༼གྲུ་སོ་སྟོད་པའི་དམངས་ཁྲོད་བྲོ་ཚིག་ཕྱོགས་བསྡུས༽ཀྱི་མགོ་བརྗོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »༼གྲུ་སོ་སྟོད་པའི་དམངས་ཁྲོད་བྲོ་ཚིག་ཕྱོགས་བསྡུས༽ཀྱི་མགོ་བརྗོད
༼གྲུ་སོ་སྟོད་པའི་དམངས་ཁྲོད་བྲོ་ཚིག་ཕྱོགས་བསྡུས༽ཀྱི་མགོ་བརྗོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-15ལྟ་ཀློག (1575)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 མགོ་བརྗོད།

--༼གྲུ་སོ་སྟོད་པའི་དམངས་ཁྲོད་བྲོ་ཚིག་ཕྱོགས་བསྡུས༽ཀྱི་མགོ་བརྗོད།


             དེ་ཡང་རང་རེ་བོད་མི་རིགས་ནི་ཆེས་གནའ་སྔ་མོ་ཞིག་ནས་བཟུང་གླུ་གར་རིག་གནས་ལ་དགའ་ཞེན་ཆེ་ཞིང་གླུ་གར་སྒྱུ་རྩལ་ཧ་ཅང་དར་ཆེ་བའི་མི་རིགས་ཤིག་ཡིན་ལ། ཚང་མའི་བཤད་རྒྱུན་ལའང་གོམ་པ་སྤོ་ཤེས་པ་ཙམ་ནས་བྲོ་འཁྲབ་ཤེས་ལ། སྐད་ཆ་བཤད་ཤེས་པ་ཙམ་ནས་གླུ་ལེན་ཤེས་ཞེས་པའི་བཤད་ཚུལ་ཡོད། འདི་ལྟར་བཤད་ཡོང་ན་ཁ་ཤས་ཀྱིས་གླུ་གར་ལ་གཡེང་ནས་སྡོད་པ་ནི་མི་རིགས་རྐྱལ་སྟོང་དང་དུས་ཚོད་འདའ་ཐབས་བྱེད་པ་ཞིག་ཡིན་པར་སྨྲ་མཁན་ཡང་ཡོད་ལས་ཆེ་མོད། གླུ་གར་སྒྱུ་རྩལ་ལ་དགའ་ཞིང་དེ་དར་སྤེལ་དང་གསར་རྩོམ་བྱེད་པ་ནི་དོན་གྱིས་རིག་གནས་སྒྱུ་རྩལ་དར་བའི་རྟགས་མཚན་ཞིག་ཡིན་པ་ལས་དུས་ཚོད་འཕྲོ་བརླག་ཏུ་གཏོང་བའི་ཆོ་མེད་ཀྱི་ལས་ཀ་ཞིག་ནི་ལར་ནས་མ་ཡིན།
            དེས་ན་རང་རེ་བོད་ཀྱི་དམངས་ཁྲོད་ཀྱི་གླུ་གར་འདི་ལ་ཁྱད་ཆོས་ཇི་འདྲ་ཡོད་དམ་ཞེ་ན། འདི་ལ་ཕྱོགས་མང་བོ་ཞིག་ནས་ཁྱད་ཆོས་མང་དུ་ཡོད་དེ། ཐོག་མར་གླུ་འདི་ལ་རིག་གནས་ཀྱི་ངོས་ཐད་ནས་བལྟས་ན། དམངས་ཁྲོད་གླུ་ཚིག་མང་ཆེ་བའི་རྗོད་བྱེད་ཚིག་གི་སྡེབ་ལེགས་ལ་བབ་ཆགས་ཤིང་།  གོང་འོག་འབྲེལ་ཆགས་པ། བརྗོད་བྱའི་དོན་ཕུན་སུམ་ཚོགས་ལ་མི་རིགས་རིག་གནས་ཀྱི་སེམས་ཁམས་མངོན་པར་མཚོན་པ། དཔེར་ན། འོ་མ་འཕོ་ན་དཀར་དཀར།། དཀར་ཡོལ་ཆག་ན་དཀར་དཀར།། མ་ཤི་བསམ་པ་དཀར་དཀར།། ཤི་ན་རུས་པ་དཀར་དཀར།། ཞེས་པ་ལྟ་བུའི་ཚིག་དུམ་འདི་ལ་མཚོན་ན། ཚིག་གི་ཆ་ནས་སྡེབ་ལེགས་ལ་འབྲེལ་ཆགས་པ། དོན་གྱི་ཆ་ནས་ང་ཚོ་བོད་མི་རྣམས་ནི་དུས་དང་རྣམ་པ་ཀུན་ཏུ་གཞན་ལ་བསམ་པ་དཀར་བོ་འཛིན་ཞིང་། དེ་ཡང་ཚེ་འདི་ཙམ་མ་ཡིན་པར་འདི་ཕྱི་གཉིས་ལ་བསམ་བློ་གཏོང་བའི་མི་རིགས་ཤིག་ཡིན་པ་གསལ་བོར་མཚོན་ཡོད། ཡང་། མི་ཚེའི་སྐྱིད་སྡུག་ཟེར་བ།། སེམས་ཀྱི་ལྟ་སྟངས་ཡིན་འགྲོ།། ཕྱུག་པོ་སྤྲང་བོ་གཉིས་དེ།། ཤི་དུས་དབྱེ་བ་མི་འདུག། ཅེས་པ་ལྟ་བུས་མཚོན་འཇིག་རྟེན་ལྟ་ཚུལ་གསལ་བར་མཚོན་པའི་ཚིག་ཡག་པོ་རྫོགས་མཐའ་མེད། མདོར་ན་ཚིག་གི་ནང་དོན་གྱི་ཆ་ནས་རང་བྱུང་ཁམས་ཆེན་པོའི་མཛེས་སྡུག་ལ་སྨོན་པ་དང་། བླ་མ་དགེ་བའི་བཤེས་གཉེན་དང་དམ་པ་གོང་མ་རྣམས་ཀྱི་ཡོན་ཏན་བརྗོད་པ། ཕ་མ་མཛའ་བཤེས་སོགས་ཀྱི་བཀའ་དྲིན་དྲན་པ། གཡང་ཟོག་སེམས་ཅན་གཙོས་འཚོ་རྟེན་ལ་བསྟོད་པ་བཅས་སུ་འདུ་ཞིང་། དེ་དག་ཐམས་ཅད་ཞི་བདེ་བག་ཡངས། རང་དབང་གི་འཚོ་བར་རོལ་བས་དག་པའི་ཞིང་ཁམས་ལྟ་བུ་ཞིག་ཏུ་སྣང་བར་བྱེད་པས། དེང་སྐབས་ཀྱི་བཤད་སྟངས་ལྟར་ན། མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་དང་། མི་དང་སྲོག་ཆགས་བར་གྱི་འཆམ་མཐུན། མི་དང་མིའི་བར་གྱི་འཆམ་མཐུན་བཅས་མངོན་པར་མཚོན་པའི་གླུ་ཚིག་ཤ་སྟག་ཡིན་པས། རང་རེའི་དམངས་ཁྲོད་གླུ་གཞས་འདིས་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། སྣོད་བཅུད་དོ་མཉམ་བཅས་ལའང་ནུས་པ་གལ་ཆེན་འདོན་ཐུབ་པའི་དགེ་མཚན་ཡར་ལྡན་དུ་ཚང་ཡོད་པ་ལྟ་བུ་ཡིན།
               དེ་ནས་གདངས་ཀྱི་ངོས་ཐད་ནས་བཤད་ན། སྤྱིར་རོལ་དབྱངས་ཀྱི་གཞུང་ལུགས་དང་སྦྱར་ན་བཤད་བྱ་མང་ཡང་། མདོར་ན་དམངས་ཁྲོད་ཀྱི་གླུ་མང་ཆེ་བའི་དབྱངས་ཀྱི་འགྱུར་ཁུག་སྙན་ལ་དབྱངས་འགྲོས་རྙོག་འཛིང་མིན་པས།  སྐད་ངག་ཡོད་མེད་ཀུན་གྱིས་ངག་ལ་འགུག་བདེ་བའི་ཁྱད་ཆོས་མངོན་པར་ལྡན་ཡོད།    དབྱངས་ཀྱི་འདེགས་འཇོག་སྟབས་བདེ་ཡིན་པས་ལན་རེ་གཉིས་ཉན་པ་ཙམ་གྱིས་དབྱངས་རྟ་བློ་ལ་ངེས་ཐུབ་པ། དེ་ལས་ཀྱང་དམངས་ཁྲོད་ཀྱི་གླུ་མང་ཆེ་བའི་དབྱངས་འགྲོས་ལ་བསྐྱར་བཟློས་ཀྱི་རྣམ་པ་ཅུང་མང་ཡང་། དེ་ལ་སུན་སྣང་སྟེར་བའི་ཞན་ཆ་མེད་པ་མ་ཟད། ལྷག་པར་སྙན་ཆ་ལྡན་པའི་ཚོར་སྣང་སྟེར་ཐུབ་པ་སོགས་ཁྱད་ཆོས་མངོན་པར་འཕགས་པ་མང་བོ་ལྡན། དེ་ནས་གླུ་ཙམ་གྱི་ངོས་ཐད་ནས་བལྟས་ན། མ་མཐའ་ཡང་སེམས་ལ་དགའ་སྐྱོའི་ཚོར་བ་དྲག་པོ་སྟེར་ནུས་ལ་སྙན་དབང་གསོ་བའི་བདུད་རྩི་ཉིད་དུ་གྲུབ་པས། སེམས་དགའ་སྡུག་གཉིས་ཀར་གླུ་ལ་ཉན་པས་སེམས་ཀྱི་གནོན་ཤུགས་དང་དཀའ་ངལ་མང་བོ་ཞིག་རང་ཤུགས་ཀྱིས་ཡལ་འགྲོ་བ་སོགས་སེམས་ཁམས་བདེ་ཐང་ལ་ཡང་ཕན་པ་མངོན་གསལ་ཡོད། 
             དེ་ནས་གར་གྱི་ངོས་ཐད་ནས་བཤད་ནའང་མི་རིགས་རང་གི་འཚོ་བའི་གོམས་གཤིས་སོགས་ཀྱི་ཁྱད་ཆོས་མངོན་པར་ལྡན་ལ་གར་གྱི་སྟངས་སྟབས་རེ་རེ་ལ་འཚོ་བའི་རྒྱབ་ལྗོངས་ཡོད་ལ། དེ་དང་མཐུན་པའི་མཛེས་པའི་ཉམས་འགྱུར་ལྡན་པས། མིག་གི་ལོངས་སྤྱོད་འཛད་མེད་ཅིག་ཡིན་ལ། ཀུན་གྱི་མིག་དབང་གསོ་བའི་ལྟད་མོ་རྨད་དུ་བྱུང་བ་ཞིག་ཡིན། ཐ་ན་གར་འཁྲབ་པས་ལུས་ལ་ལྡེམ་མྱུར་ལྡན་པས། ལུས་པོ་སྦྱོང་བརྡར་དང་སེམས་ཁམས་བག་ཡངས་སོགས་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཡང་ཕན་པ་ལགས་སོ།།
         ཡིན་ན་ཡང་མིག་སྔར་རང་རེའི་སློབ་གསོའི་གནས་བབ་ལ་བལྟས་ཡོང་ན། གཞུང་ལུགས་རང་བཞིན་ཅན་གྱི་མཁས་པའི་རིག་གནས་ཙམ་སློབ་ཁྲིད་བྱེད་པ་ལས། དམངས་ཁྲོད་ཀྱི་གླུ་གར་དང་གཏམ་དཔེ། སྒྲུང་སོགས་གཙོ་བོ་ངག་ཐོག་རང་བཞིན་ཅན་གྱི་ཕལ་བའི་རིག་གནས་དག་སློབ་གྲྭའི་ར་བ་ནས་སློབ་དཀའ་ལ། ཐ་ན་ཐོས་ཀྱང་དཀོན་པའི་ཚོད་དུ་གྱུར་ཡོད། ད་དུང་དེ་ལས་ཀྱང་ཚབས་ཆེ་བ་ནི་བརྡ་འཕྲིན་སོགས་ཧ་ཅང་དར་ཆེ་བའི་དུས་རབས་འདིར། ཕྱིའི་རིག་གནས་སྣ་མང་གིས་ཟར་ཟུར་ནས་ཤུགས་རྐྱེན་ངན་པ་ཐེབས་དྲགས་ཏེ་གཞོན་སྐྱེས་མང་བོ་གཡམ་རྒྱུག་ལ་བྲེལ་བཞིན་རང་རེའི་སྲོལ་རྒྱུན་གྱི་གླུ་གར་འདིར་དགའ་མོས་དང་སློབ་སྦྱོང་བྱེད་པ་ཇེ་ཞན་དུ་འགྲོ་བཞིན་པའི་སྣང་ཚུལ་ནི་ཡིད་སྐྱོ་བའི་གནས་སུ་འཁུམས། དེའང་རང་རེའི་མེས་པོ་གོང་མ་ཚོས་ཕྱི་རབས་པར་བཞག་པའི་རིན་ཐང་གཞལ་དུ་མེད་པའི་སྒྱུ་རྩལ་རིག་གནས་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བར་འགལ་རྐྱེན་རི་རབ་འདྲ་བ་ཞིག་ལ་འཕྲད་བཞིན་པའི་ངན་རྟགས་ཤིག་ཏུའང་མཐོང་།  དེས་ན་ང་ཚོས་མཐུན་རྐྱེན་ཉུང་ལ་འགལ་རྐྱེན་མང་བའི་དུས་སྐབས་ཙམ་ལ་ལེ་བདའ་དང་འཁང་ར་བྱེད་པ་ལས།  མེས་པོ་གོང་མས་བཞག་པའི་རྩ་ཆེའི་སྒྱུ་རྩལ་རིག་གནས་འདི་དག་ལ་རྒྱུས་ལོན་དང་། ཞིབ་འཇུག  དེ་བཞིན་སློབ་སྦྱོང་བཅས་བྱེད་རྒྱུ་ནི་གཟུར་དུ་མེད་པའི་འོས་འགན་ཉག་གཅིག་ཏུའང་མཐོང་།  
           དེས་ན་རང་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་སློབ་བུ་འདིས་མེས་པོས་བཞག་པའི་ཤུལ་ནོར་རྩ་ཆེན་འདི་ཉིད་རྒྱུད་འཛིན་གྱི་ཆེད་དུ། དཀའ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་ངལ་བ་མང་བོ་དང་དུ་བླངས་ནས་དབྱར་དགུན་གནང་གི་དུས་ཚོད་མང་བོ་ཞིག་བེད་སྤྱད་དེ་ཁོའི་ཕ་ཡུལ་གྱི་རྒན་རབས་པ་དུ་མའི་གམ་ལ་བཅར་ནས་ནུབ་ལ་ཉེ་བའི་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་ཚིག་མང་བོ་ཞིག་འཚོལ་བསྡུ་བྱས་ཏེ་ཟིན་ཐོར་བཀོད་འདུག་ལ། ད་ནི་མ་ཡིག་ལེགས་སྒྲིག་དང་ཞུ་དག་བཅས་ལེགས་པར་གྲུབ་སྟེ་པར་སྐྲུན་ལ་བྲེལ་བཞིན་པར་བལྟས་ན། སློབ་བུ་འདི་ལ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་སྙིང་སྟོབས་ལྡན་ཞིང་། རང་གི་རིག་གནས་ལ་བློ་དཀར་བའི་རྣམ་པ་གསལ་བོར་མཐོང་བས། སློབ་བུ་ཁོང་གི་རེ་སྐུལ་ལྟར་རང་ནུས་གང་ཡོད་ཀྱིས་མ་ཡིག་ལ་ཞུ་དག་གཏོང་རོགས་བྱས་པ་ཡིན་ལ། རྗེས་སུ་ཡི་རང་དང་བསྔགས་བརྗོད་བཅས་གླེང་བརྗོད་ཅིག་ཀྱང་འབྲི་ཁུལ་བྱས་པ་ཡིན། 
           མཐར་སློབ་བུ་ཁོང་གིས་འཚོལ་བསྡུ་བྱས་པའི་བྲོ་ཚིག་འདི་དག་གིས་བོད་གངས་ཅན་གྱི་གླུ་གར་རིག་གནས་འདི་སྔར་ལས་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག་ཅེས་བཀྲ་ཤིས་སྨོན་འདུན་ཞུས་པ་ལགས།


ཞེས་སྤྱི་ལོ་༢༠༢༢ལོའི་ཟླ་༦ཚེས་༡༧ཉིན་བྲོ་ཚིག་འཚོལ་བསྡུ་བ་སློབ་བུ་ཡོན་ཏན་རྒྱ་མཚོས་སྐུལ་ངོར་དགེ་མིང་ཙམ་འཛིན་པ་ཨ་མཆོག་མགོན་པོ་སྐྱབས་ཀྱིས་བྲིས་པ་དགེ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23671786
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།