་ཅེས་བཤད།དེ་བས་རང་ལ་བརྩོན་སེམས་ལྡན་ན་དཔེ་ཀློག་ལས་གྲུབ་འབྲས་ཆེན་པོ་འབྱུང་བཞིན་ཡོད།

 ༢༽དཔེ་ཀློག་གིས་ཡར་རྒྱས་མེད་པའི་མི་གཉིས།

དཔེ་ཆར་བལྟ་བ་དང་དཔེ་ཀློག་ལ་གཞི་ནས་མོས་འདུན་མེད་པའི་རིགས་གཅིག་ཡོད་པ་རེད།དེ་འདྲའི་མི་དེ་ལ་དཔེ་ཀློག་གི་འབྲས་བུ་ལས་ཡར་རྒྱས་སོགས་ལ་རེ་བ་གཏན་ནས་མེད་པ་རེད།དཔེ་ཆ་ཁོ་ནར་བལྟས་ནས་གཞན་བསམ་བློ་གཏོང་བ་དང་བྱ་བ་སྒྲུབ་པ་བསྟན་དོན་བཀོལ་སྤྱོད་སོགས་མི་ཤེས་པའི་རིགས་གཅིག་ཡོད་པ་རེད།དེ་འདྲའི་མི་དེ་ནི་དཔེ་ཆ་ཁུར་བའི་བོང་བུ་ཞེས་འབོད་ལ་དེ་འདྲ་དེ་ལའང་རེ་བ་གང་ཡང་ཡོད་པ་མ་རེད།

 ༣༽དང་པོ་དཔེ་དེབ་འདེམས་ཤེས་པ།

  རང་གི་མི་ཚེའི་ཁ་ཕྱོགས་དང་འཚམ་པ།དམིགས་ཡུལ་དང་མཐུན་པ།ཆེད་ལས་དང་འབྲེལ་ཡོད་ཅིག་འདེམས་དགོས།  སྤྱིར་དཔེ་དེབ་ནི་མཐའ་མེད་པ་ཡིན་ཕྱིན་ནང་དོན་ཡང་གྲངས་ལས་འདས།མི་ཚེ་དང་དཔེ་ཀློག་གི་དུས་ཚོད་ཐུང་ཕྱིན་རང་དང་འབྲེལ་མེད་ཀྱི་དཔེ་དེབ་ནི་དུས་ཚོད་དུམ་བུར་གཏོང་བའི་གཏུབ་གྲི་ཡིན་པས་འབྲེལ་ཡོད་དཔེ་དེབ་འདེམས་པ་ཤིན་ཏུ་གལ།  མི་ཚེའི་ཁ་ཕྱོགས་སྒྱུར་མཁན་བཞི་ཡོད།ཆུང་དུས་ཕ་མ་དང་དགེ་རྒན།དར་ལ་བབ་དུས་གྲོགས་པོ་དང་དཔེ་དེབ་ཡིན་པས།དེབ་འདེམས་ཤེས་པ་ནི་དཔེ་ཀློག་ལས་ཀྱང་གལ་ཆེན་ཡིན།

 ༤༽བར་དུ་དཔེ་ཆ་ཀློག་ཤེས་པ།

  དཔེ་ཀློག་ལ་ཞིབ་ཀློགབསམ་གཞིག་གིས་ཀློག་པ།བསྐྱར་ཀློག  མྱུར་ཀློག  བམ་ཀློག  བསྡུར་ཀློག་སྟེ་དྲུག་ཡོད།  དཔེ་དེབ་ཅིག་ཀློག་སྐབས་ཆ་ཚང་བཀླག་དགོས་པའི་ངེས་པ་མེད།དེབ་གཅིག་གི་ཐོག་མཐའ་བར་གསུམ་དུ་ལེགས་ཆས་ཕྱུག་པ་ཉུང་བ་ནང་བཞིན་ལེགས་ཆ་མེད་པའང་ཉུང་ངུ་ཡིན།ནང་དོན་ལ་བསམ་གཞིག་གི་རིན་ཐང་ཡོད་པ་དག་ཞིབ་ཏུ་ཀློག་པ།མ་ཟད་བསམ་གཞིག་ཡང་ཡང་བཏང་སྟེ་ཡང་སྐྱར་བཀླགས་ནས་རང་ཉིད་ཀྱི་བསམ་བློ་དང་མི་ཚེའི་རིན་ཐང་གི་ལྟ་བ་ལ་ཁ་སྣོན་དང་འདུ་ཤེས་གསར་བའི་མ་རྐང་འཇོག་དགོས།དོན་གོ་དཀའ་བ་སོགས་རང་དང་མི་འཚམ་པའི་ནང་དོན་དག་དང་འཕྲད་ཚེ་མྱུར་ཀློག་ལས་དུས་ཚོད་གཟད་མི་འོས།དོན་དམིགས་བསལ་བ་ཞིག་ཀློག་དགོས་ཚེ་དང་པོ་བམ་ཀློག་དང་ནང་དོན་དེར་འཕྲད་ཚེ་ཞིབ་བལྟས་བྱས་ན་ལེགས།ནང་དོན་འགའ་ཞིག་དཔེ་ཆ་དེ་ལས་ཆ་ཚང་བསྟན་མེད་པ།དོན་གནད་ཧྲིལ་བོ་མ་རྟོགས་ཚེ་ལམ་སང་འབྲེལ་ཡོད་ཀྱི་དཔེ་ཆ་གཞན་དང་བསྡུར་ནས་དོན་གནད་ཀྱི་གོ་དོན་ལ་ཁ་གསབ་གཏོང་བ།

 ༥༽ཐ་མར་དཔེ་ཀློག་སྤྱོད་ཤེས་པ།

  དཔེ་དེབ་བཀླགས་པའི་དོན་སྙིང་ནི་བཤད་པ་ལྟར་བཀོལ་ཐུབ་པ་དེ་ཡིན།བཀོལ་མ་ཤེས་པར་མི་ཚེ་དཔེ་ཀློག་གིས་ཟད་པ་ནི་ཆེས་ཐ་ཤལ་བའི་ཀློག་སྟངས་ཏེ་དཔེ་ཆ་འཁུར་བའི་བོང་བུ་ཟེར་བ་ཡིན།དེ་ནི་དཔེ་ཆ་བཀླགས་བཀླགས་ནས་བླུན་པོར་གྱུར་སོང་བའི་མི་དེ་ཡིན་པས་དང་ཐོག་ནས་མ་བཀླགས་ན་ལེགས།  བྱ་བའི་སྟེང་ལ་བཀོལ་བ།བསམ་བློའི་སྟེང་བཀོལ་བ།འཚོ་བའི་སྟེང་བཀོལ་བ།སྔོན་ཆོས་དཔོན་ཉམས་ལེན་པ་ཞིག་ལ་སློབ་མ་མང་པོས་ཞུས་པ།སློབ་དཔོན་ལགས།ད་ང་ཚོས་ཐོས་པ་ནི་ཅི་མང་བྱས་ཟིན།ད་ནི་ཆོས་ཀྱི་ཉམས་ལེན་ཟེར་བ་དེ་གནང་རོགས་ཞུ་ཞུས་པས།ཁོང་གིས་གསུངས་དོན་ཁྱེད་ཚོ་ཧ་ཅང་དཀའ་བའི་དུས་སུ་ལམ་སང་ངལ་གསོས།སྐོམ་པའི་དུས་སུ་ཆུ་འཐུང་།ཧ་ཅང་ལྟོགས་པའི་དུས་སུ་ཟས་ཟོས་ཞེས་པ་ལས་གཞན་ཅི་ཡང་མ་གསུངས་པ་རེད།དེས་ནི་ཉམས་ལེན་མཐར་ཐུག་གི་དོན་བསྟན་ཡོད།ཁོང་གི་བསྟན་དོན་ནི་ཧ་ཅང་དཀའ་བའི་དུས་སུ་ལམ་སང་ངལ་གསོས་པ་ཡིན་ན་དཀའ་བའི་སྡུག་བསྔལ་དེ་མེད་འགྲོ་བ་ནང་བཞིན།གཞུང་དུ་བསྟན་པའི་གདམས་པ་དག་འཚོ་བའི་ཁྲོད་བཀོལ་ཐུབ་པའམ་འཚོ་བ་དཀའ་སྡུག་དང་འཕྲད་ཚེ་དེ་ལ་གདོང་ལེན་རྒྱག་ཐུབ་བྱེད་ཅིག་ཏུ་གྱུར་ཡོད་པ་ཡིན་ན་དེ་ནི་ཉམས་ལེན་གྱི་མཐར་ཐུག་ཡིན་ཞེས་པ་བསྟན་ཡོད་པ་ལྟ་བུ་ཡིན།

༦༽དཔེ་ཀློག་ལ་ངེས་དགོས་པ་བཞི།

  དང་པོ་དཔེ་ཆ་སྦྱང་དགོས།བར་དུ་དཔེ་དོན་འཚོལ་དགོས།མཐའ་མར་དཔེ་ཆ་བརྒལ་དགོས།རྒྱུན་པར་དཔེ་ཆར་བལྟ་དགོས།  བྱིས་པ་ཐོག་མར་མའི་ལག་པ་ལ་བརྟེན་ནས་ཡར་བཞེངས་དགོས་ཀྱང་མཐར་མའི་ལག་པར་མ་བརྟེན་པར་རང་ཚུགས་སུ་འགྲོ་ཐུབ་དགོས་པ་ནང་བཞིན་དཔེ་ཀློག་ལའང་གོ་རིམ་ཞིག་ཡོད་ལ།དང་པོ་དཔེ་ཆའི་ནང་དོན་འཚོལ་རྒྱུ་དང་།མཐར་དཔེ་ཆ་ལས་བརྒལ་བའི་རང་རྟོགས་ཀྱི་བསམ་བློ་ཞིག་རྙེད་དགོས།རེད་དེ་རྒྱུན་པར་དཔེ་ཆ་བརྗེ་བའམ་དཔེ་ཀློག་དང་ཁ་འབྲལ་མི་རུང་།དཔེ་ཀློག་དང་བྲལ་བའི་ཉིན་མོ་ནི་བསམ་བློ་མཚམས་ཆད་པའི་ཉིན་མོ་ཡིན་ཞེས་བཤད་ཡོད་པ་ཡིན།

  ༧༽དཔེ་ཆ་ཀློག་ཚེ་ཐོན་དགོས་པ་བཞི།

   དཔེ་ཆ་ཀློག་ཚེ་ངེས་པར་བསླེབ་དགོས་པ་བཞི།མིག་བསླེབ་དགོས་པ།ཁ་བསླེབ་དགོས་པ།སེམས་བསླེབ་དགོས་པ།ལག་བསླེབ་དགོས་པ་བཞི་ཡིན།  མིག་མ་བསླེབ་ཚེ་དཔེ་ཆ་ཀློག་མི་ཐུབ་པ་ནང་བཞིན་ཁ་ཡང་བསླེབས་ནས་དག་པར་བཀླག་དགོས།མི་གང་མང་ཞིག་ལ་གོམས་འདྲིས་སུ་ཡོད་པ་ནི་ཁ་མ་ཐོན་པར་ཡིད་ཀློག་བྱེད་པ་དེ་རེད།སྒྲ་མེད་པ་སྟེ་ཁ་མ་འགུལ་བར་བཀླགས་ན་ཡིད་འཛིན་འཆོར་སླ་བ།ནང་དོན་རྟོགས་པར་རྒྱང་རིང་བ།ཚིག་ཡིད་ལ་ངེས་དཀའ་བ་སོགས་མངོན་གསལ་ཡིན་པས་ཁོར་ཡུག་དང་བསྟུན་ཏེ་སྒྲ་ཐོས་པར་བཀླགས་ན་གོང་གི་སྐྱོན་དེ་དག་ལས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་བཞིན་ཡོད།སེམས་མ་བསླེབས་ན་ཨ་མཆོད་ཀྱི་ཁ་འདོན་དང་བྱིས་པ་ཡིག་བྱང་བ་ནང་བཞིན་ཆུ་བཞུར་བ་ལྟར་ཟད་འགྲོ་བས་ངེས་པར་སེམས་དཔེ་ཀློག་དང་འབྲལ་མི་རུང་།ཡིད་འཛིན་བཟང་པོ་ལས་སྨྱུ་གུ་ཆག་པོ་དགའ་ཟེར་བ་ནང་བཞིན་སེམས་འགུལ་སློང་བ་དང་དགོས་གལ་ཆེ་བའི་དོན་གནད་ཀྱི་རིགས་ཟིན་ཐོར་འགོད་དགོས་པ་རེད།

 ༨༽སྤྱོད་བདེ་འོང་བར་ཟིན་ཐོ་འགོད་པ།

  བསམ་གཞིག་གི་ཟིན་ཐོ།རྒྱུ་ཆའི་ཟིན་ཐོ། ཡིད་འཛིན་གྱི་ཟིན་ཐོ་གསུམ་ལས།   བསམ་གཞིག་གི་ཟིན་ཐོ་ནི་དེབ་ཀྱི་ནང་དོན་ལས་འཕྲོས་ཏེ་རང་གིས་གསར་བྱུང་གི་བསམ་བློ་ཟིན་ཐོར་འགོད་པ་དེ་ནི་དཔེ་ཀློག་གི་ཁྲོད་ཆེས་རིན་ཐང་ལྡན་པ་ཞིག་ཡིན།མ་བཤུ་ཇི་བཞིན་ཐོ་འདེབས་པ་ནི་མཁོ་གལ་ཆེ་དུས་ཚིག་ཇི་བཞིན་བཀོལ་ཆོག་པའི་རྒྱུ་ཆའི་ཟིན་ཐོར་བྱ་ཆོག  ཡིད་འཛིན་གྱི་ཟིན་ཐོ་ནི་སྡོམ་ཚིག་དང་ལུང་ཚིག་སོགས་སེམས་ལ་འཛིན་ཆེད་དུ་ཐོ་འགོད་བྱས་པ་དེ་ཡིན་ལ།དེ་ལ་ཡོང་ཁུངས་དང་ཚིག་རིས་ཇི་བཞིན་རྩོམ་པ་པོ་གསུམ་ལ་ཆད་ལྷག་དང་ཁ་གསབ་མེད་པར་དངོས་འབྲི་གནང་བ།   ཟིན་ཐོ་འབྲི་ལུགས་ལ།རྟགས་རྒྱག་པ།མཆན་འགོད་པ།ཟུར་དེབ་ཏུ་ཟིན་ཐོ་འགོད་པ་བཅས་གང་བདེར་བྱ་ཆོག 

 ༩༽དཔེ་ཀློག་གིས་རང་གི་བྱ་སྤྱོད་སྒྱུར་དགོས།

  ཆོས་འཇིག་རྟེན་གང་གི་ཕྱོགས་ནས་བཤད་ཀྱང་དཔེ་ཀློག་གིས་རང་གི་སེམས་ཁམས་དང་བྱ་སྤྱོད་ལ་འགྱུར་བ་གཏོང་ཐུབ་དགོས།དཔེ་དེབ་ཀྱི་ནང་དུ་ཁྲིམས་ལུགས་སྲུང་དགོས།མི་གསོད་པ་དང་རྐུ་བྱེད་མི་རུང་ཞེས་བཤད་པའི་དཔེ་ཆ་རྒྱུན་པར་ཀློག་བཞིན་ཤེས་བཞིན་དུ་མི་བསད་པ་ཡིན་ན་བྱ་བའི་སྟེང་དུ་བཀོལ་མ་ཐུབ་པ་རེད།སྐབས་དེར་ངེས་པར་དུ་དཔེ་ཀློག་གི་ཁྲོད་ཀྱི་ཤེས་བྱ་དེ་ཡིད་ལ་དྲན་ནས་མི་མ་བསད་པ་ཡིན་ན་དཔེ་ཀློག་དེ་བྱ་བའི་སྟེང་དུ་བཀོལ་ཐུབ་སོང་བ་རེད།རང་གི་མི་ཚེ་དང་མདུན་ལམ་ལ་ཕན་པ་དང་བདེ་སྐྱིད་སྐྲུན་ཐུབ་སོང་བ་ཡིན།དེ་ལས་གཞན་དུ་ཕན་པ་ཟེར་བ་ཞིག་དེབ་ཀྱི་བར་གསེང་ནས་ལྷུང་འོང་རྒྱུ་ཞིག་ཡོད་མི་སྲིད།  དེ་བཞིན་དེབ་ནང་དུ་རྒྱུན་པར་གཞན་ལ་ཕྲག་དོག་དང་འདོད་ཧམ་ངན་སེམས་ངན་སྨྲས་སོགས་འཆང་མི་རུང་།དེས་གཞན་ལ་མི་གནོད་རང་གི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པ་ཡིན་ཞེས་པའི་དེབ་ཀྱི་ནང་དོན་དག་ཡིད་ལ་འཆར་ནས་རང་གིས་སེམས་རང་གིས་བདག་སྐྱོང་ཐུབ་པ་ཡིན་ན་དཔེ་ཀློག་དེ་བསམ་བློའི་སྟེང་དུ་བཀོལ་ཐུབ་སོང་བ་ཡིན།  དེ་བཞིན་ཆོས་གཞུང་དུ་ལས་ཉོན་སྤོང་བར་གདམས་ནའང་རང་རྒྱུད་ལ་སྒྱུར་བཅོས་རྒྱག་མ་ཐུབ་ན་དཔེ་ཀློག་ནི་དུས་ཚོད་གཏོང་བྱེད་ཙམ་ཞིག་ལས་དོན་སྙིང་གང་ཡང་མེད།  དུས་རྒྱུན་ཁོར་ཡུག་དང་ཟས་གོས།ལུས་ཀྱི་ཕྱི་ནང་གི་གཙང་སྦྲ་ལེགས་པར་བྱེད་དགོས།དེ་ནི་བདེ་ཐང་གི་རྨང་གཞི་ཡིན།བཟའ་བཏུང་དང་སྤྱི་རྫས་ལ་གྲོན་ཆུང་བྱོས་དང་།དེ་ནི་ཀུན་སྤྱོད་ཀྱི་དཔེ་དེབ་གསོན་པོ་ཡིན་ལྟ་བུ་དག་དེབ་ཀློག་ཚེ་མཐོང་ནའང་རྒྱུན་ལྡན་འཚོ་བའི་ཁྲོད་གཙང་སྦྲ་སོགས་བྱེད་པ་ལ་སྐུལ་འདེད་དང་ཡར་སྐྱེད་མ་ཐོན་ན་དཔེ་ཆ་བཀླགས་པ་དེ་འཚོ་བའི་སྟེང་བཀོལ་མ་ཐུབ་པ་རེད།དོན་སྙིང་ཆེར་མེད་པས་དུས་ཚོད་དང་དཔལ་འབྱོར་ཟད་པ་དེ་ཙམ་དུ་ཟད། དེ་བས་དཔེ་ཀློག་གི་ཉིང་དགོས་ནི་འདོན་ཤེས་པ་དང་།དོན་གོ་བ།བློར་འཛིན་ནུས་པ།འཆད་ཤེས་པ།རྩོད་མཁས་རྐྱང་རྐྱང་རྩ་བ་ནས་མ་ཡིན་པར་གཙོ་བོ་དེ་འཚོ་བའི་ཁྲོད་སྤྱོད་ཤེས་པ་དང་བཀོལ་ཐུབ་པ་དེ་དཔེ་ཀློག་གི་གྲུབ་འབྲས་གལ་ཆེན་དེ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570061
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།